Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་མི་བསྐྱོད་ཞབས་ཀྱིས་བསྩལ་བའི་ཁ་འབར་མའི་འདོན་འགྲིགས་གསལ་བར་བསྒྲིགས་པ།
   
   
   
   
   
   
   
   
   
   
   


 
previousརྗེ་མི་བསྐྱོད་ཞབས་ཀྱིས་བསྩལ་བའི་ཁ་འབར་མའི་འདོན་འགྲིགས་གསལ་བར་བསྒྲིགས་པ།next

རྗེ་མི་བསྐྱོད་ཞབས་ཀྱིས་བསྩལ་བའི་ཁ་འབར་མའི་འདོན་འགྲིགས་གསལ་བར་བསྒྲིགས་པ།


CMR038_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མི་བསྐྱོད་ཞབས་ཀྱིས་བསྩལ་བའི་ཁ་འབར་མའི་འདོན་འགྲིགས་གསལ་བར་བསྒྲིགས་པ་བཞུགས་པའི་དབུ་ཕྱོགས་སོ།།


CMR038_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བརྒྱད་པས་མཛད་པའི་ཁ་འབར་མའི་ཟིན་བྲིས་ནི། རྟེན་བཤམས་པ་ཞེས་དང་། དང་པོ་ནི། ཞེས་པའི་མཇུག་ཏུ། ཆོས་སྐྱོང་དང་འབྱུང་པོ་བགེགས་ཀྱི་གཏོར་མ་ཞེས་པ་ནི། ཆ་གསུམ་གཞུང་ལྟར་བཅའ། དེ་ལ་ཤ་དུམ་ནི་བགེགས་གཏོར་མ་གཏོགས་གཞན་ལ་མི་བྱ། རིལ་བུ་དང་ཤ་དུམ་སོགས་རིགས་དྲུག་ལན་ཆགས་ཀྱི་གཏོར་མ་བཤམས། ཞེས་གསུངས་པ་ལྟར་ན། གཏོར་རིལ་བྱས་ལ་གཏོར་མ་བརྒྱ་རྩ་བརྒྱད་ནང་གི་རིགས་དྲུག་དང་ལན་ཆགས་གཏོར་མ་གཉིས། ཆ་གསུམ་ཞོར་ལ་བཏང་དགོས་པར་འདུག་ཀྱང་། ཕྱག་ལེན་ལ་དེ་འདྲ་བྱེད་པ་མ་མཐོང་ཡང་དགོས་ཏེ། ཁ་འབར་མའི་གཞུང་གི་བསྔོ་སྦྱང་དུ་ཚང་ནས་འདུག་པའི་ཕྱིར་རོ། །སྔོན་དུ་ཁྱེར་རྒྱུའི་དཀར་གཏོར་དང་། རྗེས་ནས་ཁྱེར་རྒྱུའི་དམར་གཏོར་གཅིག་བཅལ། ཁ་འབར་


CMR038_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྐུ་བཅའ་བ་གཞུང་ན་མི་གསལ་ཡང་ཕྱག་ལེན་ལ་ཡོད། དེ་ལ་ལྷ་མོ་འཕྲོག་མ་ཟེར་བས། མཛེས་པ་གཅིག་ཡོད་སྙམ་ནས་བུད་མེད་མཛེས་མའི་གཟུགས་བཟོ། འདི་ཡི་དྭགས་གཏེར་སྲུང་ཡིན་ཟེར་ནས། རྫ་མའི་ཕོམ་དྲིལ་ནང་དུ་བཟང་ཇ་ཐེབ་གཉིས་གསུམ་རིན་ཆེན་སྣ་ལྔ་བཅུག །དེ་ལ་བུད་མེད་གཟུགས་དེས་ཨོང་སྐྱག་བྱས་པ་བྱ། དེ་ལ་རས་ཁ་དོག་གསུམ་གྱི་གོས་བསྐོན། མགྲོན་བུ་ཡན་ཆད་ཀྱི་ནོར་གཡུ་མང་པོས་བརྒྱན་ནས་བག་མ་འདྲ་བ་བྱེད། ཕུལ་དུས་ནོར་གཡུ་དང་གོས་དང་། ཇ་འདེབས་རིན་ཆེན་སྣ་ལྔ་སོགས་མཆོད་གཡོག་པས་ཁྱེར། འདི་ཁ་འབར་མ་ཞི་བ་ཡིན་ཟེར་བའི་སྲོལ་ཡོད་པར་སྣང་སྟེ། དེ་ནི་གཞུང་དང་མི་མཐུན་མཆོད་གཡོག་པའི་ཟ་འདོད་འདྲའོ། །འདི་ནི་ཁྲོ་མོའི་གཟུགས་ཡིན་ཏེ། དུད་སོལ་མ་རྐང་ཐང་དང་དོན་


