Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
མཚོ་སྨན་མཆོད་ཐབས་གུར་མདོས་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཚོ་སྨན་མཆོད་ཐབས་གུར་མདོས་བསྡུས་པ།next

མཚོ་སྨན་མཆོད་ཐབས་གུར་མདོས་བསྡུས་པ།


CMR038_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྨན་མཆོད་ཐབས་གུར་མདོས་བསྡུས་པ་བཞུགས་སོ། །


CMR038_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་བཛྲ་ཡེ། ཆར་འབོད་དམ་ནི་ཀླུ་མཆོད་དུས། །ཡང་ན་སྤར་ཁའི་བཅོས་སོགས་ལ། །མཚོ་སྨན་མཆོད་པར་བྱེད་འདོད་ན། །དཀར་གཏོར་དགུའམ་ཡང་ན་གཅིག །རྒྱས་པར་ཆུ་གནས་སྣ་ཚོགས་གཟུགས། །ཤིང་རྩི་འབྲུ་སྣ་རིན་ཆེན་རིགས། །བསྡུ་ན་དཀར་གཏོར་གཅིག་ལ་ནི། །ཀླུ་སྨན་འོ་མས་བྲན་བྱས་ལ། །ཡི་དམ་བསྐྱེད་རིམ་ལྡན་པས་གྱེར། །སྟོང་པའི་ངང་ལས་པད་དཀར་འདབ་བརྒྱད་པའི། །འདབ་བརྒྱད་དབུས་དང་དགུ་ལ་མཚོ་ཆེན་དགུ། །དེ་ནང་རིན་ཆེན་མཁོར་ནང་དར་གུར་དགུ། །རིན་ཆེན་ཁྲི་ལ་མཚོ་སྨན་མཆེད་དགུ་པོ། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་ཅན། །འཁོར་ཚོགས་དང་བཅས་མངོན་


CMR038_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ལྟ་བུར་གསལ། །རང་རང་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་གྱུར། །ཀྱཻ། རི་རབ་དབུས་དང་འཛམ་གླིང་ཕྱོགས་མཚམས་ནས། །ཀླུ་ཆེན་དགུ་ཡི་ལྕམ་མོ་མཚོ་སྨན་དགུ། །ལྷབ་ལྷུབ་ན་བཟའ་སིལ་སྙན་སྒྲ་དང་བཅས། །བྲན་དང་གཡོག་འཁོར་བཅས་པ་གཤེགས་སུ་གསོལ། །ཡིད་སྤྲུལ་རིན་ཆེན་དར་ཟབ་ཁྲི་སྟེང་དུ། །ཇི་སྲིད་མཆོད་པ་འབུལ་ཚེ་བརྟན་པར་བཞུགས། ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཧཱུྃ། མཚོ་སྨན་མཆེད་དགུ་འཁོར་དང་བཅས་པ་རྣམས། །སྔོན་ཚེ་ཐུབ་དབང་གསང་བདག་པད་


CMR038_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གི། །སྤྱན་སྔར་ཁས་བླངས་དམ་ཚིག་དྲན་མཛོད་ལ། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མཚོ་སྨན་མཆེད་དགུ་འཁོར་བཅས་མཆོད་པའི་རྫས། །ཆུ་སྐྱེས་མེ་ཏོག་ཆུ་སྲིན་སྡེར་མོ་སྨྱོས། །ནོར་བུའི་འོད་དང་ཙནྡན་སྦྱར་བའི་ཆབ། །དཀར་གསུམ་ཞལ་ཟས་སྙན་པའི་རོལ་མོ་འབུལ། །ཆུ་གནས་སྣ་ཚོགས་གཟུགས་དང་བསྟོད་དབྱངས་སྒྲ། །སྤོས་དཀར་དྲི་དང་བུར་སྦྲང་ཀ་རའི་རོ། །དར་ཟབ་ཆུ་དར་སྣ་ཚོགས་བཀྲག་མདངས་རིགས། །འབྲུ་སྣ་རིན་ཆེན་སྣ་ཚོགས་ཤེལ་ཚིགས་དང་། །བཟང་ཤིང་སྣ་ཚོགས་ཀླུ་སྨན་ཚང་བ་དང་། །བ་དཀར་ར་དཀར་འབྲི་ཟལ་འོ་མའི་མཚོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོས་མཆོད། །མཚོ་སྨན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག་་ཨརྒྷཾ་སོགས། ཤབྟ་པྲ་ཏིཙྪ་ཧོ༔ ཨོཾ་སྭ་བྷ་ཝ་སོགས། ཨོཾ་ཨ་ཀཱ་རོ་སོགས། ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། རིན་ཆེན་སྣོད་དུ་གཏོར་མ་བདུད་རྩིའི་མཚོ། །འདོད་ཡོན་ལྔ་ལྡན་དབང་པོ་དྲུག་ཚིམ་པ། །ཟད་མེད་ནམ་མཁའི་མཛོད་དུ་གྱུར་པ་ནི། །ཀླུ་སྨན་མཚོ་སྨན་ཀུན་གྱི་ཡུམ་གཅིག་མ། །གསེར་གྱི་བུ་མོ་མཚོ་


