Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆ་གསུམ་འདིའི་ཕྱག་ལེན།
   
   
   
   
   
   
   
   
   
   
   
   


 
previousཆ་གསུམ་འདིའི་ཕྱག་ལེན།next

ཆ་གསུམ་འདིའི་ཕྱག་ལེན།


CMR038_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གསུམ་འདིའི་ཕྱག་ལེན་ནི། ཆ་གསུམ་བྱས་པས་ཆ་བཞི་བྱུང་ཟེར་བའི་ཁ་ངག་དཔེ། དཀར་གཏོར་བཞི་བྱ་སྟེ། དང་པོ་ལ་འདབ་མ་བཞི་ནི་རྒྱལ་ཆེན་བཞི། གཉིས་པ་ལ་འདབ་མ་བཅུ་ནི་ཕྱོགས་སྐྱོང་བཅུ། དེ་རྒྱབ་འདབ་མ་བརྒྱད་ནི་ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་དང་། རྗེས་མ་ལ་འདབ་མ་གསུམ་ནི་ལུས་ངག་ཡིད་གསུམ་གྱི་གླུད་མཚོན། རྒྱས་པར་ན་ཟན་ཀོང་གསུམ། ཆངས་བུ་གསུམ། ཏིང་ལོ་གསུམ་བཞག །བསྡུས་ན་རྗེས་མ་ལ་ཆངས་བུ་ཏིང་ལོ་བཞག་པས་འཐུས། རྗེས་མ་ལ་ལ་ཕུག་གམ་ཡུང་དུམ་ཤ་དུམ་ཆང་གི་གླུམ་མམ་སྦང་མ་རློན་པ། ནས་འབྲུ་དང་ཆུ་བླུག་པ་ནི་འབྲས་ཆན་མཚོན་བྱེད་ཡིན། བསྡུ་ན་གཏོར་མ་རྐྱང་པས་ཆོག །སྔོན་མ་གཉིས་ལ་ཤ་སོགས་མི་བཞག །ཐམས་ཅད་ཆུ་གཙང་གིས་དུས་གཅིག་ལ་བྲན། རང་གི་བདེ་རིམ་ཡིན་ན་འདོད་གསོལ་མི་དགོས་གཙྪ་ཟེར་དུས་སེ་གོལ་གཏོགས་ལ་ཕྱིར་འབུལ་རྒྱུ་བསྐུར། ནད་པའི་དོན་ཡིན་ན་ནད་པའི་མདུན་དུ་གཏོར་མ་གཏོར་ཁྲི་སྟེང་དུ་འཕྲེད་དུ་བཤམ་ལ། སྐྱབས་འགྲོ་སེམས་བསྐྱེད་ནི་ད་ནངས་སོང་བས་འཐུས། རང་ཉིད་ཡི་དམ་གང་ཡིན་དྲན་རྫོགས་སུ་གསལ་གདབ་མངོན་རྟོགས་ནི་མི་དགོས། དང་པོ་དེ་ལ་དཀར་གཏོར་འདོན་ཚར་བ་དང་། གཡོན་དྲིལ་བུ་བསིལ་གཡས་རྡོ་རྗེ་དང་བཅས་པས་གཏོར་མ་དེ་བཟུང་ལ། ནད་པ་དེ་ལ་གཡས་བསྐོར་གསུམ་གཡོན་བསྐོར་གསུམ་བྱ་ཞིང་། ཡུལ་ལྷ་གཞི་བདག་ཐམས་ཅད་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བསྲུང་བྱ་འདི་