CMR038_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །ཁ་འབར་མའི་བསྟོད་པ་རྒྱས་པ་ལ་ཡང་། ཁྱེད་ཀྱི་སྐུ་ཡི་ཆ་ལུགས་ནི། །ནག་མོ་དུད་པ་ཐལ་བའི་མདོག །ཁ་ནས་མེ་འབར་ནད་ཡམས་གཏོང་། །མིག་ནས་དུད་འཐུལ་སྨྱོ་འབོག་གཏོང་། །ལག་པས་གཡབ་ཅིང་སྙོབ་པར་བྱེད། །འཁོར་དུ་ཡི་དྭགས་འབུམ་གྱི་ས་བསྐོར། །ཞེས་གསུངས་པའི་ཕྱིར། ཟན་ལ་ཁ་འབར་མའི་གཟུགས་ཁྲོ་མོ་ཁ་གདངས་བའི་ནང་དུ་མར་ཁུ་བླུགས་ལ་སྡོང་བུ་བཙུགས། དེ་ལ་མེ་སྦར་བས་སྣ་ནས་དུད་པ་འབྱུང་བའི་ཁུང་གཏོད། སྤྱན་གསུམ་མི་བྱ། སྤྱན་གཉིས་མཆེ་བ་གཙིགས་པ་བྱ། རྐང་པ་ཕྱེད་སྐྱིལ། ལག་པ་གཡས་ཀྱི་པུས་མོ་གཡས་པའི་ཐོག་ཏུ་ཆངས་བུ་གཅིག་བཟུང་། ལག་པ་གཡོན་གྱི་རྐང་པ་གཡོན་གྱི་ཐོག་ཏུ་ཟན་ཀོང་གི་མར་མེ་གཅིག་བཟུང་། ལྟོ་བ་ཆེ་ཞིང་གཉེར་མ་དོད་པ། ནུ་མ་རིང་ཞིང་ཁྲག་འཛག་པ། རྩིད་པའམ་རྔ་མ་སོགས་ལས་བྱས་པའི་སྐྲ་ནག་པོ་གཟེང་བ། ཟན་པོ་ནག་པོའི་གོས་གཅིག་བཀོན། ཡོད་ན་དར་ནག་གིས་གདུགས་ཕུབ། མེད་ན་རས་ནག་པོ་ཞིག་གིས་རེ་ཞིག་ཞལ་ཁེབས་བརྒྱབ། ཀ་ཏོ་ར་སོགས་སྣོད་གཙང་མར་བཞག་ལ། སྒྲུབ་པ་པོའི་མདུན་ཕ་ཟད་དུ་སྟེགས་ཀྱི་ཁར་བཞག །འདི་ནི་ཁ་འབར་མ་ཡིན་ཏེ། མེ་འབོར་ཡང་ཟེར། གཞུང་ལས། ཁྱད་པར་བསླུ་བྱ་གང་ཡིན་གྱི་གོས་དང་བཅས་པ་ཞེས་པ་ནི། སྐྱ་སེར་བུད་མེད་སོགས་ཡོན་བདག་གཙོ་བོ་གང་ཡིན་དེའི་གཟུགས། རབ་རྐང་གང་། ཐ་ན་ཡང་མཐོ་གང་ལས་མི་ཆུང་བ། ཁོ་རང་དངོས་འདྲ་བ་བཟོས། ཡུལ་མཐོན་པོ་ཡིན་ན་དར་གོས་ཆེན་བཀོན། ཕལ་པ་


