Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འདྲེ་མོ་སྤུན་དགུའི་མདོས་ཀྱིས་དམ་སྲི་ཕྱི་ནང་གཉིས་ཀྱི་གབ་བསྐུང་ཕུད་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའདྲེ་མོ་སྤུན་དགུའི་མདོས་ཀྱིས་དམ་སྲི་ཕྱི་ནང་གཉིས་ཀྱི་གབ་བསྐུང་ཕུད་ཐབས།next

འདྲེ་མོ་སྤུན་དགུའི་མདོས་ཀྱིས་དམ་སྲི་ཕྱི་ནང་གཉིས་ཀྱི་གབ་བསྐུང་ཕུད་ཐབས།


CMR038_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་འདྲེ་མོ་སྤུན་དགུའི་མདོས་ཀྱིས་དམ་སྲི་ཕྱི་ནང་གཉིས་ཀྱི་གབ་བསྐུང་ཕུད་ཐབས་བཞུགས་པ་སློབ་བུ་གསར་པ་རེ་ཞིག་ལ་ཕན་པ་ནི་འགའི་བསྐུལ་ངོར་ཅན་རྔ་ཡུ་མ་ཤོར་ཙམ་གྱི་ཁྱད་ཆོས་ངོ་མཚར་ཅན་གྱི་འདུ་བྱེད་དོ།།


CMR038_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བན་དེ་སྐྱེ་བོ་མི་ནོར་ཐམས་ཅད་དང་། །ཁྱད་པར་བུད་མེད་གནོད་འཚེ་འཁུ་ལྡོག་ལ། །འདྲེ་མོ་སྤུན་དགུའི་མདོས་དང་རྒྱལ་བསེན་སྦྲེལ། །ཕོ་མོ་འདི་ཡི་མདོས་བས་ལྷག་པ་མེད། །རྒྱས་པར་ག་བ་བསྐུང་ཕུད་འདོད་ན། །ཡིག་རྙིང་རྒྱས་པའི་ནང་དུ་ལྟོས། །བསྡུ་ན་བུད་མེད་སྦལ་པ་ཞོན། །སྔགས་ནག་བཅའ་འགྲིགས་མཐོང་བརྒྱུད་ལྟར། ༈ །དེ་ནས་སྔགས་ཆས་ཞུགས་བྱས་ལ། །སྔགས་པས་ཡོན་བདག་འདི་ལྟར་འབོད། །ཨེ་མ་ཧོ༔ བདག་དང་རྒྱུ་སྦྱོར་བ་ཡོན་གྱི་བདག་པོ་རྒེ་ཡ་བའི་ཚང་། ལན་གསུམ་འབོད། ཡོན་བདག་གིས་ཨ་བརྗོད། ཁྱེད་ཚང་གི་ཕུ་ན་རི་བཟང་པོ་དེ་རྨ་གཉན་སྤོམ་ར་དེ་ཨེ་ཡོད། ཕུག་ན་ལྷ་བཟང་པོ་དེ་ཨོ་རྒྱན་པདྨ་འབྱུང་གནས་ཨེ་བཞུགས།


CMR038_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བར་ན་མི་རྒོད་པོ་དེ་བསྐོས་རྗེ་དྲང་དཀར་དེ་ཨེ་རྒོད། གློ་ན་མཚོན་རྣོ་བ་དེ་རལ་གྲི་ཡ་ཚ་སྐར་ཕྲན་དེ་ཨེ་རྣོ། སྒོ་ན་ཁྱི་གསང་བ་དོམ་བུ་ཐུག་དཀོར་དེ་ཨེ་རྒོད། མདའ་ན་ཆུ་ཆེ་བ་དེ་ཡར་ཆབ་གཙང་པོ་དེ་ཨེ་འབབ། འོ་ཁྱེད་ཚང་གི་ཕུ་ན་རི་བཟང་། ཕུག་ན་ལྷ་བཟང་། བར་ན་མི་རྒོད། གློ་ན་མཚོན་རྣོ། སྒོ་ན་ཁྱི་གསང་། མདའ་ན་ཆུ་ཆེ་སྟེ། དེ་རྣམས་ཀྱི་བར་བར་ན་ཁར་སང་ཕུ་མོ་མ་ལ་མོ་བཏབ། མདའ་ཕྱུ་པ་ལ་ཕྱུ་བརླན།། བར་རྩིས་པ་ལ་རྩིས་བརྩིས། ཞང་ཞུང་གི་ཇུ་ཐིག །མེ་ཉག་གི་སོག་མོ། བོད་ཀྱི་ཧབ་ཀ་བརྩིས། རྟེན་འབྲེལ་ཁྱད་པར་


