Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྒྱ་བཞིའི་ཆོ་ག་མདོ་སྔགས་ཟུང་འཇུག་གི་ལུགས། དངོས་ཀྱི་བརྒྱ་བཞི་རྒྱས་བསྡུས་གཉིས། གཟུགས་བརྙན་གྱི་བརྒྱ་བཞི་རྒྱས་བསྡུས་གཉིས། ཏིང་ངེ་འཛིན་གྱི་བརྒྱ་བཞི་དང་ལྔ་ཡི་ཕྱག་ལེན་འདོན་ཆ་འགྲིགས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྒྱ་བཞིའི་ཆོ་ག་མདོ་སྔགས་ཟུང་འཇུག་གི་ལུགས། དངོས་ཀྱི་བརྒྱ་བཞི་རྒྱས་བསྡུས་གཉིས། གཟུགས་བརྙན་གྱི་བརྒྱ་བཞི་རྒྱས་བསྡུས་གཉིས། ཏིང་ངེ་འཛིན་གྱི་བརྒྱ་བཞི་དང་ལྔ་ཡི་ཕྱག་ལེན་འདོན་ཆ་འགྲིགས་ཆོག་ཏུ་བཀོད་པ།next

བརྒྱ་བཞིའི་ཆོ་ག་མདོ་སྔགས་ཟུང་འཇུག་གི་ལུགས། དངོས་ཀྱི་བརྒྱ་བཞི་རྒྱས་བསྡུས་གཉིས། གཟུགས་བརྙན་གྱི་བརྒྱ་བཞི་རྒྱས་བསྡུས་གཉིས། ཏིང་ངེ་འཛིན་གྱི་བརྒྱ་བཞི་དང་ལྔ་ཡི་ཕྱག་ལེན་འདོན་ཆ་འགྲིགས་ཆོག་ཏུ་བཀོད་པ།


CMR038_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བཞིའི་ཆོ་ག་མདོ་སྔགས་ཟུང་འཇུག་གི་ལུགས། དངོས་ཀྱི་བརྒྱ་བཞི་རྒྱས་བསྡུས་གཉིས། གཟུགས་བརྙན་གྱི་བརྒྱ་བཞི་རྒྱས་བསྡུས་གཉིས། ཏིང་ངེ་འཛིན་གྱི་བརྒྱ་བཞི་དང་ལྔ་ཡི་ཕྱག་ལེན་འདོན་ཆ་འགྲིགས་ཆོག་ཏུ་བཀོད་པ། དེ་ལྟར་རྒྱས་བསྡུས་ལྔ་པོ་འབྱོར་པ་དང་བསྟུན་མཛོད་འདོན་ཆ་གཞུང་ལ་ཁྱད་པར་མེད་དོ། །


CMR038_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤཱཀྱ་མུ་ནི་བཛྲ་པཱ་ཎི་ཡེ། །ཐུབ་དབང་གསང་བདག་བཅས་ལ་ཕྱག་འཚལ་ནས། །མདོ་སྔགས་ཟུང་འཇུག་བརྒྱ་བཞི་ཁྱེར་བདེར་བཀོད། །འགྲོ་ལ་ཕན་ཕྱིར་བཀའ་གནང་བྱིན་གྱིས་རློབས། །གོང་དུ་མཆོད་གཞི་པད་འདབ་བཅུ་བཞིའམ། །ཡང་ན་ཚོམ་བུ་བཀོད་སྟེང་མཎྜལ་ཁར། །ཐུབ་དབང་སྐུ་བཤམས་མདུན་ནས་གཡས་བསྐོར་དུ། །མཆོད་པ་སྣ་བདུན་སྤྱི་ལྟར་བཤམས་པར་བྱ། །འོག་ཏུ་ས་སྟེགས་སྟེང་དུ་རྡུལ་ཚོན་ནམ། །ཡང་ན་གཞི་སྟེང་ཤོག་བུར་བྲིས་པས་ཆོག །གྲུ་བཞི་སུམ་རིམ་སྟེང་དུ་འདབ་བརྒྱད་དབུས། །ཐུབ་པའི་ཕྱག་གཡས་བཅག་གྲུ་གང་གི་ཚད། །ཕྱག་སོར་བཞི་ལ་བདུད་བཞིའི་གཟུགས་དེ་ནི། །སྔགས་པས་བྱེད་ན་འཇིམ་གཟུགས་བྱེད་སྲོལ་འདུག །དེ་ལ་མི་གཟུགས་དཀར་སེར་དམག་ནག་


CMR038_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། །དེ་ལ་ཕྱག་མཚན་ལ་སོགས་མི་དགོས་སོ། །བཙུན་པས་བྱེད་ན་ཙཀ་ལི་གཞུང་ནས་བཤད། །ཟན་ནམ་ཡུངས་རྡོག་སོགས་ལ་བཙུགས་ནས་བཞག །ཕྱག་མཐིལ་སྡེར་ནང་ཡོན་བདག་དེ་ཡི་གཟུགས། །ངར་མི་ཆངས་བུས་བསྐོར་ལ་གོས་དུམ་བསྐོན། །དེ་མཐར་ཚ་ཚ་བརྒྱ་ཡིས་བསྐོར་བ་ནི། །སཱཙྪ་འདེབས་ཆོག་བྱིན་རླབས་སོགས་མི་དགོས། །ཡིག་དྲུག་འདོན་ཅིང་བཏབ་པས་འཐུས་པ་ཡིན། །དེ་རྒྱབ་མར་མེ་བརྒྱ་ཡིས་བསྐོར་བ་དང་། །དེ་རྒྱབ་ལྷ་བཤོས་ཆུང་བ་བརྒྱ་དང་ནི། །ཟན་དུམ་འདྲ་བས་མཐེབ་སྐྱུ་བརྒྱ་ཡིས་བསྐོར། །དེ་རྒྱབ་ངར་མི་བརྒྱ་དང་ཆངས་བུ་བརྒྱ། །དེ་ནི་ཡོན་བདག་འབྱོར་བ་རབ་རྣམས་ཀྱིས། །བརྒྱ་བཞི་དངོས་སུ་བཤམས་པ་རྒྱས་པ་ཡིན། །དེ་ལས་ཅུང་ཞིག་བསྡུས་པར་འདོད་པ་ན། །མཐེབ་སྐྱུ་ཆངས་བུ་


CMR038_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་མི་དགོས་སོ། །ཡང་ན་གཏོར་མའི་ཚབ་ལ་མཐེབ་སྐྱུདང་། །ངར་མིའི་ཚབ་ལ་ཆངས་བུས་ཆོག་པར་བཤད། །ཡང་ན་གཏོར་མ་ཤར་དང་མར་མེ་ལྷོ། །སཱཙྪ་ནུབ་དང་ངར་མི་བྱང་དུ་བཤམས། །འབྱོར་པ་འབྲིང་ལ་གཟུགས་བརྙན་བརྒྱ་བཞི་སྟེ། །དང་པོ་སཱཙྪ་ཉེར་ལྔ་སྔོན་ལྟར་ཏེ། །དེ་རྒྱབ་འཇིམ་པའམ་ཡུང་གི་ཀོང་བུའི་ནང་། །སྡོང་བུ་ལྔ་རེ་བཙུགས་པའི་མར་མེ་ལྔ། །དེ་རྒྱབ་ལྷ་བཤོས་དང་ནི་ངར་མི་ཡང་། །ཉི་ཤུ་རྩ་ལྔ་རེ་ཡིས་བསྐོར་བར་བྱ། །དེ་རྒྱབ་ཕྱོགས་བཞིར་མདའ་འམ་སྙུག་རྒོད་ལ། །མེ་ལོང་བཞི་བཏགས་གཟུགས་བརྙན་བརྒྱ་བཞི་ཚང་། །དེ་ལས་བསྡུས་ན་སཱཙྪ་བཅུ་ཡིས་ཆོག །མར་མེ་བཞི་ལ་སྡོང་བུ་ལྔ་རེ་འོ། །བཤོས་བུ་ངར་མི་ཡང་ན་བཅུ་རེ་བྱ། །གཞུང་ལས་དོན་ལ་ཀློབཅུ་རེ་ཚང་ཞེས་གསུངས། །དེ་ཉིད་འདོན་ཚེ་ལག་ཏུ་མེ་ལོང་བཟུང་། །མེ་ལོང་ཕྱི་ཞིང་ལན་བཅུ་བསྟན་པས་འཐུས། །དེ་ནི་གཟུགས་བརྙན་བརྒྱ་བཞི་རྒྱས་བསྡུས་སོ། །ཐ་མ་ཏིང་ངེ་འཛིན་གྱི་བརྒྱ་བཞི་ནི། །སཱཙྪ་གཅིག་དང་དེ་བཞིན་མར་མེ་གཅིག །ངར་མི་ལྷ་བཤོས་གཉིས་ནི་བཞི་རེ་བྱ། །ཏིང་ངེ་འཛིན་གྱི་བརྒྱ་རེ་ཡིད་ཀྱིས་སྤྲུལ། །འདོན་ཆ་རྣམས་ནི་ཚར་གཅིག་འདོན་པ་སྟེ། །དམིགས་པ་གསལ་ན་དེས་ཀྱང་འགྲུབ་པ་སྟེ། །མི་གསལ་ན་ནི་ཕན་ཐོགས་ཆུང་བར་བཤད། །འོན་ཀྱང་མོ་ལུང་སེལ་ཙམ་འོང་བ་ཡིན། །དེ་ལྟར་རྒྱས་བསྡུས་འབྲིང་གསུམ་གང་བྱེད་ཀྱང་། །གོང་དུ་ཐུབ་པའི་སྐུ་དང་མཆོད་པ་དང་། །འོག་ཏུ་ཐུབ་པའི་ཕྱག་མཐིལ་ངར་མི་དང་། །ཕྱག་སོར་བདུད་བཞིའི་གཟུགས་རྣམས་


CMR038_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་དགོས། །དེ་ནས་མཆོད་པ་ཐམས་ཅད་བྲན་བྱས་ཏེ། །བདག་བསྐྱེད་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་དང་། །མདུན་བསྐྱེད་ཐུབ་པ་སྤྱན་འདྲེན་མཆོད་བསྟོད་ནི། །ཁུངས་བཙུན་མི་བསྐྱོད་ཞབས་ཀྱིས་མཛད་ལྟར་འདོན། །དེ་ནས་འདི་དག་གྱེར་སྒོམ་སྦྲགས་པས་འཐུས། ཨོཾ་སྭ་བྷ་ཝ་སོགས། ཆོས་རྣམས་ཡེ་ནས་མི་དམིགས་སྟོང་པའི་ངང་། །ཡཾ་རཾ་བཾ་ལཾ་ལས་བྱུང་འབྱུང་རིམ་བརྩེགས། །དེ་ལྟར་སྣང་སྟོང་མཁའ་ལ་འཇའ་ཤར་ལྟར། །ཐུབ་པའི་ཕྱག་གཡས་ཡངས་ཤིང་རྒྱ་ཆེ་བ། །མཛུབ་མོའི་སྟེང་དུ་ལྷ་ཡི་བུ་ཡི་བདུད། །དཀར་པོ་ལྷ་ཕྲུག་གཞོན་ནུའི་ཆ་བྱད་ཅན། །གུང་མོའི་སྟེང་དུ་ཉོན་མོངས་པ་ཡི་བདུད། །དམར་པོ་སྒེག་ཅིང་ཆགས་པའི་ཉམས་ལྡན་པ། །སྲིན་ལག་སྟེང་དུ་ཕུང་པོའི་བདུད་སེར་པོ། །བྲམ་ཟེའི་ཆ་ལུགས་རྒས་ཤིང་འཁོག་པའི་ཉམས། །མཐེའུ་ཆུང་སྟེང་དུ་འཆི་བདག་བདུད་ནག་པོ། །གཤིན་རྗེའི་ཆ་ལུགས་ཁྲོ་ཞིང་གཏུམ་པའི་གཟུགས། །བཞི་ཀས་ལག་ན་ཁྲམ་ཤིང་ཞགས་པ་ཐོགས། །རང་རང་རིགས་མཐུན་འཁོར་ཚོགས་རྒྱ་མཚོས་བསྐོར། །ཕྱག་མཐིལ་འབྲུ་མཆོག་ངར་གྱི་མི་བོ་ཆེ། །ཕུང་ཁམས་སྐྱེ་མཆེད་ཆ་ལུགས་ཡོངས་སུ་རྫོགས། །སྦྱིན་བདག་དངོས་འདྲ་དངོས་


