Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆ་གསུམ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   


 
previousཆ་གསུམ་བསྡུས་པ།next

ཆ་གསུམ་བསྡུས་པ།


CMR038_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གསུམ་བསྡུས་པའི་དབུ་ཕྱོགས་ལགས་སོ། །ཆ་གསུམ་གཏོར་མ་བྱིན་གྱིས་བརླབས་པ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨ་ཀཱ་རོ་མུ་སོགས། གསུམ་གྱིས་བྱིན་བརླབས་སོ། །ཞེས་པ་ཀུན་རིག་ཆ་གསུམ་ལས་བྱུང་བའོ།་་རྒྱས་པར་གནམ་ཆོས་དཀར་གཏོར་སྦྱར། མཆན། ༈ ཆ་གསུམ་བསྡུས་པ་འདི་ལ་མི་དགོས་བཀའ་ཡི་ཚིགས་བཅད་བརྗོད་པར་ཆོག་པས་གསུམ་རེ་དང་པོ་ཕྱོགས་སྐྱོང་ལ། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་བདེན་བྲལ་གཤིན་རྗེ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་གང་དག་ས་སྟེང་ཀླུ། །རི་ཡི་ལྷ་དང་གཙང་མའི་ཚོགས་བཅས་ལ། །ས་ས་སོ་སོར་


CMR038_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པའི་ཡིད་ཀྱིས་བཞེས་ནས་སུ། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང་། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་བཅས།ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པ་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ནས། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་ཕྱོགས་སྐྱོང་དང་་་་རྒྱས་པར་སྡེ་བརྒྱད་གསེར་སྐྱེམས་བཏང་། མཆན། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གིས་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་


CMR038_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྡིང་ཀ་ཆུ་ངོགས་དང་། །གཡའ་ཆུ་སིལ་མ་ཅན་ལ་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་གནས་རྣམས་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་། །འབྲོག་ཆེན་འཇིགས་སུ་རུང་བ་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོའི་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པ་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །


CMR038_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་འབྱུང་པོ་ལ་བསྔོ། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་དང་། །ལྗོན་ཤིང་གེལ་པ་སོགས་གནས་དང་། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆེན་འབྲས་བུ་མང་པོ་ཡི། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་སེམས། །དེ་རིང་ཕྱིན་ཆད་བསྐྱེད་པར་བགྱི། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིག་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ། ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པའི། །།ནད་དེ་མྱུར་དུ་ཕྱུངས་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གི་ཅི་ནུས་ཀྱིས།། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་ལ་ནི་གནས་ནས་སུ། །


CMR038_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་བསམ་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདི་ནི་བདག་ཅག་འཁོར་བཅས་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང་། །ཨོཾ་སརྦ་བིགྷཾ་གཙྪ། ཞེས་པ་འདི་ནི་ཆ་གསུམ་བསྡུས་པ་འདི་ལ་ཚང་བ་ཡིན་ནོ། །དཔུང་བཟང་གི་དགོངས་པ་དང་མཐུན་པར་ཚིག་འདྲ་མིན་ཅུང་ཟད་ཀུན་རིག་པར་མ་དང་བསྟུན་ཏེ་འཕགས་པ་གནས་བརྟན་བཅུ་དྲུག་གི་ཆོ་གའི་ལྷན་ཐབས་སུ་དགེ་སློང་རཱ་ག་ཨ་སྱས་སྦྱར་བ་སྟེ། ཕྱག་ལེན་ཀུན་རིག་གི་ཆ་གསུམ་རྒྱས་པར་སྦྱར་སྲོལ་ཡོད་ནའང་། དེ་ཙམ་རྒྱས་དྲགས་པ་དང་དཔེ་ཆོག་གི་ཚེ་བློ་ལ་མེད་པ་རྣམས་ཀྱི་དོན་དུ་བྲིས་པའོ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཆ་གསུམ་བསྡུས་པ།next