CMR038_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་སློབ་དཔོན་ངེད་བཀུག་པས། རྒྱུ་སྦྱོར་ཡོན་བདག་ཁྱེད་ཚང་ལ་དམ་སྲི་འདྲེ་མོ་སྤུན་དགུ་ཁྱིམ་སྒོ་ལམ་བསྲང་འདི་ལ་ཞུགས་ཤིང་། ཕོ་ཡི་སྟོང་ལ་བརྐུས་སོ། །མོ་ཡི་མངལ་ལ་འཇབ་བོ། །ཕུག་གི་སྲིས༴ སྒོ་ཡི་ནོར༴ བུ་ཆུང་གི་སྲོག༔ མཆིག་ཐོག་གི་ཕྱེ༔ གཞོན་གྱི་ནུ་མ༔ ཕོ་ཡི་བརླ༔ རྟ་ཡི་བང༔ རྐྱེལ་པའི་མར༴ ཡོའི་ཆང་ཡོད་པ་ལ་མེད་པ་བྱས་སོ་ཟེར་བས། ཁྱེད་ཚང་གི་ཚོར་མཐོང་ཡོད་དམ་མེད། འོ་ན་ང་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་རྗེས་འཇུག་ཁྲོ་བོ་རྟ་མགྲིན་ཡིན་པས། ང་ཡིས་ཚོར་མཐོང་། ཡོད་པ་བསྐུངས་ནས་ཕུད་པ་ཨེ་འཐད། འོ་དེས་ན་ལ་ཆེན་པོའི་ཕ་རོལ་ན་རྟ་དང་རྐྱང་གིས་བསུ་དགོས་པ་དེ་ཨེ་ཡོད། ཆུ་ཆེན་པོའི་ཕ་རོལ་ནས་གྲུ་དང་རྫིང་གིས་བསུ་དགོས་པ་དེ་ཨེ་ཡོད། དབུ་ལ་ཐོད་གཅིག་བཅིངས་དགོས་པ་དེ་ཨེ་ཡོད། ཞལ་དུ་སྐྱེམས་གཅིག་དྲངས་དགོས་པ་དེ་ཨེ་ཡོད། ཞབས་སུ་ན་ནམ་གྱི་གདན་གཅིག་བཏིང་དགོས་པ་དེ་ཨེ་ཡོད། །ཕྱག་ཏུ་མདའ་དར་གཅིག་གཏད་དགོས་པ་དེ་ཨེ་ཡོད། སྒྲོན་མ་ལ་གསེར་ཉི་མ་ཙམ་གཅིག་དགོས་པ་དེ་ཨེ་ཡོད། དངུལ་ཟླ་བ་ཙམ་གཅིག་དགོས་པ་དེ་ཨེ་ཡོད། དུང་ལུག་གུ་


CMR038_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གཅིག་དགོས་པ་དེ་ཨེ་ཡོད། ཤེལ་སྐར་མ་ཙམ་གཅིག་དགོས་པ་དེ་ཨེ་ཡོད། གཡུ་འབྲི་སྐམ་གྱི་སེ་བ་རུས་ཙམ་གཅིག་དགོས་པ་དེ་ཨེ་ཡོད། ག་པུར་ལ་སོགས་སྨན་སྣ་དགོས་པ་དེ་ཨེ་ཡོད། ཙནྡན་ལ་སོགས་སྤོས་སྣ་དགོས་པ་དེ་ཨེ་ཡོད། རྔ་དུང་ལ་སོགས་སྒྲ་སྙན་དགོས་པ་དེ་ཨེ་ཡོད། གྲོ་ནས་ལ་སོགས་འབྲུ་སྣ་དགོས་པ་དེ་ཨེ་ཡོད། གཡག་ཤ་ལ་སོགས་ཤ་སྣ་དགོས་པ་དེ་ཨེ་ཡོད། ཐུད་མར་ལ་སོགས་དཀར་གསུམ་དགོས་པ་དེ་ཨེ་ཡོད། བུ་རམ་ལ་སོགས་མངར་རིགས་དགོས་པ་དེ་ཨེ་ཡོད། རྒུན་འབྲུམ་ལ་སོགས་ཤིང་ཐོགས་དགོས་པ་དེ་ཨེ་ཡོད། དར་སྟག་ལ་སོགས་སྟག་གཟིག་དགོས་པ་དེ་ཨེ་ཡོད། གཅན་གཟན་ལ་སོགས་དབྱི་སྤྱང་དགོས་པ་དེ་ཨེ་ཡོད། ལྕགས་ཀྱི་ངལ་པ་དགོས་པ་དེ་ཨེ་ཡོད། ཞགས་པ་ནག་པོ་འདོམ་པ་དགུ་དགོས་པ་དེ་ཨེ་ཡོད། མདའ་རྒོད་སྒྲོ་མའི་མགུལ་དུ་དར་སྣ་བཅུ་གཉིས་བཏགས་ནས་བཞིན་དགོས་པ་དེ་ཨེ་ཡོད། མགོ་བསེ་བའི་རྒྱ་སྟ་ཧལ་པ་དགོས་པ་དེ་ཨེ་ཡོད། དོན་སྙིང་སྣོད་སྒྲོ་བ་ཆུ་ཐུབ་གཅིག་ཨེ་ཡོད། སྙིང་རྩ་བྲག་པའི་གནམ་ལྕགས་ཟོར་བ་དེ་ཨེ་ཡོད། བྱ་ཁྱུང་ལ་སོགས་འདབ་