CMR038_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོས་རྙིང་དུམ་བུ་བཀོན། ཕོ་ཤིང་མོ་ཤིང་གང་ཡིན་ལ་ཁྲམ་ཤིང་བྱས་ཏེ། ལོ་གྲངས་ཀྱི་རི་མོ་བྲིས་ནས་ཕྲག་པ་གཡས་ལ་བཙུགས། གོས་ཀྱི་རས་མོ་ཕྲག་པ་གཡོན་ལ་བཙུགས། རྫས་འཛོམས་ན། ལུང་ཐང་གི་མིག །མགྲོན་བུའི་སོ། སྙིང་ཞོ་ཤའི་སྙིང་། ལག་པ་གཡས་གསེར། གཡོན་དངུལ། རྐང་པ་གཡས་ཟངས། གཡོན་ལྕགས། མུ་ཏིག་གི་ཀླད་པ། དེ་རྣམས་ཀྱང་འདི་ལ་དགོས་རྒྱུ་ཡིན་པར་སྣང་སྟེ། དེང་སང་གྲྭ་ས་རྣམས་སུ་ནི། ཁ་འབར་མ་རང་ལ་དེ་ཚོ་བྱེད་སྲོལ་འདུག །རྫས་དེ་རྣམས་རྙེད་ན་ལེགས་ཀྱི་མ་རྙེད་ན་ཐབས་ཆག་པ་ནི་མིན། ངར་མི་དེ་ལྕགས་སྣོད་མ་ཡིན་པའི་སྣོད་གང་རུང་དུ་བཞག །དེའི་མཐར་སྤྱི་པའི་བཙོག་གླུད་ཆངས་སྤྲད་རྣམས་ཀྱིས་བསྐོར་ཏེ། །ཁ་འབར་མའི་མདུན་ཅུང་ཟད་དམའ་བའི་ས་ནས་ཕར་ཁ་བསྟན་ནས་བཞག །ཕོ་འབར་ཞེས་གྲགས། གཞུང་ལས། སྒྲུབ་པ་པོ་རྣམས་ཁ་ཤར་དུ་བལྟས་ཏེ་འདུག་ལ་ཞེས་པས། དཔོན་སློབ་ཐམས་ཅད་དམ་མ་འགྲིགས་ནའང་སློབ་དཔོན་ཁ་ཤར་དུ་གྱུ་བར་བྱས། ཁ་འབར་མ་ཤར་ནས་ནུབ་ཏུ་བལྟས་པ་བྱས་ལ་བཤམས་རྒྱུ་བྱུང་ན་བཟང་། ཁ་འབར་མའི་མདུན་དུ་ཐུར་དུ་གཏོར་ཁྲི་བཞག །ཟངས་ཐེབ་རྣམས་བཤམས། གཞུང་ལས། འབྲས་ཆན། ཆངས་བུ། །ལིངྒ། མཐེབ་སྐྱུ། འོ་མ། ཆུ་རྣམས་འཛོམས་པར་བྱས་ཏེ། མདུན་དུ་གཏོར་མ་རྣམས་བཤམས་ནས། ཤར་ལྷོ་མཚམས་སུ་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་གཅིག་གིས་རྣམ་པར་འཇོམས་པའི་བུམ་པའི་ཁྲུས་ཆོག་བྱས་ཏེ་གཟུངས་


CMR038_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཟླ། ཞེས་གསུངས་པས། འབྲས་ཆན་གྱི་ཚབ་གྲོ་ནས་སྲན་མ་བསྲེས་ཏེ་བཙོས་པའི་མཆན། ཆངས་བུ་ནི་སོར་མོ་བཞི་གོང་འོག་མཐེ་བོང་གཉིས་ཀྱི་རྗེས་དང་དྲུག་ཡོད་པ། ལིང་ག་ནི་ངར་མི་ཆུང་བའམ། ངར་ཆུང་པར་བཏབ་པ་སྟེ། དགྲ་ལིང་དང་། འདྲེ་ལིང་མིན། འོ་མ་དངོས་སམ། འོ་དཀར། ཆུ་ནི་ཆུ་ནག་སྟེ། མཐེབ་སྒྱུ་ནི་བཅད་ཁམས་མ་བཅག་པ། རྫས་དྲུག་པོ་བརྒྱ་དང་བརྒྱད་དེ་འདང་ངེས་བཅས་པ་བཤམས། ལྷག་ཀྱང་སྐྱོན་མེད་མ་ཚང་ན་མི་རུང་། དེའི་ཤར་ལྷོ་མཚམས་སུ་ཡི་དམ་གང་རུང་གི་བསྙེན་པ་ཐེམ་པ་ཞིག་གིས་མཆོད་གཞི་གཙང་མའི་སྟེང་དུ་འབྲུའི་པདྨ་འདབ་བརྒྱད་མདུན་བསྐྱེད་ཀྱི་རྟེན། །དེའི་དྲུང་དུ་བུམ་པ་རྫས་ལྡན་འོད་དཀར་ལ་ཁ་ཚང་མགུལ་རྒྱན་དང་ལྡན་པ་བཤམས། སྡེར་སོགས་སུ་རྣམ་འཇོམས་ཀྱི་གཏོར་མ་ཟླུམ་པོ་མེ་ཏོག་གིས་བརྒྱན་ཅིང་པད་ཀོར་ཅན་བཤམས། དེའི་མདུན་དུ་མར་མེ་ལྷ་བཤོས་སོགས་མཆོད་པ་སྣ་བདུན་ཚང་མ་དང་། ཆ་གསུམ་ཀྱང་བཅས་ལ་བཞག །དེ་ཤར་ལྷོ་མཚམས་སུ་འདུག་སྟབས་མ་བདེ་ན། མདུན་གྱི་ཐུབ་པའི་དཀྱིལ་འཁོར་གྱི་ཚོམ་བུ་དེའི་ཤར་ལྷོ་མཚམས་སུ་ཡང་རུང་། སྒྲུབ་པ་པོ་རྣམས་ཀྱི་གཡས་སམ་རྒྱབ་ཕྱོགས་སུ་མིན་ན་ལེགས། གང་བདེ་ཞིག་ཏུ་བརྒྱད་སྟོང་པའམ་མདོ་སྡུད་པ་ལྟ་བུ་བཀའ་ཀློག་མི་གཅིག་བཞག །གང་བདེ་ཞིག་ཏུ་གཏོར་མ་གཏོང་མི་གཅིག་བཞག །དེ་ནས་མདུན་དུ་བགེགས་འགུགས་པ་ལ་ཐོག་མར་ཁྲོ་བོ་སྤྱན་འདྲེན་པ་ནི།༈ ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་ཁྲོ་བོ་