CMR038_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་རྒྱལ་མོ་ཆེ། །དཔལ་ལྡན་མ་དང་ཁྲོ་མཆོག་ལྡན་མ་དང་། །དབྱིངས་ཕྱུག་ལྡན་མ་དང་ནི་འོད་ལྡན་མ། །དུག་མཚོ་ལྡན་མ་དང་ནི་མདངས་ལྡན་མ། །གསལ་མོ་ལྡན་དང་འཕྲུལ་ལྡན་ཛ་ལྡན་མ། །འཁོར་དང་བཅས་ལ་འབུལ་ལོ་དགྱེས་པར་རོལ། །སྐུ་གསུང་ཐུགས་རྣམས་མཉེས་ཤིང་ཚིམས་གྱུར་ནས། །འཇིག་རྟེན་བདེ་ཞིང་ལོ་ལེགས་འཁྲུག་པ་ཞི། །ཆར་ཆུ་དུས་འབེབས་སད་སེར་མེད་པར་མཛོད། །ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་ལ། །ཆུ་ནད་རྨུ་ཆུ་གྲང་འགྲམ་མཁལ་རྐེད་ནད། །སྐྱོང་པ་ལྷོག་རྒོད་མཛེ་ཤུ་རྐང་འབམ་དང་། །དྲེག་གྲུམ་ལ་སོགས་ནད་རྣམས་མེད་པར་མཛོད། །ནོར་ཕྱུགས་དར་རྒྱས་ལོངས་སྤྱོད་ཀླུ་གཡང་ཕོབ། །མིང་གཅིག་སྲིང་གཅིག་བཞིན་དུ་གདུང་སེམས་ཀྱིས། །དུས་རྣམས་ཀུན་ཏུ་ཁ་འཛིན་སྡོང་གྲོགས་མཛོད། །བྷྱོ༔ ཀླུ་ཆེན་མཚོ་སྨན་ཀུན་གྱི་ཡུམ། །གསེར་གྱི་བུ་མོ་གཟི་མདངས་ལྡན། །ཐུགས་ལས་མཚོ་སྨན་མཆེད་དགུ་སྤྲུལ། །རིགས་བཞིའི་ཀླུ་རྣམས་འཁོར་གྱིས་བསྐོར། །དཀར་གསུམ་བ་ལི་ཀླུ་སྨན་འབུལ། །བསྟོད་དོ་བསྔགས་སོ་གསོལ་ལོ་མཆོད། །རང་རང་དངོས་གྲུབ་