CMR038_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དགོས་པ་དེ་ཨེ་ཡོད། གཡག་ལུག་ལ་སོགས་སྡེར་ཆགས་དགོས་པ་དེ་ཨེ་ཡོད། སེང་གེ་ལ་སོགས་གཅན་གཟན་དགོས་པ་དེ་ཨེ་ཡོད། རུ་རུ་ལ་སོགས་རི་དྭགས་དགོས་པ་དེ་ཨེ་ཡོད། ཆུ་སྲིན་ལ་སོགས་ཆུ་གནས་དགོས་པ་དེ་ཨེ་ཡོད། ཁ་གསེར་དང་ཁ་གཡུ་དགོས་པ་དེ་རྣམས་ཀུན་མ་ཚང་བ་མེད་པ་ཚང་ཞིང་ཡིད་དུ་འོང་བ་ཨེ་ཡོད། འོ་ང་ནི་དཔལ་ཆེན་ཐུགས་ལས་སྤྲུལ་པའི་ཁྲོ་བོ་སྲིད་པ་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྔགས་འཆང་ངེད་རྣམས་ཕྱི་ནང་གསང་གསུམ་གྱི་ཡོན་དང་རྫ་ས་ལ་མགུ་ནས། སྲིད་པ་དབང་ཆེན་གསེར་གྱི་ས་གཞི་ལྷུན་གྲུབ་གཞལ་ཡས་འདིར། བསྐལ་པ་རླུང་གི་འཁོར་ལོ་དང་། ཚ་བ་མེའི་འཁོར་ལོ་དང་། རླན་པ་ཆུའི་འཁོར་ལོ་དང་། བརྟན་པ་སའི་འཁོར་ལོ་དེ་རྣམས་གཞིའི་དཔེ་བླངས་སོ། །སྒྲོན་མ་ནི་ཉི་ཟླ་ལ་དཔེ་བླངས། སྒྲོན་རྟ་ནི་དཔག་བསམ་ལྗོན་ཤིང་ལ་དཔེ་བླངས་ཏེ། ཡས་ཡོན་འཕྲང་གསུམ་བཤད་ལྟར་ཁྱེར་ཤོག་དང་། དམ་སྲི་སྤུན་དགུ་ངས་ཕུད་དོ། །དེ་ནས་ཡོན་བདག་གིས་ཆང་བྱའམ་ཤ་ལུག་གཟུགས་གཡས་པ་དྲང་ཞིང་གདན་ལ་འཁོད་དོ།། ༈ དེ་ནས་ཡི་དམ་ལྷའི་ང་རྒྱལ་གྱིས་བསྟོད་བསྐུལ་བྱ། སྤྲུལ་པ་ཁྲོ་བོ་བཅུ་སྤྱན་དྲངས་པ་ནི།