CMR038_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྒྱ་སྟོང་ལྷག །རང་འདྲའི་སྤྲུལ་པ་གདོན་གྱི་གྲངས་མཉམ་འཕྲོ། །ཚ་ཚ་རྣམས་ནི་ཧཱུྃ་ཡིག་དཀར་པོ་ལས། །འོད་འཕྲོས་རྣམ་སྣང་དཔག་མེད་སྤྱན་དྲངས་ཐིམ། །ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ལྷུན་འགྲུབ་པའི། །རྣམ་རྒྱལ་མཆོད་རྟེན་དཀར་པོ་བརྒྱ་ཕྲག་ནི། །ཕུང་པོའི་བདུད་རྣམས་སེལ་བའི་བྱིན་རླབས་ཅན། །བཻ་རོ་ཙ་ན་ཨོཾ་གྱིས་བྱིན་གྱིས་བརླབས། །ཀོང་བུ་པདྨ་མར་ཁུ་ཟླ་དཀྱིལ་དབུས། །སྡོང་བུ་ཧཱུྃ་ལས་ཡེ་ཤེས་ལྔ་ཡི་མེ། །ཉོན་མོངས་བདུད་རྣམས་སེལ་བའི་འོད་ཅན་དུ། །བཛྲ་དྷི་པཾ་ཧཱུྃ་གིས་བྱིན་གྱིས་བརླབས། །འབྲུ་སྣའི་བཤོས་བུ་རོ་བརྒྱ་ནུས་པ་སྟོང་། །དཀར་ཟླུམ་རི་རབ་ཙམ་པ་བརྒྱ་ཕྲག་ནི། །ལྷ་བུའི་བདུད་རྣམས་སེལ་བའི་བཅུད་ལྡན་དུ། །བཛྲ་ནེ་ཝི་དྱ་ཡིས་བྱིན་གྱིས་བརླབས། །ངར་མི་འཕྲུལ་གྱི་མི་ཕོ་ཡ་མཚན་ཅན། །གླ་ལེན་བྲོ་རྡུང་བྱེད་པ་བརྒྱ་ཕྲག་སྟེ། །འཆི་བདག་བདུད་རྣམས་བཟློག་པའི་སྟོབས་ལྡན་དུ། །བཛྲ་རཱུ་པ་ཧཱུྃ་གིས་བྱིན་གྱིས་བརླབས། །རང་ཉིད་སྤྱན་རས་གཟིགས་ཀྱི་འོད་ཟེར་གྱིས། །མདུན་གྱི་ཐུབ་པའི་ཐུགས་ཀར་ཕོག་པ་ཡིས། །ཐུབ་པའི་ཐུགས་ལས་འོད་ཟེར་འཕྲོས་བྱས་པས། །དཔེར་ན་ཉི་མ་དང་ནི་འོད་


CMR038_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བཞིན། །ཐུབ་པའི་འཁོར་དུ་ཁྲོ་བོའི་ཚོགས་བཞུགས་པ། །སྤྲོས་ཏེ་གདོན་གྱི་ཚོགས་རྣམས་མདུན་དུ་བཀུག །བདག་དང་ཐུབ་པའི་བཀའ་ཉན་གསུང་བསྒྲུབ་གྱུར། །ཧཱུྃ་མཛད་ཀྱི་ཕྱག་རྒྱས། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། །གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་རྣམས་ཀྱི་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། ལྷའི་བུའི་བདུད། ཉོན་མོངས་པའི་བདུད། ཕུང་པོའི་བདུད། འཆི་བདག་གི་བདུད། དེ་དག་གི་རིགས་དང་འཁོར་དུ་གཏོགས་པའི་བསྲུང་བྱ་སྦྱིན་བདག་འདི་ལ་གནོད་ཅིང་འཚེ་བར་བྱེད་པ་གང་ཡིན་པ་ཐམས་ཅད་འདིར་མཆིས་པར་གྱུར་ཅིག །ཊཱཀྐི་ཧཱུྃ་ཛ༔ ཧཱུྃ། དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །བར་སྣང་ཨཱུ་ཁམས་ཀྱང་འགུགས་བྱེད་ན། །ལུས་ཅན་རྣམས་ལ་སྨོས་ཅི་དགོས། །སེམས་མེད་པ་ཡང་འགུགས་བྱེད་ན། །སེམས་དང་ལྡན་པ་སྨོས་ཅི་དགོས། །འདིར་ནི་གནོད་བྱེད་འགུག་


CMR038_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཧཱུྃ། སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །བདུད་བཞིའི་རིགས་སུ་མ་འདུས་མེད། །ལྷས་ཀྱང་གསོན་ལ་འདྲེས་ཀྱང་ཉོན། །འདས་པའི་སངས་རྒྱས་མར་མེ་མཛད། །མར་མེ་བརྒྱ་ནི་སྦྱིན་པ་བཏང་། །མ་རིག་མུན་པ་བསལ་བ་ལྟར། །དེ་རིང་མར་མེ་མཆོད་སྦྱིན་བྱ། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །སྐུ་གདུང་མཆོད་རྟེན་འཛམ་གླིང་བཀང་། །འགྲོ་བ་མང་པོ་ཚོགས་གཉིས་རྫོགས། །དེ་བཞིན་མཆོད་རྟེན་ཚ་ཚ་བཞེངས། །སྔོན་ཚེ་ལྷ་དབང་བརྒྱ་བྱིན་དེ། །ལྷ་དང་ལྷ་མིན་འཐབ་པའི་ཚེ། །ལྷ་རྣམས་ཕམ་ཞིང་ལྷ་མིན་རྒྱལ། །བརྒྱ་བྱིན་འཆི་བདག་བདུད་ཀྱིས་ཟིན། །ཚེ་འཕོས་ངན་སོང་སྐྱེ་བར་ཤེས། །ཤིན་ཏུ་འཇིགས་ཤིང་སྐྲག་གྱུར་ནས། །ཕྱག་ན་རྡོ་རྗེ་ལ་ཞུས་པ། །ཀྱེ་མ་བཅོམ་ལྡན་ཐུགས་རྗེ་ཅན། །བདུད་བཞི་འདུལ་བ་གང་ལྟར་ལགས། །ལྷ་ཡི་བུ་ཡི་བདུད་ཀྱིས་ནི། །ལྷ་མིན་དམག་དྲངས་གཡུལ་ཕམ་གྱུར། །ཕུང་པོའི་བདུད་ཀྱིས་ལུས་འདི་ལ། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་བྱུང་། །འཆི་བདག་བདུད་ཀྱིས་སྲོག་བཅད་ཅིང་། །ཉོན་མོངས་བདུད་ཀྱིས་ངན་སོང་ལྟུང་། །རྡོ་རྗེ་འཆང་གིས་བདག་ལ་


CMR038_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས། །ཞེས་ཞུས་གསང་བའི་བདག་པོ་ཡིས། །བཅོམ་ལྡན་ཐུབ་པ་ཉིད་ལ་ཞུས། །ཐུབ་པས་བརྒྱ་བཞིའི་ཆོ་ག་མཛད། །ལྷ་དབང་བརྒྱ་བྱིན་སྙུང་ལས་ཐར། །བརྒྱ་བཞི་སྦྱིན་པ་བཏང་བ་དེས། །བརྒྱ་བྱིན་ཞེས་བྱའི་མཚན་ཡང་ཐོགས། །སྔོན་གྱི་སྲིད་པ་ཇི་བཞིན་དུ། །སྦྱིན་བདག་བར་ཆད་བསལ་བའི་ཕྱིར། །བརྒྱ་བཞིའི་མཆོད་སྦྱིན་བཞེས་སླད་དུ། །ཧཱུྃ། འཆི་བདག་བདུད་དང་ཕུང་པོའི་བདུད། །ཉོན་མོངས་བདུད་དང་ལྷ་བུའི་བདུད། །བདུད་བཞི་བདུད་ཀྱི་དམག་དཔོན་ཚོགས། །སྔོན་ཚེ་ལྷ་དབང་བརྒྱ་བྱིན་དེ། །འཆི་བདག་ནག་པོ་བདུད་ཀྱིས་ཟིན། །བདུད་བཞི་སེལ་བའི་གཏོ་སྤྱད་དུ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱིས། །བརྒྱ་བཞི་སྦྱིན་པར་བཏང་བས་སངས། །ལྷ་དབང་བརྒྱ་བྱིན་སྙུན་ལས་ཐར། །ད་ལྟ་རྒྱུ་སྦྱོར་ཡོན་བདག་ལ། །མོ་ངན་རྨི་ལྟས་ངན་པ་དང་། །མོ་རྩིས་ངན་པའི་གཏོ་སྤྱད་དུ། །བརྒྱ་བཞིའི་ཡས་དང་རྫས་གླུ་བསགས་ཏེ། །འབྱུང་བའི་བདུད་བཞི་སྤྱན་དྲངས་ཏེ། །ཐང་ཅིག་ཡུད་ཙམ་འདིར་གཤེགས་ནས། །ཕྱག་སོར་བཞི་ཡི་རྩེ་ལ་བཞུགས་སུ་གསོལ། །ཀྱཻ། ལྷ་བུའི་བདུད་ནི་


CMR038_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་སྟེ། །ཤེས་བྱའི་སྒྲིབ་པའི་རྒྱུ་ལས་བྱུང་། །ཉོན་མོངས་བདུད་ནི་སེར་པོ་སྟེ། །དུག་ལྔ་ཉོན་མོངས་སྒྲིབ་ལས་བྱུང་། །ཕུང་པོའི་བདུད་ནི་དམར་པོ་སྟེ། །བག་ཆགས་སྒྲིབ་པའི་རྒྱུ་ལས་བྱུང་། །འཆི་བདག་བདུད་ནི་ནག་པོ་སྟེ། །རྣམ་སྨིན་ལས་ཀྱི་སྒྲིབ་ལས་བྱུང་། །དེ་ལྟར་རྒྱུ་སྦྱོར་ཡོན་བདག་ལ། །སྒྲིབ་པ་རྣམ་བཞི་སྦྱང་བའི་ཕྱིར། །མཆོད་དང་སྦྱིན་པའི་གནས་ཉིད་ནི། །མཆོད་པའི་གནས་འདིར་དཀོན་མཆོག་གསུམ། །མཆོད་རྫས་མར་མེ་ཞལ་ཟས་སོགས། །འབུལ་ཞིང་ཚོགས་ནི་རབ་བསགས་པའི། །ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་བྱང་། །ལྷ་བདུད་ཉོན་མོངས་བདུད་ལས་ཐར། །སྦྱིན་པའི་གཏོར་མ་རྒྱ་ཆེན་བཏང་། །འཆི་བདག་ནག་པོའི་བདུད་ལས་ཐར། །ལན་ཆགས་སྲོག་གླུད་འདི་བསྔོས་པས། །འཆི་བདག་ཕུང་པོའི་བདུད་ལས་ཐར། །བདུད་བཞི་སེལ་བའི་གཏོར་མཆོད་འདི། །སྔོན་ཚེ་རྒྱལ་བའི་བྱིན་རླབས་དང་། །གསང་སྔགས་དང་ནི་རིག་སྔགས་དང་། །བདག་གི་བསམ་པ་དག་པའི་མཐུས། །བདུད་བཞིའི་གནོད་སེམས་ཞི་གྱུར་ཅིག །མཆོད་སྦྱིན་རྒྱས་པའི་ཆོ་ག་འདི། །བདུད་བཞི་སེལ་བའི་མཆོག་ཡིན་ཏེ། །


