Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
གླུད་འཕྱོང་ལྷན་ཐབས་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགླུད་འཕྱོང་ལྷན་ཐབས་བསྡུས་པ།next

གླུད་འཕྱོང་ལྷན་ཐབས་བསྡུས་པ།


CMR038_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་འཕྱོང་ལྷན་ཐབས་བསྡུས་པ་ནི། ཧཱུྃ། བགེགས་རྒྱལ་བྱི་ན་ཡ་ཀ་ནི། །བགེགས་རིགས་ཀུན་གྱི་སྡེ་དཔོན་ཆེན་པོ་ཡིན། །སྟོང་གསུམ་བདག་པོ་སྤྲིན་གྱི་སྒྲོན། །རྡོ་རྗེ་མཆུ་ལ་སོགས་པ་ཡི། །གཙོ་བོ་གདོན་ཆེན་བཅོ་བརྒྱད་དང་། །བྱི་སྦའི་གདོན་ཆེན་བཅོ་ལྔ་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །ལན་ཆགས་བདག་པོ་ཐམས་ཅད་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་རྐྱེན་སྲོག་གླུད་ངར་མི་འབུལ། །ཆངས་རྗེས་དྲི་གླུད་ཤེལ་ཚིགས་སྦྱིན། །གཤེད་པོ་ཡབ་རྗེ་ནག་པོ་དང་། །ཁྱི་འབྲུག་གླང་ལུག་གཤེད་ཀྱི་ཕ། །གློག་འགྱུ་མ་ནི་གཤེད་ཀྱི་མ། །གཤེད་བུ་ཕྱོགས་བཞིའི་སྐྱ་པ་བཞི། །མི་ནག་ཁྲམ་ཐོགས་བཅུ་གསུམ་དང་། །དུར་གྱི་ཕྲ་མེན་མཆེད་བཞི་སོགས། །ཟ་བའི་འདྲེ་དང་ཤི་བའི་གཤེད། །ཐམས་ཅད་གླུད་འདིས་ཚིམ་གྱུར་ཅིག །བསེ་རག་རྒྱལ་པོ་གཞོན་ནུ་པ། །མི་རྒན་ཁོ་ཤོག་གྱོན་པ་སོགས། །བསེ་རག་ལྟོགས་འགོང་དབུལ་སྲི་རྣམས། །གླུད་འདི་ཁྱེར་ལ་མྱུར་དུ་སོང་། །ལྟེ་ཕུར་ནག་མོ་བྱ་མཆུ་མ། །ཕོ་གྱོང་གཟའ་ནི་དཔོན་གཡོག་གསུམ། །འདྲེ་སྲིན་ནག་པོ་འཁོར་བཅས་རྣམས། །


CMR038_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ངར་མི་ཚངས་སྤྱོད་ཁྱེར་ལ་སོང་། །གཞན་ཡང་བདག་དང་ཡོན་བདག་ལ། །ཚེ་རབས་ཐོག་མ་མེད་པ་ནས། །ཟས་ནོར་སྲོག་གི་ལན་ཆགས་པའི། །ཟ་རེ་འཐུང་སྐོམ་བྱེད་པ་ནི། །འདྲེ་ངན་གདོན་རིགས་མ་ལུས་པ། །ངར་མི་ཤ་དུམ་ཆངས་བུ་དང་། །འབྲུ་ནག་རམ་རུག་སྦང་མ་སོགས། །ཡས་སྟགས་འདི་ཡིས་ཚིམས་གྱུར་ནས། །བུ་ལོན་ལན་ཚགས་བྱང་གྱུར་ཅིག །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཁྱེད་ཅག་མི་རྟག་ཚེ་འཕོས་ཚེ། །རང་བྱས་རང་ལ་སྨིན་གྱུར་ནས། །མནར་མེད་སྡུག་བསྔལ་ཡ་རེ་ང་། །དེ་བས་མ་གནོད་གཞན་དུ་དེངས། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །ཅེས་ངར་མི་འཕང་ངོ། །ཀརྨ་ཨ་རཱ་གས་སྦྱར་བའོ།། །།


previousགླུད་འཕྱོང་ལྷན་ཐབས་བསྡུས་པ།next