Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྒྱ་བཞི་སྡོང་རྒྱན་ཁ་འབར་མ་རྣམས་ཀྱི་མདོས་ཆོག་ལ་ཉེ་བར་མཁོ་བའི་བདག་མདུན་བསྐྱེད་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྒྱ་བཞི་སྡོང་རྒྱན་ཁ་འབར་མ་རྣམས་ཀྱི་མདོས་ཆོག་ལ་ཉེ་བར་མཁོ་བའི་བདག་མདུན་བསྐྱེད་ཆོགnext

བརྒྱ་བཞི་སྡོང་རྒྱན་ཁ་འབར་མ་རྣམས་ཀྱི་མདོས་ཆོག་ལ་ཉེ་བར་མཁོ་བའི་བདག་མདུན་བསྐྱེད་ཆོག


CMR038_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བཞི་སྡོང་རྒྱན་ཁ་འབར་མ་རྣམས་ཀྱི་མདོས་ཆོག་ལ་ཉེ་བར་མཁོ་བའི་བདག་མདུན་བསྐྱེད་ཆོག་བཞུགས་སོ།།


CMR038_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ཀྱི་ངོ་བོ་རྡོ་རྗེ་འཛིན་པ་རྣམས་ལ་ཕྱག་འཚལ་ལོ། །འདིར་སྒྲུབ་པ་པོ་ལ་ཕ་རོལ་གྱི་ཅོད་གཏོང་ཟློག་པ། འཆི་བ་བསླུ་བའི་ཆེད་དུ་དཔལ་རྡོ་རྗེ་གདན་གྱི་ཆོས་སྐྱོང་བར་བྱེད་པ། ཡི་དྭགས་ཀྱི་ཚུལ་བཟུང་ཞིང་རིགས་སུ་གཏོགས་པ་ཁ་ལ་མེ་འབར་མ་ལ་གཏོར་མ་གཏོང་བའི་རིགས་ལ་བཞི། ཞེས་གསུངས་ཏེ། ཁ་འབར་མ་དང་། བརྒྱ་བཞིའི་ཆོ་ག །སྡོང་པོ་རྒྱན་པའི་མདོས་གང་བྱེད་ཀྱང་འདྲ་སྟེ། དང་པོ་དྲི་བཟང་གིས་བྱུག་པའི་མཎྜལ་གྱི་དབུས་དང་ཕྱོགས་མཚམས་སུ། མེ་ཏོག་ཚོམ་བུ་བཅོ་ལྔ་བཀོད་ཅེས་གསུངས་པས། མཎྜལ་གྱི་སྟེང་དུ་ནས་སམ་འབྲས་སྤོས་ཆུས་སྦགས་ཏེ་ཚོམ་བུའི་སྲོལ་འདུག་ཀྱང་མཎྜལ་མེད་ན་ནས་གཙང་མས་སྤྱི་འཚམས་སུ་བཀོད། དེའི་སྟེང་


CMR038_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མཉྫིའི་ཁར་ཐུབ་པའི་གསེར་སྐུ་ཡོད་ན་བཞག །མེད་ཀྱང་རུང་། ཉེར་སྤྱོད་ལ་སོགས་པའི་མཆོད་པ་ཞེས་པ། དེའི་མདུན་དུ་མཆོད་པ་རྣམ་བདུན་ལེགས་པར་བཤམས་ལ། གཉིས་པ་ནི། རང་ཉིད་ལྷ་གང་རུང་གི་རྣལ་འབྱོར་སྔོན་དུ་སོང་བས། ཞེས་གསུངས་པས། མཐོང་བ་བརྒྱུད་པ་ནི། སངས་རྒྱས་ཆོས་དང་སོགས་ལན་གསུམ། ཨོཾ་སྭ་བྷ་ཝས་སྦྱངས་ལ། ཆོས་རྣམས་ཐམས་ཅད་སྟོང་པར་གྱུར། །དེ་ཡི་ངང་ལས་སྐད་ཅིག་གིས། །པད་ཟླའི་སྟེང་དུ་རང་ཉིད་ནི། །ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་པ་ཡི། །མཆོག་སྦྱིན་གཡོན་པས་ཨུཏྤལ་འཛིན། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས།