CMR038_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཚེ་ལྷ་ཡི་དབང་པོས་མཛད། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་རྐྱེན་རྣམས་བཟློག་ཏུ་གསོལ། །བདུད་སྒོ་ཆོད་ལ་ལས་སྒོ་སྐྱོལ། །སྒྲིབ་པ་མི་ཚོགཙང་དྲི་མའི་ཚོགས། །ཚོགས་གཉིས་བསགས་པས་དག་པར་གྱིས། །བདུད་ཚོགས་ཐམས་ཅད་མ་ལུས་པའི། །གཙོ་བོ་བདུད་ཆེན་རྣམ་པ་བཞི། །སྣང་གསལ་བརྒྱ་བཞིའི་མཆོད་པ་བཞེས། །མཆོད་སྦྱིན་ཆེན་པོ་འདི་བསྔོས་པའི། །བདུད་ཆེན་བཞི་ཡི་ཐུགས་དམ་བསྐང་། །གཟུགས་དང་ཕུང་པོ་འཇིགས་བྱེད་པའི། །ནད་བཞི་འདུལ་བ་སྨན་གྱིས་གསོ། །བར་ཆད་གློ་བུར་ཡེ་འདྲོག་རྐྱེན། །བགེགས་ཀྱི་རྒྱལ་པོ་བདུད་ཆེན་བཞི། །བརྒྱ་བཞིའི་མཆོད་སྦྱིན་འདི་བཞེས་ལ། །བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །དངོས་དང་གཟུགས་བརྙན་ཏིང་འཛིན་གྱིས། །བསགས་ཤིང་མེ་ལོང་བློས་སྤྲུལ་ནས། །བྱིན་གྱིས་བརླབས་ཤིང་སྦྱིན་བཏང་འདི། །བདུད་ཆེན་བཞི་ལ་འབུལ་ལགས་ན། །འདིར་གཤེགས་བཞེས་ཏེ་དགྱེས་པར་མཛོད། །ཀྱཻ། སྔོན་ཚེ་བཅོམ་ལྡན་ཤཱཀ་ཐུབ་ཀྱི། །མཆོད་སྦྱིན་ཕྱག་རྒྱ་གཡས་པ་རུ། །མཆོད་གཏོར་རྫས་དང་ཡས་བསགས་ཏེ། །


CMR038_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་སོར་རྩེ་ལ་མགྲོན་བཀུག་ནས། །བདུད་བཞིའི་མགྲོན་ལ་སྦྱིན་པ་བཏང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དད་ཅན་ཡོན་བདག་ཕྱག་མཐིལ་དུ། །བཞག་ཅེས་བརྗོད་ནས་དབང་བསྐུར་བས། །སྒྲིབ་པ་བཞི་ལས་གྱུར་པ་ཡི། །བདུད་བཞི་བསལ་ཏེ་མདངས་དང་ལྡན། །སྔོན་ཚེ་བདེན་པའི་བྱིན་བརླབས་པས། །བདེན་པའི་བྱིན་རླབས་དེ་ལྟར་ལགས། །ད་ལྟ་བདག་དང་ཡོན་བདག་གིས། །གཟུགས་དང་གླུད་ཆེན་འདི་བསྔོས་ཏེ། །མཐའ་མ་བརྒྱ་བཞིའི་རྫས་ཀྱིས་བསྐོར། །བདུད་བཞི་ཕྱག་སོར་བཞུགས་པ་རྣམས། །མཛུབ་མོར་ལྷ་བདུད་དཀར་པོ་ཉོན། །གུང་མོར་ཕུང་བདུད་སེར་པོ་ཉོན། །སྲིན་ལག་ཉོན་བདུད་དམར་པོ་ཉོན། །མཐེའུ་ཆུང་འཆི་བདག་བདུད་ནག་ཉོན། །བསགས་པའི་དམ་རྫ་ས་འདི་རྣམས་ལ། །བདག་གིས་ཏིང་འཛིན་སྟོབས་དང་ནི། །ཕྱོགས་བཅུའི་དཀོན་མཆོག་བདེན་པ་དང་། །ཆོས་སྐྱོང་རྣམས་ཀྱི་མཐུ་རྩལ་གྱིས། །བདུད་བཞིའི་དམག་དང་བགེགས་ཚོགས་རྣམས། །ཚིམ་ཞིང་དགྱེས་པའི་སེམས་དང་ལྡན། །གདུག་པའི་སེམས་ཞི་བདེ་བར་མཛོད། །སྔོན་ཚེ་ཐུབ་པ་ཆེན་པོའི་བཀའ། །བརྒྱ་བཞི་སྦྱིན་པ་རྣམ་


CMR038_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྟེ། །ཚ་ཚ་བརྒྱ་ནི་ཚོགས་ལམ་ལ། །བརྟེན་ནས་སྐྱབས་ཀྱི་སྦྱིན་པ་ཡིན། །གཏོར་མ་བརྒྱ་ནི་སྦྱོར་ལམ་ལ། །བརྟེན་ནས་ཟང་ཟིང་སྦྱིན་པ་ཡིན། །མར་མེ་བརྒྱ་ནི་མཐོང་ལམ་ལ། །བརྟེན་ནས་བྱམས་པའི་སྦྱིན་པ་ཡིན། །ངར་མི་བརྒྱ་ནི་བསྒོམ་ལམ་ལ། །བརྟེན་ནས་སྲོག་གི་ལན་ཆགས་སྦྱོང་། །དེ་ཕྱིར་ཆོས་ཀྱི་སྦྱིན་པ་ཡིན། །སྔོན་ཚེ་བརྒྱ་བྱིན་ལུས་ཀྱི་སྦྱིན། །ངར་མི་བརྒྱ་བཏང་བདུད་ལས་ཐར། །དེ་བཞིན་བརྒྱ་བཞི་འདི་བཏང་བས། །ནད་དང་གདོན་ལས་ཐར་གྱུར་ཅིག །ཧཱུྃ། འགྲོ་བ་མ་རིག་འཁྲུལ་པ་ཡི། །ལས་ལ་ཐུགས་རྗེས་རབ་གཟིགས་པའི། །རིན་ཆེན་སྣ་ལྔའི་ས་བསྡུས་ནས། །འབྱུང་བ་ཆུ་ཡིས་རབ་སྦྱར་ཏེ། །ཏིང་ངེ་འཛིན་གྱིས་བྱིན་བརླབས་ནས། །རྐོས་ཕོར་ཆོས་ཀྱི་དབྱིངས་ཀྱི་ཡུམ། །འབུ་འབུ་ཐབས་དང་ཤེས་རབ་སྲས། །གཉིས་སུ་མེད་པར་བརྡབས་པ་ནི། །སྐུ་གདུང་མཆོད་རྟེན་དཔག་ཏུ་མེད། །སེམས་ཀླུབསྐྱེད་ཆེ་བས་ཁྱད་པར་འཕགས། །བསྒྱུར་སྟོབས་ཆེ་བས་རླུང་དང་འདྲ། །རྟེན་འབྲེལ་ཀུན་ཚོགས་སྐུ་ཡི་རྟེན། །ཡོན་ཏན་ལྡན་ཏེ་ཐོགས་པ་མེད། །སྐུ་གདུང་མཆོད་རྟེན་


CMR038_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། །མཆོད་པའི་གནས་སུ་གྱུར་པ་དང་། །བདག་ཅག་ཡོན་མཆོད་འཁོར་བཅས་དང་། །སེམས་ཅན་རྣམས་ཀྱི་སྐྱབས་སུ་ཆེ། །དེ་ཕྱིར་དཀོན་མཆོག་གསུམ་པོ་དང་། །ཡི་དམ་ཆོས་སྐྱོང་ལྷ་ཚོགས་ཀྱི། །སྐུ་གསུང་རྟེན་མཆོག་གྱུར་པ་རྣམས། །སྤྱི་བོའི་གཙུག་ཏུ་བཀུར་བྱས་ནས། །ཕྱག་གི་གནས་སུ་བཟུང་བར་བགྱི། །བྱིན་རླབས་སྐྱབས་ཆེན་དཀོན་མཆོག་གསུམ། །ཕྱག་གི་རྟེན་དུ་བཞུགས་སུ་གསོལ། །དེང་ནས་སྙིང་པོ་བྱང་ཆུབ་བར། །སེམས་ཅན་རྣམས་ཀྱི་མགོན་སྐྱབས་སུ། །བདེ་བར་གཤེགས་པར་རབ་སྤྲུལ་ནས། །སེམས་ཅན་རྣམས་ཀྱི་དོན་ལ་དགོངས། །འོད་དཔག་མེད་པའི་ཐུགས་རྗེ་ཡིས། །བྱིན་གྱིས་བརླབས་པའི་ཡོན་ཏན་ལྔ། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །ཕྱག་གི་གནས་སུ་བཟུང་བར་གྱིས། །བསོད་ནམས་རྟེན་དུ་བཟུང་བར་གྱིས། །སྔོན་གྱི་རྒྱལ་པོ་པ་རི་ཤ་པ་དེ། །འཆི་བདག་བདུད་ཀྱི་ཁྱེར་ལ་ཁད། །ཚ་ཚ་བརྒྱ་རྩ་བརྩམས་པ་ཡིས། །པ་རི་ཤ་པ་བདུད་ལས་ཐར། །སྔོན་གྱི་དེ་ལ་དཔེ་བླངས་ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །བརྒྱ་བཞིའི་ཆོ་ག་འདི་བྱས་པས། །བྱ་སྤྲེལ་ལྕགས་ཀྱི་


CMR038_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཞིག །བཙའ་མ་དགུ་རྒྱུག་བྱེད་པ་ཡི། །ནུབ་ཀྱི་བགེགས་གཉན་བཟློག་ཏུ་གསོལ། །ཧཱུྃ། མཉམ་པ་ཉིད་ཀྱི་ཞིང་ཁམས་ནས། །རིན་ཆེན་ཕོ་བྲང་དཀྱིལ་འཁོར་ནས། །རྩི་ཐོག་སྙིང་པོ་མར་དང་ནི། །འབྲུ་མར་སྙིང་པོ་སྣ་ཚོགས་ཀྱི། །རྒྱུ་ཡི་མཆོག་ལས་བྱུང་བ་ཡི། །གསལ་བའི་ཡེ་ཤེས་མར་མེ་དང་། །སྣང་ཞིང་གསལ་བའི་སྒྲོན་མེ་དང་། །ཉི་མ་ཟླ་བ་ལ་སོགས་རྣམས། །ཡུལ་ཕྱོགས་ཀུན་ཏུ་གསལ་བྱས་པས། །གློག་དང་སྐར་མ་ལ་སོགས་པ། །ཡུལ་རྣམས་ཀུན་ཏུ་གསལ་བྱས་པས། །རིན་ཆེན་རང་བཞིན་ཆེར་འབར་བས། །མར་མེ་ལས་ལ་གྲུབ་པ་ཡི། །ཟླ་བ་ཆུ་ལས་གྲུབ་པ་དེས། །འོད་ཀྱི་སྣང་བ་སྣ་ཚོགས་ཀྱིས། །ལྷོ་ཕྱོགས་གདུག་པའི་སྐག་གཉན་དང་། །འབྱུང་བ་མེ་ཡི་སྐག་ལས་ཐར། །དེ་ཕྱིར་ཕན་ཡོན་དཔག་ཏུ་མེད། །བརྒྱ་བཞི་བརྩམས་པའི་ཕན་ཡོན་གྱིས། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི། །སྟག་གཟིག་གདུག་པ་ཞི་ཕྱི་བ་དང་། །མར་མེ་འདི་ཡི་ཕན་ཡོན་གྱིས། །འོད་གསལ་སྣང་གསལ་མར་མེ་འདི། །ཡེ་ཤེས་ལྷ་ལ་ཕུལ་བ་ཡིས། །སྟེང་གི་སྐག་གཉན་བཟློག་ཏུ་གསོལ། །མེས་ནི་བར་སྣང་


