Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
གསེར་སྐྱེམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསེར་སྐྱེམས།next

གསེར་སྐྱེམས།


CMR038_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གསེར་སྐྱེམས་མེད་ན་ཛ་གད་ཕུད་ནང་དུ་འོ་ཆབ་འབྲུ་སྣ་བཏབ་ལ་མཆོད་པ་འབུལ་བའི་ཕྱོགས་སུ་མཆོད་བཅུག་ཅིང་། ཀྱཻ། རིན་ཆེན་ལས་གྲུབ་སྣོད་མཆོག་ཏུ། །བདུད་རྩི་ཆང་དང་ཡུ་མར་ཇ། །ཡན་ལག་བརྒྱད་ལྡན་ཆུ་གཙང་དང་། །ལྷ་མིའི་ཞལ་ཟས་འོ་མ་ཞོ། །འབྲུ་སྣ་རིན་ཆེན་ཕྱེ་མ་བརྡར། །རིན་ཆེན་གསེར་སྐྱེམས་དང་སྦྱར་བ། །མཆོད་པའི་རྫ་ས་མཆོག་གསེར་སྐྱེམས་འདི། །ཕྱོགས་མཚམས་སྟེང་འོག་གནས་པ་ཡི། །སྣང་སྲིད་ལྷ་སྲིན་ཀུན་ལ་འབུལ། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །སྲིད་པའི་མདོས་གཏོར་འབུལ་བ་ཡི། །རྒྱབ་རྟེན་སྡོང་གྲོགས་དམ་པ་མཛོད། །མདོས་ཀྱི་གདོང་ན་བཞུགས་པ་ཡི། །གཟའ་དང་བིཊྚི་རྣལ་འབྱོར་མ། །དབང་ཕྱུག་དུས་མཚན་གྱི་ལིང་དང་། །གནམ་ཁྱི་བྱ་བྱེད་རྣམ་པ་སོགས་། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བདག་ཅག་མ་རིག་དབང་གྱུར་པས། །གདོང་དུ་མདོས་གཏོར་བྱུང་ན་ཡང་། །ཀོ་ལོང་ཕྲག་དོག་མ་མཛད་པར། །མཐོན་པོ་རྣམས་ཀྱིས་ཞབས་སྐུམས་ལ། །དམའ་བ་རྣམས་ཀྱིས་དབུ་ཆུམ་ལ། །བར་པ་རྣམས་ཀྱིས་སྐུ་གཟུར་ཅིག །མདོས་གཏོར་གནས་སུ་ཐེངས་བར་མཛོད། །ལོ་ཟླ་ཞག་ལ་འཁོར་


CMR038_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡི། །ཐེ་སེ་ཧལ་ཁྱི་བླ་མཁྱེན་དང་། །འགྲོལ་བུ་ལྔ་སེར་མཐིང་ནག་དང་། །གསེར་མཛོད་གཡུ་མཛོད་ལ་སོགས་པ། །ས་བདག་གཉན་པོ་ཁྱེད་རྣམས་ལ། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བདག་ཅག་མ་རིག་རྨོངས་པ་ཡི། །མདོས་འདི་གདོང་ལ་བྱུང་ན་ཡང་། །ཁྱེད་ལ་བསྡོ་བ་མ་ཡིན་པས། །ཀོ་ལོང་ཕྲག་དོག་མ་མཛད་པར། །མདོས་འདི་ལེགས་པའི་སྡོང་གྲོགས་མཛོད། །ཁྱད་པར་མདོས་འདི་འབུལ་བ་ཡི། །ཆུ་བོ་ཆུ་མདོ་འདི་དག་ལ། །གནས་པའི་ས་བདག་ཀླུ་གཉན་དང་། །ཀླུ་བདུད་ཀླུ་བཙན་ཀླུ་སྲིན་དང་། །ཀླུ་ཐེལ་ཆུ་གཉན་ཅིག་མ་རྣམས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མདོས་འདི་མཚོ་དང་ཆུ་བོ་ལ། །འབུལ་ལོ་ཕྲག་དོག་མ་མཛད་ཅིག །ལྷ་མོ་མཚོ་སྨན་དཔོན་གཡོག་དང་། །མཚོ་སྨན་རྒྱལ་མོ་མཆེད་དགུ་ཡི། །མདོས་ཆེན་དེ་རུ་འབྱོན་པའི་ཚེ། །དགའ་ཞིང་གུས་པས་བསུ་བར་གྱིས། །བཀུར་སྟི་གུས་ཞབས་དང་བཅས་པས། །མདོས་གླུད་གནས་སུ་ཐེངས་བར་མཛོད། །བཀྲ་ཤིས་བདེ་ལེགས་རྒྱས་པར་ཤོག །ཨོཾ་སརྦ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་འདི་ཨ་རཱ་གས་སྦྱར་བའོ། །


previousགསེར་སྐྱེམས།next