CMR038_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྩོལ། །ཀླུ་ནད་ཆུ་ནད་རྐྱེན་ཁ་ཟློག །མེ་ཉི་ཆུ་ལས་བྱས་པ་དང་། །ཀླུ་ལ་གནོད་པའི་ལས་བྱས་བཤགས། །སྤར་ཁ་ཁཾ་ལ་རྩུབ་པ་ཡི། །ཆུ་ཡི་སྐག་རྣམས་ཐམས་ཅད་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ༔ མཚོ་སྨན་རྒྱལ་མོ་དབྱིངས་ཆེན་ལྡན། །སྔོན་མོ་མེ་ལོང་འཁོར་ལོ་འཛིན། །གཡུ་རལ་གསེར་གྱི་ཐོར་ཅོག་ཅན་། །མུ་མིན་གསེར་གྱི་ཆ་ག་ལ། །གསེར་གཡུའི་ཁྲི་ལ་མཛེས་པར་བཞུགས། །ས་བདག་རྗེ་མོ་ཀླུ་ཡི་གཙོ། །མ་མོའི་གཙོ་མོ་བྷྱོ་བཟློག་མཁན། །འོད་ཟེར་ཆེན་མོ་མཐུ་མོ་ཆེ། །ཀླུ་ཡི་རྒྱལ་མོ་ལྕམ་གཅིག་མ། །དཔལ་མོ་ལྡན་ཞེས་འཁོར་དང་བཅས། །དཀར་གསུམ་བ་ལི་ཀླུ་སྨན་འབུལ། །བསྟོད་དོ་བསྔགས་སོ་གསོལ་ལོ་མཆོད། །རང་རང་དངོས་གྲུབ་ཐམས་ཅད་སྩོལ། །ཀླུ་ནད་ཆུ་ནད་རྐྱེན་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ༔ ཤར་ཕྱོགས་འཇོག་པོའི་གཡུ་མཚོ་ནས། །མཐའ་ཡས་ལྕམ་གཅིག་འཇོག་པོས་ཡུམ། །སྦྲུལ་རལ་ཆུ་སྲིན་གཡང་གཞི་གྱོན། །རུས་སྦལ་ནག་པོ་སེ་རལ་ཁ། །ཆུ་སྲིན་རྒྱལ་མཚན་མེ་ལོང་བསྣམས། །བསྲེ་ཡི་རྔ་མོང་བསྲེ་སྒ་ཆིབས། །


CMR038_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མགྱོགས་པ་མིག་དགུ་ཕོ་ཉ་འགྱེད། །མཚོ་སྨན་རྒྱལ་མོ་ཁྲོ་མཆོག་ལྡན། །འཁོར་དང་བཅས་པ་ཐམས་ཅད་ལ། །དཀར་གསུམ་བ་ལི་ཀླུ་སྨན་འབུལ། །བསྟོད་དོ་བསྔགས་སོ་གསོལ་ལོ་མཆོད། །རང་རང་དངོས་གྲུབ་ཐམས་ཅད་སྩོལ། །ཀླུ་ནད་ཆུ་ནད་རྐྱེན་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ༔ ལྷོ་ཕྱོགས་སྟོབས་རྒྱུའི་མཚོ་མོ་ནས། །དགའ་བོའི་ལྕམ་གཅིག་སྟོབས་རྒྱུའི་ཡུམ། །སྦྲུལ་རལ་མཐིང་གི་ལ་འུ་གསོལ། །ཁྲམ་བམ་འཕྲུལ་གྱི་མེ་ལོང་འཛིན། །སྲིད་གསུམ་གཟིགས་ཤིང་གཏོང་གཅོད་བྱེད། །གློག་འཁྱུག་གསེར་གྱི་རྔ་མོང་ཆིབས། །དབྱིངས་ཕྱུག་ལྡན་མ་འཁོར་དང་བཅས། །དཀར་གསུམ་བ་ལི་ཀླུ་སྨན་འབུལ། །བསྟོད་དོ་བསྔགས་སོ་ལོ། གསོལ་ལོ་མཆོད། །རང་རང་དངོས་གྲུབ་ཐམས་ཅད་སྩོལ། །ཀླུ་ནད་ཆུ་ནད་རྐྱེན་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ༔ ནུབ་ཕྱོགས་འོ་མཚོའི་འཇོག་པོའི་མཚོ། །ཡེ་ཤེས་ལྡན་མ་གསེར་སླག་གསོལ། །སྦྲུལ་རལ་གཡུ་ཡི་ལེན་ཕྲན་བརྒྱན། །ཕྱག་ནི་བྷནྡྷ་མེ་ལོང་འཛིན། །གཡུ་ཡི་རྔ་མོང་གཡུ་སྒྲ་ཆིབས། །རྡོ་དང་ཐོག་