CMR038_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཁྲག་འཐུང་རིགས་ལྔ་ཁྲོ་བོ་བཅུ་ཁྲ་ཐབས་དང་བཅས་པ་སྐད་ནམ་མཁའ་ས་གཞི་བར་སྣང་གང་ནས་བཞུགས་པར་གྱུར། ཧཱུྃ། བདག་ཉིད་དཔལ་ཆེན་ཧེ་རུ་ཀ །ཆེ་བའི་ལྷ་རྣམས་ང་ཡི་འཁོར། །ཕྱོགས་བཅུ་ཁྲོ་བོའི་སྤྲུལ་པ་འགྱེད། །ཧཱུྃ། དཔལ་ཆེན་ཁྲོ་བོ་འབར་བ་ཡི། །སྤྲུལ་པ་ཁྲོ་བོ་ཡབ་ཡུམ་བཅུ། །ཡང་སྤྲུལ་ཁྲ་ཐབས་ཉི་ཤུ་འགྱེད། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མི་དང་ནོར་ལ་གནོད་པ་ཡི། །དམ་སྲི་འདྲེ་མོ་སྤུན་དགུ་འཁོར་དང་བཅས། །གབ་བསྐུང་ཕུད་པའི་དུས་ལ་བབ། །ཤིང་སྤྱད་ཤིང་ཐོགས་སྤུ་ཤུན་དང་། །ཁྱིམ་གྱི་ཤར་དུ་གབ་པ་ན། །ཤར་གྱི་ཁྲོ་བོ་རྣམ་པར་རྒྱལ། །སྤྲུལ་པ་སྟག་དང་བྱ་རྒོད་མགོས། །ཁྱིམ་གྱི་ཤར་ནས་སྐུང་ནས་ཕུད། །གནས་འདིར་མ་འདུག་ཤར་དུ་སོང་། །ཆོས་དང་ཟངས་སྤྱད་དམར་པོའི་རིགས། །ཁྱིམ་གྱི་ལྷོ་རུ་གབ་པ་ན། །ལྷོ་ཕྱོགས་ཁྲོ་བོ་གཤིན་རྗེའི་གཤེད། །སྤྲུལ་པ་ཤ་བ་འུག་པའི་མགོས། །ཁྱིམ་གྱི་ལྷོ་ནས་སྐུང་ནས་ཕུད། །གནས་འདིར་མ་འདུག་ལྷོ་


CMR038_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རུ་སོང་། །གོ་མཚོན་ལྕགས་སྤྱད་དཀར་པོའིརིགས། །ཁྱིམ་གྱི་ནུབ་ཏུ་གབ་པ་ན། །ནུབ་ཕྱོགས་ཁྲོ་བོ་རྟ་མགྲིན་རྒྱལ། །སྤྲུལ་པ་བྱི་ལ་པུ་ཤུད་མགོས། །ནུབ་ཀྱི་ཕྱོགས་ནས་ཟླ། སྐུང་ནས་ཕུད། །གནས་འདིར་མ་འདུག་ནུབ་ཏུ་སོང་། །སྤྱད་ནག་གྲུ་གུ་སྔོན་པོའི་རིགས། །ཁྱིམ་གྱི་བྱང་དུ་གབ་པ་ན། །བྱང་ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ། །སྤྲུལ་པ་སེང་གེ་ཕ་ཝང་མགོས། །ཁྱིམ་གྱི་བྱང་ནས་སྐུང་ནས་ཕུད། །གནས་འདིར་མ་འདུག་བྱང་དུ་སོང་། །དར་དང་ཟ་འོག་ནོར་གཡུའི་རིགས། །ཁྱིམ་གྱི་ཤར་ལྷོར་གབ་པ་ན། །ཤར་ལྷོའི་ཁྲོ་བོ་དབྱུག་སྔོན་ཅན། །སྤྲུལ་པ་གཡག་དང་བྱ་རོག་མགོས། །ཤར་ལྷོར་མཚམས་ནས་སྐུང་ནས་ཕུད། །གནས་འདིར་མ་འདུག་ཤར་ལྷོར་སོང་། །བལ་དང་ཐག་ཤ་གདན་གྱི་རིགས། །ཁྱིམ་གྱི་ལྷོ་ནུབ་གབ་པ་ན། །ལྷོ་ནུབ་ཁྲོ་བོ་མི་གཡོ་མགོན། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོས། །ལྷོ་ནུབ་མཚམས་ནས་སྐུང་ནས་ཕུད། །གནས་འདིར་མ་འདུག་ལྷོ་ནུབ་སོང་། །ཞྭ་ཕྱིན་མཆིག་དང་སྒོ་ཡི་ཁྱི། །ཁྱིམ་གྱི་ནུབ་བྱང་གབ་པ་ན། །ནུབ་བྱང་ཁྲོ་བོ་འདོད་པའི་རྒྱལ། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོས། །ནུབ་བྱང་