CMR038_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་རྒྱན་དང་ལྡན་པར་གྱུར། །ཐུགས་ཀར་ཧཱུྃཡིག་མཐའ་སྐོར་དུ། །ཡི་གེ་དྲུག་གིས་བསྐོར་བར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། བརྒྱ་རྩ་བཟླ། མཆོད་བསྟོད་བྱའོ། །མཎྜལ། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསངས། ཨོཾ་སྭ་བྷ་ཝ་སོགས་ཀྱིས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་འདབ་མ་བཅུ་བཞི་པའི་ལྟེ་བར་པདྨ་དང་ཟླ་བའི་གདན་ལ། བཅོམ་ལྡན་འདས་ཐུབ་པའི་དབང་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ན་བཟའ་ཆོས་གོས་གསུམ་དང་ལྡན་ཞིང་བྱང་ཆུབ་ཀྱི་ཤིང་ལ་སྐུ་རྒྱབ་གཏད་པ། ཤར་གྱི་འདབ་མ་ལ་འཕགས་པ་འཇིག་རྟེན་དབང་ཕྱུག །གཞན་རྣམས་ལ་གཡས་སྐོར་དུ་རིམ་པ་བཞིན་དུ། ཤཱ་རིའི་བུ། མོའུ་འགལ་གྱི་བུ། རབ་འབྱོར། འོད་སྲུང་། ཀུན་དགའ་བོ། ཀ་ཏ་ཡཱ་ན། མ་ཕམ་པ། ཉེ་བར་འཁོར། མདུན་ནས་གཡོན་སྐོར་དུ། ཀུན་ཤེས་ཀོའུ་ཌི་ཏྱཱ། བ་ཀུ་ལ། རླངས་པ། རྟ་ཐུལ། མིང་ཆེན་རྣམས་ཆོས་གོས་གསུམ་དང་


CMR038_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞིང་རབ་ཏུ་བྱུང་བའི་ཆ་བྱད་ཅན་གྱིས་འབྱུང་པོ་ཐམས་ཅད་སེམས་ཞི་བར་བྱེད་ནུས་པ་ཅན་དུ་གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། །བཅོམ་ལྡན་ཤཱཀྱ་སེང་གེ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛ༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲངས་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལྷ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །དུས་མིན་འཆི་བའི་བར་ཆད་ཟློག །ཨོཾ་


CMR038_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཀཱ་མ་ལཱ་ཡ་ཧཱུྃ། ཞེས་གདན་འབུལ། དེ་ནས་མཆོད་པ་རྣམས་བསངས་སྦྱངས་ཞེས་གསུངས་པས། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧཱ་ན་དཱ་ཧ་པ་ཙ་མ་ཐ་བྷནྡྷ་ར་ཎ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་མཆོད་ཡོན། མེ་ཏོག །བདུག་སྤོས། སྣང་གསལ༔ དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ལས་ཀྱང་ཆེས་ཆེར་ལྷག་པ་རབ་འབྱམས་ནམ་མཁའི་མཐའ་ཀླས་པ་རྒྱས་པར་འགེངས་ཤིང་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པ་འཕགས་པ་རྣམས་མཉེས་པར་བྱེད་པའི་རང་བཞིན་ཅན་དུ་གྱུར། ཐལ་མོ་ཁོང་སྟོང་སྦྱར་བ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས། ཨོཾ་སརྦ་བིད་པཱུ་ར་སོགས། ཨོཾ་བཛྲ་སྤ་ར་ཎ་ཁཾ། ཨོཾ་སརྦ་བིད་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པུཥཱ་ནས། ཤརྡ་ཨཱཿཧཱུྃ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་


CMR038_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །དེ་སྙེད་རྣམས་ལ་མཆོད་འབུལ་ན། །ཐུགས་རྗེའི་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །མཆོད་ཡོན་གྱི་མལ་དུ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། རྣམས་ལ་ཤོ་ལོ་ཀ་རེ་རེ་བཞིན་སྦྱར། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨཧཱུྃ་པྲ་ཏིཙྪ། ནས་ཧཱུྃ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པུཥཱ་དྷ་པེ་ཨཱ་ལོ་ཀེ་གནེ་ནེ་ཝི་དྱ་ཤབྡ་པྲ་ཏཱིཙྩ་ནས་ཧཱུྃ། བར་ཤོ་ལོ་ཀ་རེ་རེའི་མཐར་སྦྱར། བསྟོད་པ་ནི། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་བསྟོད། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་བའི། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་བསྟོད། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་