CMR038_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་ནད་ཡམས་གཏོང་། །མ་དྲོས་ལྕམ་གཅིག་འོད་ལྡན་མ། །འཁོར་དང་བཅས་པ་ཐམས་ཅད་ལ། །དཀར་གསུམ་བ་ལི་ཀླུ་སྨན་འབུལ། །བསྟོད་དོ་བསྔགས་སོ་གསོལ་ལོ་མཆོད། །རང་རང་དངོས་གྲུབ་ཐམས་ཅད་སྩོལ། །ཀླུ་ནད་ཆུ་ནད་རྐྱེན་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ༔ བྱང་ཕྱོགས་རིགས་ལྡན་དུག་མཚོ་ནས། །རིགས་ལྡན་ལྕམ་གཅིག་མུན་པའི་མདོག །སྦལ་ནག་ཐུལ་པ་སྦྲུལ་གྱིས་བརྒྱན། །སྦྲུལ་ནག་ཆིབས་ཤིང་གཡུ་སྦལ་ཁྲིད། །རིགས་ལྡན་ལྕམ་གཅིག་དུག་མཚོ་ལྡན། །ཤེས་རབ་གསལ་བ་འཁོར་དང་བཅས། །དཀར་གསུམ་བ་ལི་ཀླུ་སྨན་འབུལ། །བསྟོད་དོ་བསྔགས་སོ་གསོལ་ལོ་མཆོད། །རང་རང་དངོས་གྲུབ་ཐམས་ཅད་སྩོལ། །ཀླུ་ནད་ཆུ་ནད་རྐྱེན་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ༔ ཤར་ལྷོ་མ་སང་གཉན་དགའི་མཚོ། །གཉན་དགའ་ནོར་རྒྱལ་ལྕམ་གཅིག་མ། །དཀར་མོ་དར་དཀར་མུ་ཏིག་བརྒྱན། །གཡུ་འབུམ་འཕྲུལ་གྱི་མེ་ལོང་འཛིན། །གློག་བས་མྱུར་ཏེ་འཛམ་གླིང་བསྐོར། །མཚོ་སྨན་ཀུན་གྱི་ཕོ་ཉ་མོ། །ལས་ལ་བརྩོན་ཞིང་ཐམས་ཅད་བསྒྲལ། །རྡོ་རྗེ་


CMR038_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་མདངས་ལྡན་མ། །ཀླུ་མོ་དཀར་མོ་འབུམ་དང་བཅས། །དཀར་གསུམ་བ་ལི་ཀླུ་སྨན་འབུལ། །བསྟོད་དོ་བསྔགས་སོ་གསོལ་ལོ་མཆོད། །རང་རང་དངོས་གྲུབ་ཐམས་ཅད་སྩོལ། །ཀླུ་ནད་ཆུ་ནད་རྐྱེན་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ༔ ལྷོ་ནུབ་དུང་སྐྱོང་དུང་མཚོ་ནས། །དུང་སྐྱོང་ལྕམ་གཅིག་དུང་སྒྲ་སྒྲོག །དུང་གི་ལེའུ་གསེར་གཡུའི་རྒྱན། །དུང་གི་བུམ་པ་མེ་ལོང་འཛིན། །ཆིབས་སུ་དུང་གི་རྔ་མོང་ཆིབས། །གསལ་མོ་ལྡན་ཞེས་འཁོར་དང་བཅས། །དཀར་གསུམ་བ་ལི་ཀླུ་སྨན་འབུལ། །བསྟོད་དོ་བསྔགས་སོ་གསོལ་ལོ་མཆོད། །རང་རང་དངོས་གྲུབ་ཐམས་ཅད་སྩོལ། །ཀླུ་ནད་ཆུ་ནད་རྐྱེན་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ༔ ནུབ་བྱང་པད་མའི་ཟངས་མཚོ་ནས། །ཀླུ་རྒྱལ་པདྨའི་ལྕམ་མོ་སྟེ། །ཆུ་སྲིན་རྒྱལ་མཚན་མེ་ལོང་བསྣམས། །ཆུ་སྲིན་ལྤགས་གྱོན་གཡུ་སྦལ་ཆིབས། །མ་མོ་ཀླུ་ཆེན་འབུམ་དང་བཅས། །བསྐུལ་བ་ཙམ་གྱིས་ནད་རྣམས་ཀྱིས། །འཆོལ་བ་མེད་པར་དགྲ་བགེགས་སྒྲོལ། །མཚོ་སྨན་རྒྱལ་མོ་འཕྲུལ་ལྡན་མ། །དཀར་གསུམ་བ་ལི་ཀླུ་སྨན་འབུལ། །