CMR038_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནས་སྐུང་ནས་ཕུད། །གནས་འདིར་མ་འདུག་ནུབ་བྱང་སོང་། །མཆོད་ཆའི་རིགས་དང་འོད་ཅན་རྫས། །ཁྱིམ་གྱི་བྱང་ཤར་གབ་པ་ན། །བྱང་ཤར་ཁྲོ་བོ་ཁམས་གསུམ་རྒྱལ། །སྤྲུལ་པ་དོམ་དང་སྲེ་མོང་མགོས། །བྱང་ཤར་མཚམས་ནས་སྐུང་ནས་ཕུད། །གནས་འདིར་མ་འདུག་བྱང་ཤར་སོང་། །ཁང་ཐོག་ཡ་ཐོག་བྱ་ཁྲི་ལྕམ། །སྦྲ་ཁྱིམ་སྟེང་འོག་གབ་པ་ན། །སྟེང་གི་ཁྲོ་བོ་ཧཱུྃ་ཀཱ་ར། །སྤྲུལ་པ་ཕག་དང་སྒྲིག་བུའི་མགོས། །སྟེང་གི་ཕྱོགས་ནས་སྐུང་ནས་ཕུད། །གནས་འདིར་མ་འདུག་སྟེང་ཕྱོགས་སོང་། །རྨིག་ཟླུམ་རྔ་བྲན་རྐང་བྲན་སོགས། །འོག་ཁང་ནོར་ལ་གབ་པ་ན། །འོག་གི་ཁྲོ་བོ་སྟོབས་པོ་ཆེ། །སྤྲུལ་པ་དྲེད་དང་བྱི་ལའི་མགོས། །འོག་ཁང་ཕྱོགས་ནས་སྐུང་ནས་ཕུད། །གནས་འདིར་མ་འདུག་འོག་ཕྱོགས་སོང་། ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀྲོ་ཏ་བྷི་ཤ་ཀྲོ་ཏ་མཎྜལ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ༔ ཧཱུྃ་ཛཿཧཱུྃ་བཾ་ཧོཿ དེ་ནས་སྔགས་པས་ཡི་དམ་ང་རྒྱལ་གྱི་ཞགས་པ་ནག་པོ་ཐོགས་ནས། འཇིམ་གཟུགས་དེ་ལ་ཞགས་པས་འདེབས་ཤིང་རྙེད་ཚུལ་གྱིས་བླངས་ལ། ཡོན་བདག་ལ་གནོད་པའི་འདྲེ་མོ་འདིར་གདའ། འདྲེ་མོ་ཨ་ལ་ལ། དམ་སྲི་མོའི་གབ་སྐུང་


CMR038_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད། འདྲེ་མོའི་གབ་སྐུང་ཕུད། ཤི་འདྲེ་མོའི་གབ་སྐུང་ཕུད། གསོན་འདྲེ་མོའི་གབ་སྐུང་ཕུད། །རག་མོ་ས་ཕ་ར་ན་ཕཊ༔ ཧཱུྃ༔ དཔལ་ཆེན་ཁྲོ་བོ་འབར་བ་ཡིས། །འདྲེ་མོ་ཐམས་ཅད་སྐུང་ནས་ཕུད། །ནམ་མཁའི་ཁམས་ཀྱི་གློག་སྲིན་མ། །སྤྲིན་གྱི་རུམ་དུ་མ་འདུག་སྐུང་ནས་ཕུད། །གངས་སྲིན་ནག་མོ་ཝ་ཞོན་མ། །གངས་དཀར་མ་འགྲིམས་སྐུང་ནས་ཕུད། །སྤང་སྲིན་ནག་མོ་སྲེ་ཞོན་མ། །སྤང་ཁ་མ་འགྲིམས་སྐུང་ནས་ཕུད། །ནགས་སྲིན་ནག་མོ་དྲེད་ཞོན་མ། །ནགས་མཐའ་མ་འགྲིམས་སྐུང་ནས་ཕུད། །ཆུ་སྲིན་དེ་ནི་ཉ་ཞོན་མ། །ཆུ་ལ་མ་འགྲིམས་སྐུང་ནས་ཕུད། །ས་སྲིན་ནག་མོ་ཕག་ལ་ཞོན། །ས་མཐའ་མ་འགྲིམས་སྐུང་ནས་ཕུད། །རྡོ་སྲིན་དེ་ནི་སྲེ་ཞོན་མ། །བྲག་ནས་མ་འགྲིམས་སྐུང་ནས་ཕུད། །བྲག་སྲིན་དེ་ནི་འུག་ཞོན་མ། །བྲག་དམར་མ་འགྲིམས་སྐུང་ནས་ཕུད། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །ཡོན་བདག་མི་ནོར་འཁོར་བཅས་ལ། །ཕྱིན་ཆད་འཁོར་འདི་གནོད་པ་མ་བྱེད་ཅིག །ཀྱཻ། སྐྱེས་པ་ཕོ་ཡི་སྟོང་ལ་མ་རྐུ་སྐུང་ནས་ཕུད། །ཟ་མ་མོ་ཡི་