CMR038_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་ཞི། །ཐལ་བས་འོག་ཕྱོགས་གདོན་རྣམས་སེལ། །འོད་ཀྱིས་ཕྱོགས་རྣམས་ཀུན་གསལ་ཞིང་། །བརྒྱ་བཞིའི་ཕན་ཡོན་རབ་ལྡན་པས། །ལྷོ་ཕྱོགས་བྱེ་བྲལ་མེ་ཡི་གདུག་པ་ཞི། །ལྷོ་ཕྱོགས་མེ་ཡིས་དལ་ཁ་སྒྱུར། །འབྱུང་བའི་ནད་ལས་ཐར་གྱུར་ཅིག །ཚ་བ་མེ་ཡིས་ཡམས་ནད་དང་། །གདུག་པའི་སྐག་གཉན་སུམ་བརྒྱ་དང་། །དྲུག་ཅུ་རྩ་བཞི་ཐམས་ཅད་ཀུན། །མར་མེ་བརྒྱ་རྩའི་སྟོབས་ཀྱིས་ཟློག །བརྒྱ་བཞིའི་ཕན་ཡོན་འདི་དག་གིས། །རྩུབ་འཁྲུགས་ཐམས་ཅད་བསྒྱུར་དུ་གསོལ། །ཚེ་དང་བསོད་ནམས་འཕེལ་བར་མཛོད། །ཧཱུྃ། འཇིག་རྟེན་དག་ན་གནས་པ་ཡི། །ལྷ་དང་ཀླུ་དང་ལྷ་མིན་གདོན། །དྲི་ཟ་དང་ནི་སྲུལ་པོའི་གདོན། །མིའམ་ཅི་དང་ལྟོ་འཕྱེ་དང་། །མ་མོ་གཤིན་རྗེ་མཁའ་འགྲོའི་ཚོགས། །མཁའ་ལ་འཕྱོ་དང་བར་སྣང་འཕྱོ། །ས་ལ་གནས་རྣམས་མ་ལུས་དང་། །ས་དང་ཆུ་དང་མེ་དང་རླུང་། །འབྱུང་བ་ལྔ་ལ་གནས་པ་དང་། །བདུད་བཞི་བདུད་རིགས་འཁོར་བཅས་དང་། །རི་ཀླུང་ནགས་ཚལ་ལ་གནས་དང་། །ཁང་སྟོང་ཕུག་སྟོང་ལ་སོགས་དང་། །ལྷ་ཁང་མཆོད་རྟེན་རེ་རལ་རྙིང་པ་དང་། །རྒྱ་གྲམ་ལམ་


CMR038_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལ་བཙས་ལ་གནས་དང་། །འཛམ་བུ་གླིང་ལ་དབང་དགོས་འདྲེ་སྲིན་དང་། །གདོན་དང་འབྱུང་པོ་མ་ལུས་ཀུན། །མཆོད་སྦྱིན་གཏོར་མ་རྒྱ་ཆེན་འདི་ཁྱེར་ལ། །གནོད་པའི་བསམ་སྦྱོར་ངན་པ་མི་གཏོང་བར། །ཞི་བའི་བསམ་པས་རང་རང་གནས་སུ་དེངས། །ཟང་ཟིང་སྦྱིན་པས་ལུས་ངག་ཡིད་གསུམ་ཚིམ། །དེ་ལྟར་གཏོར་མ་དམ་པ་འདི་ཁྱེར་ལ། །སངས་རྒྱས་བདེ་བར་གཤེགས་པའི་བཀའ་ལ་ཉོན། །ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །ཀྱཻ། ངར་མིའི་རྒྱུ་བཙལ་གང་དུ་བཙལ། །འབྲུ་སྣ་དགུ་ཡི་རྒྱུ་འབྲས་ནི། །བྱུང་ཁུངས་ནག་པོ་རྒྱ་ནས་བྱུང་། །རྒྱ་ཞིང་མུ་མེད་ལྗོངས་སུ་བཏབ། །ཐབས་ཤེས་གླང་པོའི་རྨོས་དོར་ལ། །གཉའ་ཤིང་ཐོང་ལྕགས་རོལ་དུ་རྨོས། །བརྩོན་འགྲུས་ཐབས་ཀྱིས་སོ་ནམ་བྱས། །ཕ་དགུང་སྔོན་གནམ་གྱི་ཆབ་ཀྱིས་བྲན། །མ་ས་གཞི་བརླན་གྱི་ངད་ཀྱིས་སྐྱེས། །བུ་ནི་འབྲུ་སྣ་དགུ་རུ་སྲིད། །ཟོར་གྱིས་བརྗེས་ནས་གླུ་ཐབས་ཀྱིས་བརྡུངས། །རིན་ཆེན་མཛེས་པའི་སྣོད་དུ་བླུག །ཡན་ལག་བརྒྱད་ལྡན་ཆབ་ཀྱིས་བྲན། །རྣལ་འབྱོར་བདག་གི་ཕྱག་ཏུ་ཕུལ། །ཡོན་བདག་གླུད་དུ་ངར་མི་བྱས། །


CMR038_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་སྣ་དགུ་ཡི་ངར་མི་དེ། །སྤྱན་བཟང་གཟི་མདངས་ཡ་ལ་ལ། །ཤངས་བཟང་དྲི་ཞིམ་ཐུ་ལུ་ལུ། །ཚེམས་བཟང་དུང་ལྟར་ཁྲིགས་སེ་ཁྲིག །ལྗགས་བཟང་གློག་ལྟར་ཁྱུགས་སེ་ཁྱུག །གཟུགས་བཟང་ཉི་ལྟར་ལྷངས་སེ་ལྷང་། །སྨྲ་མཁན་དེ་ནི་ས་ལ་ལ། །འགྲོ་མཁས་དེ་ནི་ཟུ་ལུ་ལུ། །གོས་བཟང་དེ་ནི་ལྷུབས་སེ་ལྷུབ། །དབང་པོ་རྣམ་ལྔ་འདི་ལ་ཚང་། །སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་། །མི་བས་གླུད་བཟང་ཡ་ལ་ལ། །རྗེ་བས་ཁ་དྲོ་ཐིབས་སེ་ཐིབ། །བདག་དང་ཡོན་བདག་གླུད་དུ་འབུལ། །གླུད་བདག་རྣམས་ཀྱིས་གླུད་འདི་ལོངས། །ཡོས་བདག་རྣམས་ཀྱིས་ཡས་འདི་ལོངས། །མོ་ངན་རྨིས་ངན་ལྟས་ངན་རྣམས། །ལོ་ཟླ་ཞག་དང་ཟ་མའི་སྐག།ཆོ་འཕྲུལ་ལྟས་ངན་ཅི་མཆིས་པ། །སྐུ་གླུད་འདི་ཡིས་བྱང་བར་མཛོད། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །བདག་


CMR038_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ཀུན་མ་ལུས་པ། །ཐོགས་པ་མེད་པ་འབྱུང་གྱུར་ཅིག །དེ་ནས་སྡེར་རམ་སྣོད་གཅིག་གི་ནང་དུ། ལྷའི་བུ་ཡི་བདུད་དཀར་པོ་བཞག །དེའི་ནང་དུ་ཤར་ངོས་ཀྱི་གཏོར་མ་དང་། ངར་མི། ཆངས་བུ། མཐེབ་སྐྱུ། མར་མེ་རྣམས་བླངས་ལ་བཞག །འདོན་མི་མང་ན་དུ་ཡོད་ཀྱི་གྲངས་བླངས་ལ་བཞག །དེའི་ནང་དུ་འབྲུ་སྣ་ཡོས་བཀྲ་ཅུང་ཟད་བཏབ་ལ་བྲན། ཨོཾ་བཛྲ་ཡཀྵ་ཧཱུྃ། །ཨོཾ་སྭ་བྷ་ཝ་སོགས། གླུད་དང་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་ཀླུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས། སྔགས་ལྔ་འམ་བདུན་


CMR038_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ལ། མཆོད་སྦྱིན་གྱི་གླུད་གཏོར་རྒྱ་ཆེན་པོ་འདི། བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། བདག་དང་བསྲུང་བྱ་ལ་གནོད་ཅིང་འཚེ་བར་བྱེད་པའི་ལྷའི་བུ་ཡི་བདུད་ཀྱི་རིགས་སུ་གྱུར་པ་རྣམས་ལ་སྦྱིན་ནོ། །བསྔོ་ཞིང་འབུལ་ལོ། །ལྷའི་བུ་ཡི་གནོད་པ་དང་བར་ཆད་བསམ་སྦྱོར་ངན་པ་གདུག་རྩུབ་མཚན་ལྟས་ངན་པ་ཐམས་ཅད་ཞི་ཞིང་བསྒྱུར་དུ་གསོལ། མོ་ངན་པ་དང་རྨི་ལམ་ངན་པ་ཐམས་ཅད་ཟློག་ཅིག །དེ་ལྟར་ཚར་ཉི་ཤུ་རྩ་ལྔ་བྱ་སྟེ། འདོན་མི་མང་ན་གཏོར་མ་དང་གླུད་ཀྱིས་མ་ལྡངས་ན་གླུད་དང་གཏོར་མ་གསར་པ་བསྣན་པའམ། མེད་ན་འབྲུ་སྣ་དང་ཡོས་བཀྲ་བསྣན་ལ་བཏོན་ཏེ། བརྒྱ་ནི་གྲངས་ཚད་ཡིན་གྱི་དེ་ལས་མང་ན་ལེགས་པ་ལས་སྐྱོན་དུ་མི་འགྱུར་གསུངས། བརྒྱ་བཞི་འབྲིང་དང་བསྡུས་པ་ལ་ནི་གང་བཅས་གྲངས་དེ་ལས་མང་མི་དགོས། དེ་ལྟར་ཉེར་ལྔ་རྫོགས་ནས་དེ་ཁ་ཕྱིར་བསྟན་ལ། ཀྱཻ། སྔོན་ཚེ་ལྷ་དབང་དོན་ཆེད་དུ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱིས། །མཆོད་སྦྱིན་ཕྱག་མཐིལ་གཡས་པ་རུ། །རྒྱུ་དང་ཡོན་དུ་འབྱོར་པ་ཡི། །དད་ལྡན་སྦྱིན་བདག་མཆོད་སྦྱིན་བཞག་།ཕྱག་སོར་བཞི་ལ་བདུད་བཞི་བཀུག །ཐུགས་རྗེས་དབང་བསྐུར་ཉོན་མོངས་ལས། །སྡུག་བསྔལ་ཤེས་བྱའི་སྒྲིབ་ལས་བྱུང་། །ལྷ་བདུད་བསལ་བས་མདངས་དང་


CMR038_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །སྔོན་ཚེ་བདེན་མཐུས་བྱིན་རླབས་ཀྱིས། །ད་ལྟ་བདག་ཅག་རྒྱུ་སྦྱོར་གྱི། །མཆོད་སྦྱིན་གླུད་ཆེན་འདི་བཅས་ཏེ། །ཐ་མ་ཉི་ཤུ་རྩ་ལྔས་བསྐོར། །ལྷ་བདུད་ཕྱག་སེན་རྩེ་ལ་བཀོད། །གནོད་པ་བསལ་ཕྱིར་ཁྱེད་ལ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །ལྷ་བདུད་དཀར་པོ་མཐུ་སྟོབས་ཅན། །ཅི་ཡང་མེད་པའི་གནས་སུ་དེངས། །ཤེས་བྱའི་སྒྲིབ་པ་ལས་བྱུང་བའི། །ལྷ་ཡི་བུ་བདུད་དཀར་པོ་ཁྱེད། །བརྒྱ་བཞིའི་མཆོད་པ་འདི་བཞེས་ལ། །ཡོན་བདག་འདི་ཞེས་བྱ་བ་ཡི། །བཟུང་བ་ཐོངས་ཨཱལ་བཅིངས་བ་ཁྲོལ། །མནན་པ་ཁྱོག་ལ་བསྡམས་པ་ཀློད། །ལྷ་བདུད་མི་ལ་མ་གནོད་གཞན་དུ་དེངས། །ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སྭཱ་ཧཱ། དྷེ་ཝ་དྷ་ཏུ་རུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་གླུད་ཀྱི་གཏོར་མ་དེ་ཤར་དུ་ཁ་བསྟན་ལ་བཞག །དེ་ནས་སྣོད་ནང་དུ་ཕུང་པོའི་བདུད་བཞག་ལ་སྔར་ལྟར་ལྷོ་ངོས་ཀྱི་གཏོར་མ་སོགས་དང་། འབྲུ་སྣ་བཏབ་ལ་བྲན། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷ་ཝ་སོགས། གླུད་དང་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ། ན་མཿསརྦ་ཏ་ཐཱ་ག་ཏ་སོགས། མཆོད་སྦྱིན་གྱི་གླུད་གཏོར་རྒྱ་ཆེན་པོ་འདི། །