CMR038_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དོ་བསྔགས་སོ་གསོལ་ལོ་མཆོད། །རང་རང་དངོས་གྲུབ་ཐམས་ཅད་སྩོལ། །ཀླུ་ནད་ཆུ་ནད་རྐྱེན་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ༔ བྱང་ཤར་དུག་མཚོ་ནག་པོ་ནས། །ཆུ་ལྷའི་ལྕམ་གཅིག་སྦལ་ཐུལ་གྱོན། །སྤྱན་མིག་ཉི་ཟླ་དབུ་སྐྲ་གློག །གསེར་བུམ་འཕྲུལ་གྱི་མེ་ལོང་འཛིན། །དགྲ་སྙིང་གསོལ་ཞིང་སྦལ་ཁྲ་ཆིབས། །རྦད་ན་དགྲ་ལ་མཛེ་ཤུ་གཏོང་། །རཱ་ཛ་ལྡན་མ་ཛ་ལྡན་མ། །འཁོར་དང་བཅས་པ་ཐམས་ཅད་ལ། །དཀར་གསུམ་བ་ལི་ཀླུ་སྨན་འབུལ། །བསྟོད་དོ་བསྔགས་སོ་གསོལ་ལོ་མཆོད། །རང་རང་དངོས་གྲུབ་ཐམས་ཅད་སྩོལ། །ཀླུ་ནད་ཆུ་ནད་རྐྱེན་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །།བྷྱོ༔ མཚོ་སྨན་རྒྱལ་མོ་མཆེད་སྡེ་དགུ། །བློན་མོ་དགུ་དང་གཡོག་མོ་དགུ། །སྤྲུལ་པ་དགུ་དང་ཡང་སྤྲུལ་དགུ། །འཁོར་ཚོགས་དཔག་མེད་གྲངས་འདས་ཀྱང་། །དཀར་གསུམ་བ་ལིཾ་ཀླུ་སྨན་འབུལ། །བསྟོད་དོ་བསྔགས་སོ་གསོལ་ལོ་མཆོད། །རང་རང་དངོས་གྲུབ་ཐམས་ཅད་སྩོལ། །ཀླུ་ནད་ཆུ་ནད་རྐྱེན་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཁྱེད་ཅག་ཐུགས་དང་


CMR038_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་ལས། །ཐབ་གཞོབ་མནའ་གཉན་བསྐྱེལ་ལེན་དང་། །གྲུ་ཟམ་བཙུགས་དང་ཆུ་གནས་བསད། །ཁྲག་མཚོ་དྲག་ལས་གཏད་ཁྲམ་བརྒྱབ། །ཉེས་པ་གང་མཆིས་མཐོལ་ཞིང་བཤགས། །བཟོད་པར་བཞེས་ལ་དངོས་གྲུབ་སྩོལ། །གྲུ་ལོག་ཆུ་གྲི་ཆུ་ཁྱེར་སད་སེར་དང་། །དམུ་ཆུ་གྲང་ནད་མཁལ་སྐེད་ཆུ་ནད་དང་། །ཆུ་བྱིང་སྐྱང་ལྷོག་གནོད་པ་མ་གཏོང་ཞིག །གྲི་དམེ་ནང་འཁྲུག་གནོད་པ་བཟློག་ཏུ་གསོལ། །མི་འཕེལ་རྟ་ཧྲག་ནོར་ཕྱུགས་འཕེལ་ཁ་དང་། །ལོ་ལེགས་དཔལ་འབྱོར་ཀླུ་གཡང་དབབ་ཏུ་ལ་གསོལ། །རྟག་ཏུ་མིང་སྲིང་ཚུལ་གྱིས་ཕན་འདོགས་ཤིང་། །བྱམས་པའི་སེམས་ཀྱིས་རང་རང་གནས་སུ་གཤེགས། །ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་གཙྪགཙྪ། ཞེས་བརྗོད་གཏོར་མ་ཆུའམ་མཚོ་རུ་འབུལ། འདི་ནི་གུར་མདོས་དོན་བསྡུས་ཉུང་ངུར་བྲིས། །ཉེས་འགལ་བཤགས་ཤིང་དགེ་བ་བྱང་་ཆུབ་བསྔོ། །ཞེས་པ་རཱ་ག་ཨ་སྱས་སྦྱར་བའོ། །དགེ་ལེགས་འཕེལ།། །། ༧ ནང་ཆེན་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། །།


previousམཚོ་སྨན་མཆོད་ཐབས་གུར་མདོས་བསྡུས་པ།next