CMR038_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་སྭཱ་ཧཱ། འདི་ཁ་འབར་མ་དང་བརྒྱ་བཞི། །སྡོང་པོ་རྒྱན་མདོས་ཀུན་ལ་ཁྱད་པར་མེད་པར་མི་བསྐྱོད་ཞབས་ཀྱིས་མཛད་པ་ལས་ཨ་རཱ་གས་བསྒྲིགས་པ་ཉེས་འགལ་མཆིས་ན་སྲུང་མ་རྣམས་ལ་བཤགས་སོ།། ༈ མདུན་བསྐྱེད་ཐུབ་དབང་རྡོ་རྗེ་གདན་པ་ཞེས། །གཙོ་འཁོར་གསུམ་བསྐྱེད་མཆོད་བསྟོད་འདི་ལྟར་དུ། །སྐད་ཅིག་དྲན་རྫོགས་གྱེར་སྒོམ་སྦྲགས་པས་འཐུས། །ཐོག་མར་ཐུབ་དབང་གཙོ་འཁོར་གསུམ་བསྐྱེད་ནི། །ཨོཾ་སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཕུང་པོའི་བདུད་སེར་པོ། ཉོན་མོངས་པའི་བདུད་དམར་པོ། འཆི་བདག་གི་བདུད་ནག་པོ། ལྷའི་བུའི་བདུད་དཀར་པོ་རྣམས་ཀྱི་སྟེང་དུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་རྡོ་རྗེ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས། ཐུབ་དབང་རྡོ་རྗེ་གདན་པ་སྐུ་མདོག་གསེར་བཙོ་མའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པའི། གཡས་ས་གནོན་དང་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ན་བཟའ་ཆོས་གོས་རྣམ་


CMR038_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ངུར་སྨྲིག་གསོལ་ཞིང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཚངས་པར་སྤྱོད་པའི་ཆ་ལུགས། དེ་ཡི་གཡས་སུ་བྱམས་པ་སེར་པོ་གཡས་རིན་པོ་ཆེའི་རྔ་ཡབ་དང་། གཡོན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། གཡོན་དུ་སྤྱན་རས་གཟིགས་དབང་ཕྱུག་དཀར་པོ་གཡས་རིན་པོ་ཆེའི་རྔ་ཡབ་དང་གཡོན་པདྨ་དཀར་པོ་འཛིན་པ། གཉིས་ཀ་མཉམ་པའི་སྟབས་ཀྱིས་བཞེངས་ཤིང་། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་ཞིང་བཞུགས་པ། དེ་དག་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་དམ་ཚིག་གསུམ་བཀོད་གཙོ་འཁོར་གསུམ་གྱི་རྣམ་པར་ཨོཾ་བཛྲ་ས་མ་ཡ་ཛ༔ ཨོཾ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨནྡྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱཏྱཾ་སོགས་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མ་ཡ་ཛ༔ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨགྣི་


CMR038_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ཤརྡ་ཡན་བརྗོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ། བྱམས་པ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན། ཨོཾ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་དུ། པུཎྜེ་ནས་ཤབྡའི་བར་གྱིས་མཆོད། དེ་ནས་བསྟོད་པ་ནི། དྲིལ་བུ་འཁྲོལ་ཞིང་། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་མཆོག་ལ་ཕྱག་འཚལ་བསྟོད། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་བསྟོད། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་


CMR038_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་བསྟོད། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་ཡི་གེ་བརྒྱ་པས་ཁ་བཀང་བར་བྱའོ། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབརྒྱ་བཞི་སྡོང་རྒྱན་ཁ་འབར་མ་རྣམས་ཀྱི་མདོས་ཆོག་ལ་ཉེ་བར་མཁོ་བའི་བདག་མདུན་བསྐྱེད་ཆོགnext