CMR038_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དང་གདོན་ལས་ཐར་བའི་ཕྲིན་ལས་མཛོད་ཅིག །ཅེས་ཕྱི་རོལ་དུ་ཕུལ་རྒྱུ་བསྐུར། དེ་བཞིན་དུ་ཕྱོགས་སྐྱོང་བཅུའི་གཏོར་མའི་མཇུག་ཏུའང་། ༈ སྒྲུབ་པའི་དུས་དང་། འདི་བཞེས་ལ་དགེ་བ་བྱང་ཆུབ་སྒྲུབ་པ་ལ་བར་ཆད་མི་བྱེད་པར་ཆོས་དང་མཐུན་པའི་སྡོང་གྲོགས་རྒྱ་ཆེན་པོ་གྱིས་ཤིག །རྗེས་སུ་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག་ཅེས་སྦྱར་རོ། །མདོས་ཟོར་སོགས་ལ་འདི་བཞེས་ལ་དྲག་པོའི་མངོན་སྤྱོད་ལས་ལ་ཀོ་ལོང་རུ་ང་མ་མཛད་པ་རྣལ་འབྱོར་བདག་གི་མཐུ་དཔུང་སྐྱེད་ཅིག་ཅེས་སྦྱར་རོ།། ༈ བདག་གི་གཤིན་ལས་བྱ་བ་ལ་ཀོ་ལོང་རུ་ང་མ་མཛད་པར་དགེ་བ་སྡོང་གྲོགས་དམ་པ་མཛད་དུ་གསོལ་སྦྱར་རོ།། ༈ འདི་བཞེས་ལ་ས་གཞི་ལ་དྲོད་ཆེན་པོ་ཕོབ་ཅིག་སྤྲིན་གྱི་ཕུང་པོ་གཏིབས་ཤིག་ལོ་ནད་བཙའ་སད་སེར་གསུམ་མི་འབྱུང་བ་ལོ་ལེགས་འབྲུ་འཕེལ་གྱི་སྡོང་གྲོགས་རྒྱ་ཆེན་པོ་མཛོད་ཅིག །ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པས་མཆོད་སྦྱིན་གྱི་སོགས་གོང་ལྟར་རོ། །གསུམ་པ་ལ། ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས་པས་མཆོད་སྦྱིན་སོགས། བཞི་པ་ལ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འཁོར་དང་བཅས་པས་གླུད་ཀྱི་གཏོར་མ་འདི་བཞེས་ལ། གནོད་ཅིང་འཚེ་བའི་བསམ་པ་སྤོངས་ལ་རང་གནས་སུ་


CMR038_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དེངས་ཤིག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །གཞན་གྱི་སེམས་ནི་དཀྲུགས་མི་བྱ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་ཡོངས་ལ་རྟག་ཏུ་ཞི་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །མཚམས་བཅད་སུམ་བྷ་ནི་སོགས་ཀྱིས་ནས་ལྕགས་བྲབ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་རྭ་གུར་མེ་རི་བར་བའི་སྲུང་འཁོར་དུ་གྱུར། བཛྲ་རཀྵ་རཀྵ་ཧཱུྃ། དེ་ནས་དབང་བསྐུར་བྱིན་རླབས་སོགས་དགོས་ན་བྱ། ༈ དང་པོ་སྤྱན་དྲངས་དུས་ཀྱང་། ༈ རང་གི་ཐུགས་ཀ་ནས་འོད་ཟེར་གྱི་མགྲོན་རྣམས་སྤྱན་དྲངས་མདུན་དུ་འཁོད་པར་བསམས་པས་འཐུས། ༈ གཙྩ་ཞེས་སེ་གོལ་གཏོག་པས་རང་གནས་སུ་སོང་བར་བསམ། ཆ་གསུམ་འདི་དཔུང་བཟང་གི་རྒྱུད་ནས་བཤད་ཅིང་རྒྱ་གཞུང་ཡང་སྣང་། ཞེས་ཨོ་རྒྱན་བློ་གྲོས་ཀྱིས་བསྐུལ་ངོར་༧ རཱ་ག་ཨ་སྱས་སྦྱར་བའོ། །བདེ་རིམ་ཡིན་ན་ཕྱོགས་གཙང་སར་བསྐུར། ནད་པའི་དོན་


CMR038_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ནད་པའི་ལོ་བདུད་ཕྱོགས་སུ་འབུལ། མི་ཤེས་ན་བྱང་ཤར་བགེགས་གནས་སར་ཕུལ། སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཆ་གསུམ་འདིའི་ཕྱག་ལེན།next