CMR038_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། བདག་དང་བསྲུང་བྱ་ལ་གནོད་ཅིང་འཚེ་བར་བྱེད་པའི་ཕུང་པོའི་བདུད་ཀྱི་རིགས་སུ་གྱུར་པ་རྣམས་ལ་སྦྱིན་ནོ། །བསྔོ་ཞིང་འབུལ་ལོ། །ཕུང་པོའི་བདུད་ཀྱི་གནོད་པ་དང་བར་ཆད་བསམ་སྦྱོར་ངན་པ་གདུག་རྩུབ་མཚན་ལྟས་ངན་པ་ཐམས་ཅད་ཞི་ཞིང་བསྒྱུར་དུ་གསོལ། མོ་ངན་པ་དང་རྨི་ལམ་ངན་པ་ཐམས་ཅད་ཟློག་ཅིག །གོང་ལྟར་ཉེར་ལྔ་བརྫོགས་ནས་དེ་ཕྱིར་ཁ་བསྟན་ལ། ཀྱི་སྔོན་ཚེ་ལྷ་དབང་དོན་ཆེད་དུ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱིས། །མཆོད་སྦྱིན་ཕྱག་མཐིལ་གཡས་པ་རུ། །རྒྱུ་དང་ཡོན་དུ་འབྱོར་པ་ཡི། །དད་ལྡན་བརྒྱ་བཞིའི་མཆོད་པ་བཞག །ཕྱག་སོར་བཞི་ལ་བདུད་བཞི་བཀུག །ཐུགས་རྗེས་དབང་བསྐུར་ཉོན་མོངས་ལས། །སྡུག་བསྔལ་ཤེས་བྱའི་སྒྲིབ་ལས་བྱུང་། །ཕུང་པོའི་བདུད་བསལ་མདངས་དང་ལྡན། །སྔོན་ཚེ་བདེན་མཐུའི་བྱིན་རླབས་ཀྱིས། །ད་ལྟ་བདག་ཅག་རྒྱུ་སྦྱོར་གྱིས། །།མཆོད་སྦྱིན་གླུད་ཆེན་འདི་བཅས་ཏེ། །ཐ་མ་ཉི་ཤུ་རྩ་ལྔས་བསྐོར། །ཕུང་བདུད་ཕྱག་སེན་རྩེ་ལ་བཀོད། །གནོད་པ་བསལ་ཕྱིར་ཁྱེད་ལ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །ཕུང་བདུད་སེར་པོ་


CMR038_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་སྟོབས་ཅན། །ཡོད་མིན་མེད་མིན་གནས་སུ་དེངས། །བག་ཆགས་སྒྲིབ་ལས་བྱུང་བ་ཡི། །ཕུང་པོའི་བདུད་ནི་སེར་པོ་ཁྱོད། །བརྒྱ་བཞིའི་མཆོད་པ་འདི་བཞེས་ལ། །ཡོན་བདག་འདི་ཞེས་བྱ་བ་ཡི། །བཟུང་བ་ཐོངས་ལ་བཅིང་བ་ཁྲོལ། །མནན་པ་ཁྱོག་ལ་བསྡམས་པ་ཀློད། །ཕུང་བདུད་མི་ལ་མ་གནོད་གཞན་དུ་དེངས། །ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སྭཱ་ཧཱ།དྷེ་ཝ་དྷ་ཏུ་རུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་ལྷོ་རུ་ཁ་བསྟན་ལ་བཞག །ཡང་ཉོན་མོངས་པའི་བདུད་སྣོད་དུ་བཞག །ནུབ་ངོས་ཀྱི་གཏོར་གླུད་སོགས་དང་འབྲུ་སྣ་བཏབ་ལ་བྲན། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷ་ཝ་སོགས། གླུད་དང་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ། ན་མཿསརྦ་ཏ་ཐཱ་ག་གོང་ལྟར་བརྗོད་ལ། མཆོད་སྦྱིན་གྱི་གླུད་གཏོར་རྒྱ་ཆེན་པོ་འདི་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། བདག་དང་བསྲུང་བྱ་ལ་གནོད་ཅིང་འཚེ་བར་བྱེད་པའི་ཉོན་མོངས་པའི་བདུད་ཀྱི་རིགས་སུ་སྤུ་གྱུར་པ་རྣམས་ལ་སྦྱིན་ནོ། །བསྔོ་ཞིང་འབུལ་ལོ། །ཉོན་མོངས་པའི་བདུད་ཀྱི་གནོད་པ་དང་བར་ཆད་བསམ་སྦྱོར་ངན་པ་གདུག་རྩུབ་མཚན་ལྟས་ངན་པ་ཐམས་ཅད་ཞི་ཞིང་བསྒྱུར་དུ་


CMR038_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། མོ་ངན་པ་དང་རྨི་ལམ་ངན་པ་ཐམས་ཅད་ཟློག་ཅིག །ཉེར་ལྔ་རྫོགས་ནས་ཁ་ཕྱིར་བསྟན་ལ། ཀྱཻ། སྔོན་ཚེ་ལྷ་དབང་དོན་ཆེད་དུ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱིས། །མཆོད་སྦྱིན་ཕྱག་མཐིལ་གཡས་པ་རུ། །རྒྱུ་དང་ཡོན་དུ་འབྱོར་པ་ཡི། །དད་ལྡན་བརྒྱ་བཞིའི་མཆོད་པ་བཞག །ཕྱག་སོར་བཞི་ལ་བདུད་བཞི་བཀུག །ཐུགས་རྗེའི་དབང་བསྐུར་ཉོན་མོངས་ལས། །སྡུག་བསྔལ་ཉོན་མོངས་སྒྲིབ་ལས་བྱུང་། །ཉོན་མོངས་བདུད་བསལ་མདངས་དང་ལྡན། །སྔོན་ཚེ་བདེན་མཐུས་བྱིན་རླབས་ཀྱིས། །ད་ལྟ་བདག་ཅག་རྒྱུ་སྦྱོར་གྱིས། །མཆོད་སྦྱིན་གླུད་ཆེན་འདི་བཅས་ཏེ། །ཐ་མ་ཉི་ཤུ་རྩ་ལྔས་བསྐོར། །ཉོན་བདུད་ཕྱག་སེན་རྩེ་ལ་བཀོད། །གནོད་པ་བསལ་ཕྱིར་ཁྱེད་ལ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །ཉོན་མོངས་བདུད་ཆེན་དམར་པོ་ཁྱོད། །རྣམ་ཤེས་མཐའ་ཡས་གནས་སུ་དེངས། །ཉོན་མོངས་སྒྲིབ་ལས་བྱུང་བ་ཡི། །ཉོན་མོངས་བདུད་ནི་དམར་པོ་ཁྱོད། །བརྒྱ་བཞིའི་མཆོད་པ་འདི་བཞེས་ལ། །ཡོན་བདག་འདི་ཞེས་བྱ་བ་ཡི། །བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ། །མནན་པ་ཁྱོག་ལ་བསྡམས་པ་ཀློད། །ཉོན་བདུད་


CMR038_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལ་མ་གནོད་གཞན་དུ་དེངས། །ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སྭཱ་ཧཱ། དྷེ་ཝ་དྷ་ཏུ་རུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་ཁ་ནུབ་ཏུ་བསྟན། འཆི་བདག་གི་བདུད་སྡེར་ནང་དུ་བཞག་བྱང་ངོས་ཀྱི་གཏོར་མ་སོགས་དང་འབྲུ་སྣ་བཏབ་ལ་བྲན། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷ་ཝ་སོགས། གླུད་དང་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ། ན་མཿསརྦ་ཏ་ཐཱ་ག་ཏ་གོང་ལྟར་བརྗོད་ལ། མཆོད་སྦྱིན་གྱི་གླུད་གཏོར་རྒྱ་ཆེན་པོ་འདི་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། བདག་དང་བསྲུང་བྱ་ལ་གནོད་ཅིང་འཚེ་བར་བྱེད་པའི་འཆི་བདག་གི་བདུད་ཀྱི་རིགས་སུ་གྱུར་པ་རྣམས་ལ་སྦྱིན་ནོ། །བསྔོ་ཞིང་འབུལ་ལོ། །འཆི་བདག་བདུད་ཀྱི་གནོད་པ་དང་བར་ཆད་བསམ་སྦྱོར་ངན་པ་གདུག་རྩུབ་མཚན་ལྟས་ངན་པ་ཐམས་ཅད་ཞི་ཞིང་བསྒྱུར་དུ་གསོལ།མོ་ངན་པ་དང་རྨི་ལམ་ངན་པ་ཐམས་ཅད་ཟློག་ཅིག །གོང་ལྟར་ཉེར་ལྔ་རྫོགས་ནས་དེ་ཁ་ཕྱིར་བསྟན་ལ། ཀྱཻ། སྔོན་ཚེ་ལྷ་དབང་དོན་ཆེད་དུ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱིས། །མཆོད་སྦྱིན་ཕྱག་མཐིལ་གཡས་པ་རུ། །རྒྱུ་དང་ཡོན་དུ་འབྱོར་པ་ཡི། །དད་ལྡན་བརྒྱ་བཞིའི་མཆོད་པ་བཞག །


CMR038_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་སོར་བཞི་ལ་བདུད་བཞི་བཀུག །ཐུགས་རྗེའི་དབང་བསྐུར་ཉོན་མོངས་ལས། །སྡུག་བསྔལ་ལས་ཀྱི་སྒྲིབ་ལས་བྱུང་། །འཆི་བདག་བདུད་བསལ་མདངས་དང་ལྡན། །སྔོན་ཚེ་བདེན་མཐུས་བྱིན་རླབས་ཀྱིས། །ད་ལྟ་བདག་དང་རྒྱུ་སྦྱོར་གྱི། །མཆོད་སྦྱིན་གླུད་ཆེན་འདི་བཅས་ཏེ། །ཐ་མ་ཉི་ཤུ་རྩ་ལྔས་བསྐོར། །འཆི་བདག་ཕྱག་སེན་རྩེ་ལ་བཀོད། །གནོད་པ་བསལ་ཕྱིར་ཁྱེད་ལ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །འཆི་བདག་བདུད་ཆེན་ནག་པོ་ཁྱོད། །ནམ་མཁའ་མཐའ་ཡས་གནས་སུ་དེངས། །འཆི་བདག་ལས་ཀྱི་སྒྲིབ་ལས་བྱུང་། །འཆི་བདག་བདུད་ནི་ནག་པོ་ཁྱོད། །བརྒྱ་བཞིའི་མཆོད་སྦྱིན་འདི་བཞེས་ལ། །ཡོན་བདག་འདི་ཞེས་བྱ་བ་ཡི། །བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ། །མནན་པ་ཁྱོག་ལ་བསྡམས་པ་ཀློད། །འཆི་བདག་མི་ལ་མ་གནོད་གཞན་དུ་དེངས། །ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སྭཱ་ཧཱ། དྷེ་ཝ་དྷ་ཏུ་རུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བྱང་དུ་ཁ་བསྟན་ལ་བཞག །དེ་ནས་ཕྱག་མཐིལ་གྱི་ངར་མི་ལ་འབྲུ་སྣ་ཡོས་བཀྲ་བཏབ་ལ་བྲན། ཀྱཻ། སྔོན་ཚེ་ཤཱཀྱ་ཐུབ་པ་ཡི། །མཆོད་སྦྱིན་ཕྱག་རྒྱ་གཡས་པ་རུ། །མཆོད་གཏོར་རྫ་ས་དང་ཡས་