CMR038_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མངལ་ནས་མ་རྐུ་སྐུང་ནས་ཕུད། །བུ་ཆུང་སྲོག་ལ་མ་རྐུ་སྐུང་ནས་ཕུད། །ཕུག་གི་སྲིས་ལ་མ་རྐུ་སྐུང་ནས་ཕུད། །སྒོ་ཡི་ནོར་ལ་མ་རྐུ་སྐུང་ནས་ཕུད། །གོད་འདྲེ་དང་མ་སྡོང་སྐུང་ནས་ཕུད། །ཆུང་སྲི་དང་མ་སྡོང་སྐུང་ནས་ཕུད། །ཐེའུ་རང་དང་མ་སྡོང་སྐུང་ནས་ཕུད། །ཁྱོད་མོ་འདྲེ་དང་མ་སྡོང་སྐུང་ནས་ཕུད། །སྐུང་ནས་ཕུད་པའི་ཕྲིན་ལས་མཛོད། ཕཊ༔ ལྟེ་ཕུར་མ༴ དམར་རྒྱུན་མ༔ ཕོ་ཡང་གཟའ་འབྲོག་ཟ་ལྷ་ལྷམ༴ གཙང་ཟ་ཁྱི་ཐར༔ ཐིས་མོ་ར་ཞོན་མ། ཆུ་བསེན་མ། ས་བསེན་མ། །མཁར་བསེན་མ། ཤི་འདྲེ་མ། གསོན་འདྲེ་མ། སྒབ་འདྲེ་མ། ཡུལ་འདྲེ་མ། གཉའ་འདྲེ་མ། ལྕེབ་འདྲེ་མ། དམ་སྲི་མ་རྣམས་ད་འགྲོ་རན། འདུག་ས་ལ་ཡུན་མ་རིང་། ནས་འདིར་མ་འདུག་གཞན་དུ་སོང་། ཞེས་མཚམས་བཅད་དྲག་པོ་བྱ་ཞིང་སྲུང་འཁོར་ཕུབ། ཡོན་བདག་གི་མཎྜལ་འབུལ་ཞིང་དཀྱིལ་འཁོར་ལ་ཕྱག་འཚལ་ཞིང་། ཐམས་ཅད་ཀྱིས་ལྷ་རྒྱལ་ལོ། །འདྲེ་འདུལ་ལོ་ཞེས་བརྗོད། དེ་ནས་མདོས་ལ་འཇུག འཇིམས་གཟུགས་རྫ་མ་དབུས་དཀྱིལ་བཞག་སྔགས་ཆུང་གསར་བུ་མང་གིས་ནི། །རྔ་ཡུ་མ་ཤོར་ཙམ་ཞིག་གིས། །གཏོ་ཆོག་ཕོ་མོའི་སྦྲེལ་མདོས་ཀྱི། །གབ་སྐུང་ཕུད་པའི་འགྲིགས་ཆགས་


CMR038_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །སློབ་དཔོན་པདྨའི་མདོས་གཞུང་གི །ལྟེ་འཕུར་གཙོར་བྱས་དགུ་མདོས་ཀྱི། །གབ་སྐུང་ཕུད་ཐབས་ཞིབ་རྒྱས་འདི། །གད་མོའི་སྐབས་ཀྱི་མཚར་མཚར་བྲིས། །དགེ་བས་སེམས་ཅན་ཐམས་ཅད་ལ། །ཕན་སྙམ་རཱ་ག་ཨ་སྱ་མིང་གིས་བྲིས། །ཉེས་འགལ་སློབ་དཔོན་པདྨར་བཤགས། །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒོང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའདྲེ་མོ་སྤུན་དགུའི་མདོས་ཀྱིས་དམ་སྲི་ཕྱི་ནང་གཉིས་ཀྱི་གབ་བསྐུང་ཕུད་ཐབས།next