CMR038_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ཏེ། །ཕྱག་སོར་རྩེ་ལ་མགྲོན་བཀུག་ནས། །བདུད་བཞིའི་མགྲོན་ལ་སྦྱིན་པ་བཏང་། །མཛུབ་མོར་ལྷ་ཡི་བུ་ཡི་བདུད། །གུང་མོའི་རྩེ་ལ་ཕུང་པོའི་བདུད། །སྲིན་ལག་རྩེ་ལ་ཉོན་མོངས་བདུད། །མཐེའུ་ཆུང་ལ་འཆི་བདག་བདུད། །རྒྱུ་དང་ཡོན་དུ་འབྱོར་བ་ཡི། །དད་ལྡན་ཡོན་བདག་ཕྱག་གི་མཐིལ། །གླུད་ཆེན་རྒྱན་གྱིས་སྤྲས་ཏེ་བཞག །གཅེས་པར་མཛད་མེད་དབང་བསྐུར་ནས། །གླུད་ཆེན་སྦྱིན་པ་བཏང་བའི་མཐུས། །བདུད་བཞི་བསལ་ཏེ་མདངས་དང་ལྡན། །སྔོན་ཚེ་བདེན་པའི་མཐུ་སྟོབས་ཀྱིས། །བྱིན་རླབས་ཡོན་ཏན་དཔག་མེད་འབྱུང་། །སྔོན་ཚེ་བསྐལ་པ་ཐོག་མ་ལ། །ཡབ་རྗེ་འཁོར་ལོ་དྲུག་པ་དེ། །ནད་ནི་ཙི་ཏི་ཛྭ་ལས་ཟིན། །སྲས་ནི་རྒྱལ་བུ་མ་ཆུད་ཀྱིས། །ཡབ་ལ་དགོངས་ནས་བརྒྱ་བཞི་བརྩམས། །བརྒྱ་བཞི་རྒྱས་པར་གླུད་དུ་འབུལ། །ཤར་ཕྱོགས་དྲི་ཟའི་སྲིད་མདུང་ཆོག །རྒྱལ་པོ་འཁོར་ལོ་དྲུག་པ་ཡབ། །ཅི་སྤུ་ཛྭ་ལའི་ནད་ལས་ཐར། །སྔོན་གྱི་དེ་ལ་དཔེ་བླངས་ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས། །བརྒྱ་བཞིའི་ཆོ་ག་འདི་བྱས་པས། །སྐག་གཉན་སུམ་བརྒྱ་དྲུག་ཅུ་ཟློག །ཤར་


CMR038_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཤིང་གི་སྐག་རྣམས་བསྒྱུར་དུ་གསོལ། །དེ་ནས་ངར་མི་ཁ་ཕྱིར་བསྟན་ལ་བཞག །ཀྱཻ། ད་ལྟ་བདག་དང་ཡོན་བདག་གིས། །གཟུགས་དང་གླུད་ཆེན་འདི་བཤམས་ཏེ། །མཐའ་མ་བརྒྱ་བཞིའི་རྫས་ཀྱིས་བསྐོར། །བདུད་བཞི་ཕྱག་སོར་རྩེ་ལ་བཀོད། །བྱིན་གྱིས་བརླབས་ཏེ་བསྔོས་ཤིང་ཕུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །གླུད་ཀྱི་གཏོར་མ་རྒྱ་ཆེན་རྣམས། །གླུད་བདག་རྣམས་ལ་བསྔོས་ཤིང་ཕུལ། །ཚེ་གླུད་སྲོག་གི་རྐྱེན་དུ་འབུལ། །སྐྱེ་མཆེད་རིགས་བཞིའི་གནས་སུ་དེངས། །ལྷ་བདུད་དཀར་པོ་བྱ་བ་ཁྱོད། །ཅི་ཡང་མེད་པའི་གནས་སུ་དེངས། །ཉོན་མོངས་བདུད་ནི་དམར་པོ་ཁྱོད། །རྣམ་ཤེས་མཐའ་ཡས་གནས་སུ་དེངས། །ཕུང་པོའི་བདུད་ནི་སེར་པོ་ཁྱོད། །ཡོད་མིན་མེད་མིན་གནས་སུ་དེངས། །འཆི་བདག་བདུད་ནི་ནག་པོ་ཁྱོད། །ནམ་མཁའ་མཐའ་ཡས་གནས་སུ་དེངས། །ཤེས་བྱའི་སྒྲིབ་དང་ཉོན་མོངས་སྒྲིབ། །བག་ཆགས་སྒྲིབ་དང་ལས་ཀྱི་སྒྲིབ། །སྒྲིབ་པ་བཞི་ལས་བྱུང་བ་ཡི། །ལྷ་ཡི་བདུད་དང་ཉོན་མོངས་བདུད། །ཕུང་པོའི་བདུད་དང་འཆི་བདག་བདུད། །བདུད་བཞི་བདུད་ཀྱི་རྒྱལ་པོ་བཞི། །བརྒྱ་བཞིའི་མཆོད་པ་


CMR038_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞེས་ལ། །སྐྱེ་མཆེད་རིགས་བཞིའི་གནས་སུ་དེངས། །བདག་དང་ཡོན་བདག་འཁོར་བཅས་ལ། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོག་ལ་བསྡམས་པ་གློད། །བདུད་བཞི་མི་ལ་མ་གནོད་གནས་སུ་དེངས། །ས་མ་ཡ་པྲ་ཝེ་ཤ་ཡ་ཕཊ༔ ཡང་འབྲུ་སྣ་དང་ཡོས་བཀྲ་རྫོངས་བའི་ཚུལ་དུ་བཏབ་ལ། ཧཱུྃ། གཤིན་རྗེའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །མ་མོའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །རྒྱལ་པོའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །གནོད་སྦྱིན་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །བདུད་ཀྱི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །ས་བདག་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །ཚངས་པའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །སྲིན་པོའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །གཟའ་ཡི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་


CMR038_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྫོངས། །ཐེའུ་རང་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །བཙན་གྱི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །མེ་ཡི་འཇིགས་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །ཆུ་ཡི་འཇིགས་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །ས་ཡི་འཇིགས་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །ཤིང་གི་འཇིགས་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །ལྕགས་ཀྱི་འཇིགས་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་རྫོངས། །སྐུ་གསུང་ཐུགས་ཀྱི་གླུད་དུ་རྫོངས། །ཡོན་བདག་ཚེ་དེ་བརྒྱ་བཞིས་བསླུ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །བན་བོན་ཟོད་གཏོང་བརྒྱ་བཞིས་ཆོད། །ཀླུ་ཟགཉན་གཏད་ཁྲམ་བརྒྱ་བཞིས་ཆོད། །དགྲ་སྣ་རྐུན་སྣ་བརྒྱ་བཞིས་ཆོད། །སྐྱེ་བོའི་ཡལ་ཁ་བརྒྱ་བཞིས་ཆོད། །མི་ཡི་ཤི་འཕྲོ་བརྒྱ་བཞིས་ཆོད། །རིམས་ནད་འཚེ་བ་བརྒྱ་བཞིས་ཆོད། །ཕྱུགས་ཀྱི་གོད་ཁ་བརྒྱ་བཞིས་ཆོད། །རྒྱལ་པོའི་གནོད་པ་བརྒྱ་བཞིས་ཆོད། །ཉི་མ་ངན་པ་བརྒྱ་བཞིས་ཆོད། །ཟླ་བ་ངན་པ་བརྒྱ་བཞིས་ཆོད། །ལྟས་ངན་རྟོགས་པ་


CMR038_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བཞིས་ཆོད། །སྐར་ངན་རྟོགས་པ་བརྒྱ་བཞིས་ཆོད། །མོ་ངན་ལྟས་ངན་བརྒྱ་བཞིས་ཆོད། །ཧཱུྃ། ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །ལྷ་ཀླུ་ད་སྦྱིན་དྲི་ཟ་དང་། །འབྱུང་པོ་མཁའ་འགྲོ་གནོད་བྱེད་ཚོགས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གནོད་པར་བྱེད་པ་གང་ཡང་རུང་། །བགེགས་ཀྱི་ཚོགས་རྣམས་མ་ལུས་ཀུན་། །རྒྱ་ཆེན་མཆོད་སྦྱིན་འདི་ལོངས་ལ། །བཟུང་བ་ལས་ནི་ཐར་བར་མཛོད། །བཅིངས་པ་ལས་ནི་ཁྲོལ་བར་མཛོད། །རིན་ཆེན་གླུད་གཏོར་འདི་བཞེས་ལ། །ཚེ་ལ་བར་དུ་མ་གཅོད་ཅིག །སྲོག་ལ་ཡེ་འདྲོག་མ་བཏང་ཞིག །ནད་ཀྱི་ཕྲ་མོ་མ་འདེབས་ཤིག །སྔོན་ཆད་མཆོད་སྦྱིན་མ་ཐོབ་ན། །དེ་རིང་བདག་གིས་ཁྱོད་མཆོད་ཀྱིས། །མར་མེ་ཞལ་ཟས་འདི་བཞེས་ལ། །བགེགས་ཀྱི་རྒྱལ་པོ་འགྲོ་བར་གྱིས། །ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། །ཁྱོད་ཀྱིས་བགེགས་ཀྱང་བྱེད་པར་ནུས། །རྒྱ་ཆེན་མཆོད་པ་འདི་བཞེས་ལ། །ཀླུ་གནོད་པའི་བསམ་པ་ཞི་བར་གྱིས། །གླུད་ཀྱི་གཏོར་མ་འདི་བཞེས་ཤིག །གླུད་ཀྱི་གཏོར་མས་མི་མགུ་ཞིང་། །ལུས་ལ་གནོད་པར་གྱུར་པ་ན། །ཁྱོད་ཀྱི་རྩིབ་ལོགས་གཡས་པ་


CMR038_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ན། །འབྲས་ཅན་ནད་ཀྱིས་ཟིན་པར་འགྱུར། །གནོད་སྦྱིན་ནད་ཀྱིས་བཏབ་པ་ན། །ཤ་བཀྲའི་ནད་ཀྱིས་ཐེབས་པར་འགྱུར། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །ནམ་ཡང་འགྲོ་བར་མི་འགྱུར་ཏེ། །འབྱུང་པོ་མང་པོ་འཚོགས་པ་ན། །སྟན་ཡང་ཐོབ་པར་མི་འགྱུར་རོ། །ལུས་ངན་དྲེགས་དང་ལྡན་པ་ཡིས། །ཁྱིམ་ཡང་མཐོང་བར་མི་འགྱུར་རོ། །ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །ལ་ལ་སྔོན་གྱི་ལས་ལས་གྲུབ། །ལ་ལ་འཕྲལ་གྱི་རྐྱེན་ལས་གྲུབ། །ལ་ལ་ལྷ་འདྲེ་བགེགས་སུ་གྱུར། །སྔོན་ཆད་མཆོད་སྦྱིན་མ་ཐོབ་ན། །དེ་རིང་བདག་གིས་ཁྱོད་མཆོད་པས། །རྒྱ་ཆེན་མཆོད་སྦྱིན་འདི་ལོངས་ལ། །གནོད་པའི་བསམ་པ་ཞི་བ་དང་། །ཕན་པའི་གྲོགས་སུ་བསྐྱེད་པར་བགྱི། །དགེ་དང་མི་དགེ་ནམ་ཡང་ཆུད་མི་ཟ། །བྱམས་པའི་བསམ་པ་ནམ་ཡང་ཆུད་མི་ཟ། །ལེགས་པར་སྤྱད་ན་དགེ་བའི་ལས། །ཉེས་པར་སྤྱད་ན་མི་དགེའི་ལས། །དེ་ལ་རྣམ་པར་སྨིན་པ་ཡོད། །དེ་བས་དཀོན་མཆོག་གསུམ་པོ་ཡི། །བཀའ་དང་དམ་ལས་མ་འདའ་ཞིག །རང་རང་གནས་སུ་བདེ་བར་དེངས། །གལ་ཏེ་བཀའ་ལས་འདའ་བྱེད་ན། །དེ་ལ་རྡོ་རྗེ་འཆང་


CMR038_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་ནས། །སྤྱི་བོ་དག་ནི་འགེམ་པར་གྱུར། །སྤུ་གྲིའི་སོ་ནི་རྣོན་པོ་ཡིས། །དེ་ཡི་ལྕེ་ནི་གཅོད་པར་བྱེད། །མཚོན་ཆ་ཤིན་ཏུ་རྣོན་པོ་ཡིས། །དེ་ཡི་སྣ་དང་རྣ་བ་གཅོད། །འཁོར་ལོ་སྤུ་གྲི་དང་འདྲ་བས། །ཀླད་པ་རབ་ཏུ་བཤགས་པར་བྱེད། །ལྕགས་ཀྱི་ཐོ་བ་འབར་བ་ཡིས། །དེ་ཡི་སྙིང་ལ་རབ་ཏུ་གཞོམ། །རྣག་དང་ཁྲག་ནི་དྲོན་མོ་དག །ཁ་ནས་རབ་ཏུ་སྐྱུགས་པར་འགྱུར། །ཧཱུྃ། ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །ལན་ཆགས་གླུད་གཏོར་འདི་ཁྱེར་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མདངས་དང་སྲོག་དབུགས་ཁྱེར་བ་ན། །འདིར་གནས་འབྱུང་པོ་གང་དག་ཀྱང་། །མཐོ་སྟེ་ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །དམའ་སྟེ་ས་གཞི་ནམ་མཁར་བཀྱག་ཀྱང་སྲིད། །ནག་སྟེ་བྱ་རོག་དཀར་པོར་འགྱུར་ཡང་སྲིད། །བྱས་པའི་ལས་ནི་ནམ་ཡང་ཆུད་མི་ཟ། །བརྒྱ་བཞིའི་ཆོ་ག་འདི་འབུལ་བས། །ཆུ་ཡི་སྐག་གཉན་གདུག་པ་ཟློག །སྔོན་ཚེ་ནགས་ཚལ་ཀླུ་དགོན་པའི་ཤིང་དྲུང་དུ། །འཕགས་པ་ཆེན་པོ་ཀུན་དགའ་བོས། །བཅོམ་ལྡན་འདས་ཀྱི་ཞབས་ལ་སྐྱབས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ཡི་དྭགས་ཁ་


CMR038_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འབར་མ། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །འཕགས་པའི་ཚེ་ལ་བར་ཆད་མ་བྱེད་ཅིག །བཅོམ་ལྡན་འདས་ཀྱིས་དེ་ལྟར་བསྔོས་པ་ཡིས། །ཡི་དྭགས་སྟོང་ཕྲག་རྣམས་འགྲང་ཞིང་། །ངོམས་ཤིང་ཚིམ་པར་གྱུར་ནས་ཀྱང་། །འཕགས་པ་དགའ་བོ་བདུད་ལས་ཐར། །བསོད་ནམས་ཚོགས་རྫོགས་ལོངས་སྤྱོད་འཕེལ། །བརྒྱ་བཞི་མཐུ་དང་ལྡན་པ་ཡི། །མཆོད་སྦྱིན་གཏོར་མ་རྒྱ་ཆེན་འདིས། །བྱུང་ཕྱོགས་ཆུ་ཡི་གནོད་པ་ཟློག །སྔོན་གྱི་གླེང་གཞི་དེ་བཞིན་དུ། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་རྐྱེན་རྣམས་བསྒྱུར་དུ་གསོལ། །བརྒྱ་བཞི་འདི་ཡི་མཐུ་སྟོབས་ཀྱིས། །བདག་དང་ཡོན་གྱི་བདག་པོ་ལ། །གཤིན་རྗེ་མ་མོ་རྒྱལ་པོ་དང་། །གནོད་སྦྱིན་བདུད་དང་ས་བདག་དང་། །ཐེའུ་རང་སྲིན་པོ་གཟའ་དང་ནི། །མི་དང་མི་མ་ཡིན་ལ་སོགས། །འབྱུང་པོའི་དམག་ཚོགས་བཟློག་ཏུ་གསོལ། །གནམ་ལོ་རྒྱལ་པོའི་སྐག་བབ་དང་། །སྤར་ཁའི་བདུན་ཟུར་ངན་པ་དང་། །ས་ཆུ་མེ་རླུང་འཇིགས་པ་རྣམས། །བརྒྱ་བཞི་འདི་ཡིས་བཟློག་ཏུ་གསོལ། །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ཡེ་


CMR038_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །རྨིས་ལྟས་མཚན་ལྟས་ངན་པ་ཟློག །ལོ་སྐག་ཟླ་སྐག་ཞག་སྐག་ཟློག །ཆེ་བདུད་ཆུང་སྲི་བསྒྱུར་དུ་གསོལ། །གོད་ཁ་གོད་འདྲེ་བསྒྱུར་དུ་གསོལ། །དེ་བཞིན་བདག་ལ་གང་འཚེ་བ། །བརྒྱ་བཞི་འདི་ཡིས་བཟློག་ཏུ་གསོལ། །ཧཱུྃ། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་བརྒྱ་བཞིས་ཟློག །ཉི་ཁྲི་ཆིག་སྟོང་བགེགས་རྣམས་བརྒྱ་བཞིས་ཟློག །དུས་མིན་འཆི་བ་བཅོ་བརྒྱད་བརྒྱ་བཞིས་ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་བརྒྱ་བཞིས་ཟློག །གློ་བུར་དགུ་ཅུ་རྩ་གཅིག་བརྒྱ་བཞིས་ཟློག །བཞི་བརྒྱ་རྩ་བཞི་ནད་རྣམས་བརྒྱ་བཞིས་ཟློག །བན་དེའི་སྔགས་ཟོར་ཐམས་ཅད་བརྒྱ་བཞིས་ཟློག །བོན་པོའི་བརྡ་ཐོར་ཐམས་ཅད་བརྒྱ་བཞིས་ཟློག །བལ་པོའི་ངན་སྔགས་ཐམས་ཅད་བརྒྱ་བཞིས་ཟློག །ཞང་ཞུང་ཛོ་དབལ་ཐམས་ཅད་བརྒྱ་བཞིས་ཟློག །ས་ཡི་བྱོལ་པོ་ཐམས་ཅད་བརྒྱ་བཞིས་ཟློག །སུམ་པའི་གླང་ཟོར་ཐམས་ཅད་བརྒྱ་བཞིས་ཟློག །བཙན་གྱི་དལ་ཁ་ཐམས་ཅད་བརྒྱ་བཞིས་ཟློག །མ་མོའི་རྦོད་གཏོང་ཐམས་ཅད་བརྒྱ་བཞིས་ཟློག །གཤིན་རྗེའི་ཁྲམ་ཁ་ཐམས་ཅད་བརྒྱ་བཞིས་ཟློག །བདུད་ཀྱི་བྱོལ་ཁ་


CMR038_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བརྒྱ་བཞིས་ཟློག །ཀླུ་ཡི་བྱད་ཁ་ཐམས་ཅད་བརྒྱ་བཞིས་ཟློག །ཕུར་པའི་དབལ་འདེབས་ཐམས་ཅད་བརྒྱ་བཞིས་ཟློག །ཡས་ཀྱི་བདུད་གཡོས་ཐམས་ཅད་བརྒྱ་བཞིས་ཟློག །མས་ཀྱི་སྲི་ལངས་ཐམས་ཅད་བརྒྱ་བཞིས་ཟློག །ཕ་ཚན་རྒྱབ་འདྲེ་ཐམས་ཅད་བརྒྱ་བཞིས་ཟློག །དར་ཚན་སྟོང་འདྲེ་ཐམས་ཅད་བརྒྱ་བཞིས་ཟློག །གནམ་གྱི་དབལ་འདེབས་ཐམས་ཅད་བརྒྱ་བཞིས་ཟློག །ས་ཡི་སྲི་ལངས་ཐམས་ཅད་བརྒྱ་བཞིས་ཟློག །རྐེད་ལ་བྲག་རལ་ཐམས་ཅད་བརྒྱ་བཞིས་ཟློག །སྲིབ་ལ་ཤིང་ཆག་ཐམས་ཅད་བརྒྱ་བཞིས་ཟློག །བར་སྣང་བཙན་གཡོས་ཐམས་ཅད་བརྒྱ་བཞིས་ཟློག །ལྟས་ངན་བརྒྱད་ཅུ་རྩ་བཞི་བརྒྱ་བཞིས་ཟློག །ཤ་བ་རུ་འཛིངས་བདུད་ཀྱི་བྱོལ། །།བྱ་རྒོད་སྡེར་འཛིངས་རྒྱལ་པོའི་བྱོལ། །གཡག་པོ་རུ་འཛིངས་དམུ་ཡི་བྱོལ། །མདའ་ལ་ཉ་མོ་རྔ་འཛིངས་ཀླུ་ཡི་བྱོལ། །ལྟས་ངན་བྱོལ་བཞི་བརྒྱ་བཞིས་ཟློག །སྲོད་ལ་སྲིན་བྱས་ཕྲུག་ཕྲུག་ཟེར་། །བདུད་ཀྱི་བུ་མོའི་ལྟས་ངན་ཡིན། །དེ་ཡང་བརྒྱ་བཞིས་བཟློག་ཏུ་གསོལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཕྱི་གཟའ་གཤིན་རྗེའི་ཁྲམ་ལ་བཏབ་པ་བརྒྱ་


CMR038_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་ཟློག །ནང་གཟའ་སྲིན་པོའི་ངོས་བླང་བརྒྱ་བཞིས་ཟློག །བར་གཟའ་བདུད་ཀྱི་ཞགས་པས་བཅིངས་པ་བརྒྱ་བཞིས་ཟློག །ཕྱོགས་མཚམས་འདྲེ་ལྔ། བདུད་གཅོད་ཐམས་ཅད་སྒྱུར། །གནམ་སྒོ་ས་སྒོ་བརྒྱ་བཞིས་སྒྱུར། །ལོ་ཡི་བདུན་ཟུར་ཐམས་ཅད་བརྒྱ་བཞིས་སྒྱུར། །མོ་ངན་ལྟས་ངན་ཐམས་ཅད་བརྒྱ་བཞིས་སྒྱུར། །ཆག་ཆེན་ཉམ་ང་ཐམས་ཅད་བརྒྱ་བཞིས་སྒྱུར། །བནྡེའི་ཕུར་ཁ་ཐམས་ཅད་བརྒྱ་བཞིས་སྒྱུར། །གཤིན་རྗེའི་འཁོར་ལོ་བསྐོར་བ་བརྒྱ་བཞིས་སྒྱུར། །མཚེ་ཟོར་ཡུངས་ཟོར་འཕེན་པ་བརྒྱ་བཞིས་སྒྱུར། །འབྱུང་པོའི་ཐོད་ཟོར་འཕེན་པ་བརྒྱ་བཞིས་སྒྱུར། །མ་མོའི་ཁྲག་ནད་དལ་ཡམས་བརྒྱ་བཞིས་སྒྱུར། །རྒྱལ་པོའི་སྨྱོ་འབོག་བཏང་བ་བརྒྱ་བཞིས་སྒྱུར། །སྲིན་པོའི་ཤོལ་ཁ་སྟོན་པ་བརྒྱ་བཞིས་སྒྱུར། །བདུད་ཀྱི་ཁྲམ་ལ་འདེབས་པ་བརྒྱ་བཞིས་སྒྱུར། །བཙན་གྱི་ཞགས་པ་འདེབས་པ་བརྒྱ་བཞིས་སྒྱུར། །གཤིན་གྱིས་རྩིས་ལ་འདེབས་པ་བརྒྱ་བཞིས་སྒྱུར། །དྲི་ཟས་མིག་ཕུར་བཙུགས་པ་བརྒྱ་བཞིས་སྒྱུར། །ཀླུ་ཡི་བྱད་དུ་བཅུག་པ་བརྒྱ་བཞིས་སྒྱུར། །རྒྱལ་བསེན་བར་ཆད་བྱེད་པ་བརྒྱ་བཞིས་


CMR038_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར། །ཐེའུ་རང་ཚེ་ལ་རྐུ་བ་བརྒྱ་བཞིས་སྒྱུར། །མུ་སྟེགས་ངན་སྔགས་བྱེད་པ་བརྒྱ་བཞིས་སྒྱུར། །མ་མོའི་བསམ་ངན་གདུག་རྩུབ་བརྒྱ་བཞིས་སྒྱུར། །བནྡེའི་ཕུར་ཟོར་འཕེན། པ་བརྒྱ་བཞིས་སྒྱུར། །བོན་པོའི་དབལ་ཟོར་འཕེན་པ་བརྒྱ་བཞིས་སྒྱུར། །ཞང་ཞུང་ཛོ་དམར་འཕེན་པ་བརྒྱ་བཞིས་སྒྱུར། །སུམ་པས་རྩང་ཟོར་འཕེན་པ་བརྒྱ་བཞིས་སྒྱུར། །སྐྱེ་བོའི་མདའ་ཟོར་འཕེན་པ་བརྒྱ་བཞིས་སྒྱུར། །ཕ་མྱེས་རྒྱུད་ཀྱི་དགྲ་འདྲེ་ཐམས་ཅད་བརྒྱ་བཞིས་ཟློག །གློ་བུར་གནོད་པའི་འགོང་འདྲེ་ཐམས་ཅད་བརྒྱ་བཞིས་ཟློག །འགོང་པོ་འགོང་འདྲེའི་བར་ཆད་ཐམས་ཅད་བརྒྱ་བཞིས་ཟློག །བསེ་རག་ཚེ་ལ་རྐུ་བ་ཐམས་ཅད་བརྒྱ་བཞིས་ཟློག །རུས་ཀྱི་གཤེད་བཞི་མཆིས་པ་ཐམས་ཅད་བརྒྱ་བཞིས་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཐམས་ཅད་བརྒྱ་བཞིས་ཟློག །བུད་མེད་དམོད་ཟོར་འཕེན་པ་ཐམས་ཅད་བརྒྱ་བཞིས་ཟློག །མཐུ་གཏད་ཁྲམ་ཁ་ཐམས་ཅད་བརྒྱ་བཞིས་ཟློག །སྦྱོར་བ་ངན་པ་ཐམས་ཅད་བརྒྱ་བཞིས་ཟློག །བདུད་དང་གཤིན་རྗེ་སྲིན་པོ་དང་། །བཙན་དང་རྒྱལ་པོ་བསེན་མོ་དང་། །ཀླུ་དང་གནོད་སྦྱིན་འབྱུང་པོ་དང་། །གཟའ་དང་རྒྱུ་སྐར་བྱད་


CMR038_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྟེམས་དང་། །གནོད་པའི་བགེགས་རྣམས་བརྒྱ་བཞིས་ཟློག །མི་མཐུན་ཐད་ཀར་མ་བཏང་ཞིག །རྟ་བདུད་སྲབ་དཀར་མ་བཏང་ཞིག །ཕྱུགས་བདུད་ར་བར་མ་བཏང་ཞིག །གློ་བུར་ཡེ་འདྲོག་མ་བཏང་ཞིག །གནོད་བྱེད་འབྱུང་པོ་ཐམས་ཅད་བརྒྱ་བཞིས་ཟློག །ཨོཾ་པདྨནྟ་ཀྲྀཏ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བདག་ཅག་ལ་སྡང་བ་ཐམས་ཅད་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེ་ནས་ལྷའི་བདུད་ཤར། འཆི་བདག་བདུད་ལྷོ། ཉོན་མོངས་པའི་བདུད་ནུབ། ཕུང་པོའི་བདུད་བྱང་དུ་བསྐྱལ། ངར་མི་ཆེ་བ་དེ་ནད་པ་ཡིན་ན་ལོ་བདུད་སྟེང་ངམ། འདྲེ་ལྔ་བདུད་གཅོད་ཕྱོགས་སུ་བསྐྱལ། བདེ་རིམ་ཡིན་ན་ཡས་ལམ་མམ། ཕྱོགས་གཙང་སར་བསྐྱལ་ལོ། །དེ་ནས་རྗེས་ཆོག་ནི། ཨོཾ་ཤཱཀྱ་མུ་ནེ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ལ། །ཐབས་མཁས་ཐུགས་རྗེ་སོགས་ཀྱིས་བསྟོད། མ་འབྱོར་པ་དང་སོགས་སྤྱི་ལྟར་བརྗོད་མཐར། མདུན་བསྐྱེད་ཐུབ་པ་གཙོ་འཁོར་ཡེ་ཤེས་པ་རྣམས། སྐུ་གཟུགས་དང་ཚ་ཚ་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དམ་ཚིག་པ་བདག་གི་སྙིང་ཁར་ཐིམ། བདག་ཉིད་ཀྱང་མི་


CMR038_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་སྟོང་པ་ཉིད་དུ་གྱུར། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །ཚ་ཚ་ཁང་པའི་ལྟག་མ་ཡིན་པའི་བྱང་ངམ་ནུབ་ཕྱོགས་ཆུ་ཐུབ་སར་བསྐྱལ། རྡུལ་ཚོན་ཡིན་ན་བསྡུས་ཏེ་ཁང་ཐོག་ཏུ་སྤུངས་བར་བཤད། ཤོག་བུར་བྲིས་པ་ཡིན་ན་སྦྲའི་གུང་ངམ། ཁང་པའི་ལྕམ་ལ་ལན་གསུམ་སྦྱར་ཞིང་། ཐུབ་པའི་ཕྱག་གིས་བསྲུང་བྱ་རྣམས་བཀབ་པའི་མོས་པ་བྱ། ཕྱག་དང་བདུད་བཞིའི་ཙཀ་ལི་རྒྱུན་དུ་འཚག་རུང་ངོ། །ཐུབ་པས་མཛད་པར་གྲགས་པའི་གཞུང་ལས། །མོ་ངན་ཆག་ཆེན་བདུད་ཀྱིས་ཟིན། །དེ་ལ་བརྒྱ་བཞི་བྱ་བར་གསུངས། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་བྱང་ནས་སྡུག་བསྔལ་ཞི། །བརྒྱ་བཞིའི་ཆོ་ག་བྱས་པ་ཡིས། །བསམ་པ་ཡིད་བཞིན་འགྲུབ་པར་འགྱུར། །ཞེས་དང་། ཆོས་རྗེ་ཤར་པ་ནས་བརྒྱུད་པའི་ཡིག་རྙིང་ལས། ཚོགས་རྫོགས་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་འཕེལ་བའོ། །བརྒྱ་བཞིའི་ཆོ་ག་འདིས་ནད་ཚབས་ཆེན་པོ་བྱུང་བ་དང་། རྨི་ལམ་ངན་པ་དང་ལྟས་ངན་བྱུང་བ་དང་། གོད་ཁ་ཆེ་བ་དང་། མོ་རྩིས་ངན་པ་དང་། བྱད་ཁ་ཆེན་པོ་སྡིག་པ་དང་། མཚེར་རྩུབ་ཆེན་པོ་བྱུང་བ་ཐམས་ཅད་ལ་ཤེས་སོ། །ཞེས་གསུངས་སོ། །ཨེ་མ་ཧོ། ཞལ་ནས་གསུངས་པའི་བརྒྱ་བཞིའི་ཆོ་ག་ཞེས། །ཀུན་གྱིས་རྩོད་མེད་ཉི་ཟླ་ལྟ་བུར་གྲགས། །ཐུབ་པས་གསུངས་པའི་འདི་ཡི་མདོ་ཕྲན་དང་། །ཕྱག་རྡོར་གྱིས་གསུངས་འདི་ཡི་རྒྱུད་ཆུང་གཉིས། །ཡོད་པར་འདུག་ཀྱང་བོད་དུ་མ་འགྱུར་བས། །


CMR038_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འགྱུར་ནང་དུ་མི་བཞུགས་མཐོང་ཐོས་མེད། །དེ་ཡི་མན་ངག་བརྒྱ་བཞི་བྱ་བའི་ཚུལ། །ཁ་ཆེ་པཎྜི་ཏ་ཡིས་མཛད་པ་དང་། །བཱ་རི་ལོ་ཙཱས་མཛད་གཉིས་ཁུངས་བཙུན་ཡང་། །འཁྲུགས་ཆེ་ཕྱག་ལེན་མི་གསལ་ལག་ལེན་དཀའ། །དེང་སང་བརྒྱ་བཞི་དར་སྲོལ་ཆེ་ན་ཡང་། །མ་ནོར་ཇི་བཞིན་ཤེས་པ་ཉིན་སྐར་ཙམ། །མདོ་ལུགས་བརྒྱ་བཞི་བྱེད་མཁན་རབ་བྱུང་དགོས། །སྔགས་ལུགས་ཡིན་ན་དེ་ཉིན་གདན་གཅིག་བསྲུང་། །དབུས་སུ་མཎྜལ་སྟེང་དུ་ཐུབ་སྐུ་བཤམས། །དེ་རྒྱབ་བརྒྱ་བཞི་རིམ་པ་བཞིས་བསྐོར་ནས། །དེ་རྒྱབ་མཆོད་ཡོན་སྣོད་ནི་བཅུ་གཉིས་བཤམས། །བརྒྱ་བཞི་བསྔོ་ས་མགྲོན་རིགས་བཞི་ཀར་བསྔོ། །ཚར་དུས་བསྲུང་ཕྱིར་ཚ་ཚ་ཐོག་ཁང་སྤུངས། །དེ་ནི་མདོ་ལུགས་ཡིན་པར་ཤེས་བྱ་སྟེ། །དེང་སང་གཏོ་ཆོག་སྔགས་པ་རྣམས་ཀྱིས་བྱེད། །གདན་གཅིག་སྲུང་བའང་དཀའ་ཕྱིར་འདིར་མ་བཤད། །བཤོས་བུ་མར་མེ་ངར་མི་ཚ་ཚ་རྣམས། །ཕྱོགས་བཞིར་བཤམས་ཤང་ཕུལ་དུས་ཕྱོགས་བཞིར་བསྐྱལ། །རྒྱང་བུ་མདའ་དར་ནམ་མཁའ་བཤོས་བུ་བཞི། །དཀྱིལ་འཁོར་མདུན་བཤམ་སྔོན་དུ་ལྷ་གཞུང་བསྲང་། །ཆོས་སྐྱོང་ལས་བྱང་ཚར་རྗེས་བརྒྱ་བཞི་འདོན། །རྟིང་ཕུལ་ཆོས་སྐྱོང་དམར་གཏོར་འབུལ་དགོས་པ། །སྔགས་ལུགས་ཡིན་ཏེ་འདི་ནི་ཉིན་གཅིག་གཏོ། །ཡིན་ཕྱིར་ལྷ་གཞུང་ལ་སོགས་འདོན་ལོངས་མེད། །དེ་ཕྱིར་འདི་ནི་མདོ་སྔགས་ཟུང་འཇུག་ལུགས། །སྟབས་བདེ་ཕྱག་ལེན་གསལ་ཞིང་གབ་འཁྲུགས་མེད། །ཕྱི་རབས་དགེ་བཤེས་སྔགས་ཆུང་མང་པོ་ལ། །ཕན་པའི་


CMR038_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་བཟང་པོས་ཀུན་བསླང་སྟེ། །རཱ་ག་ཨ་སྱས་ལེགས་པར་བསྒྲིགས་པ་ཡི། །ཡི་གེ་པ་ནི་བརྩོན་འགྲུས་ཞེས་བྱས་བྲིས། །ཉེས་འགལ་མཆིས་ན་མཁྱེན་ལྡན་རྣམས་ལ་བཤགས། །དགེ་བས་ཇི་སྲིད་འཁོར་བ་གནས་ཀྱི་བར། །འདི་ཉིད་མི་ནུབ་ཕྱོགས་བཅུར་འཕེལ་ཞིང་རྒྱས། །ཚེ་ཟད་ནད་པ་མང་པོ་ཚེ་བསྲིང་ཞིང་། །འབྲེལ་ཐོགས་ཀུན་གྱི་བདུད་བཞིའི་བར་ཆད་ཞི། །བླ་མེད་བྱང་ཆུབ་དམ་པ་མྱུར་ཐོབ་ཤོག །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབརྒྱ་བཞིའི་ཆོ་ག་མདོ་སྔགས་ཟུང་འཇུག་གི་ལུགས། དངོས་ཀྱི་བརྒྱ་བཞི་རྒྱས་བསྡུས་གཉིས། གཟུགས་བརྙན་གྱི་བརྒྱ་བཞི་རྒྱས་བསྡུས་གཉིས། ཏིང་ངེ་འཛིན་གྱི་བརྒྱ་བཞི་དང་ལྔ་ཡི་ཕྱག་ལེན་འདོན་ཆ་འགྲིགས་ཆོག་ཏུ་བཀོད་པ།next