CMR038_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་སྤྱན་དྲངས་པར་གྱུར། ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཧཱུྃ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ། པདྨའི་ཕྱག་རྒྱས། པདྨ་ཀ་མ་ལ་ཧཱུྃ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱདྷཾ་སོགས། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་


CMR038_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཅིང་། །སྡིག་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩོད་ནས་འཇོམས་མཛད་པ། །སྦྲུལ་སྡུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེགས་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འདུལ་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ་བླ་མ་དཀོན་མཆོག་གི་བདེན་པ་བདར་འདིའི་གཞུང་ན་མངོན་རྟོགས་ནི་མ་གསུངས། སྐད་ཅིག་སྤྱན་འདྲེན་ཡིན་ཀྱང་། སྔོན་གྱི་ཡིག་རྙིང་ལ། མདུན་གྱི་བགེགས་རིགས་གཙོ་བོ་ཁ་འབར་མ་དངོས་སུ་བསམ། ཞེས་གསུངས་པས། གཟུགས་དེ་ཆུ་གཙང་གིས་བྲན་ལ། ཨོཾབཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷ་ཝ་སོགས། འདྲ་འབག་མི་དམིགས་པ་སྟོང་


CMR038_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས། ཡི་གེ་དྲེ་ཡོངས་སུ་གྱུར་པ་ལས། ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མ་ནག་མོ་དུད་པ་དང་ཐལ་བའི་མདོག་ཅན་དབུ་སྐྲ་ཁམ་ནག་སྤྲིན་ལྟར་གཏིབས་ཤིང་སྤྱན་གསུམ་ཉི་ཟླ་ལྟར་བསྒྲད་པ། ཞལ་གདངས་བ་ལས་མེ་འབར་ཞིང་མཆེ་བ་གངས་རི་ལྟར་གཙིགས་པ། མིག་དང་སྣ་ནས་དུད་པ་འཐུལ་ཞིང་། ནུ་མ་འཕྱང་བ་ལས་ཁྲག་འབབ་པ། ལག་གཡས་ཟན་གྱི་ཆངས་བུ་དང་། གཡོན་སྒྲོན་མེ་ཐོགས་པ། གཅེར་བུ་དར་ནག་གི་གོས་ཟུང་གསོལ་བ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་ཡི་དྭགས་དང་ལན་ཆགས་ཀྱི་ཚོགས་ཀྱིས་བསྐོར་ནས་བདག་གིས་བཀའ་ཉན་ཅིང་གསུང་སྡོད་པར་གྱུར། ཧཱུྃ་མཛད་ཀྱི་ཕྱག་རྒྱས། རྗེ་བཙུན་རྩ་བ་དང་རྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུགས་སྔགས་རྣམས་ཀྱི་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མ་ལ་སོགས་ཀྱི་གནོད་བྱེད་བགེགས་རིགས་གང་ཡིན་པ་ཐམས་ཅད་


CMR038_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མཆིས་པར་གྱུར་ཅིག །ཊཱཀྐི་ཧཱུྃ་ཛ༔ ཅེས་ཚར་གསུམ་བྱ། ཐམས་ཅད་མདུན་དུ་བཀུག་པར་བསམས་ལ། ཧཱུྃ། དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །བར་སྣང་ཁམས་ཀྱང་འགུགས་བྱེད་ན། །ལུས་ཅན་རྣམས་ལ་སྨོས་ཅི་དགོས། །སེམས་མེད་པ་ཡང་འགུགས་བྱེད་ན། །སེམས་དང་ལྡན་ལ་སྨོས་ཅི་དགོས། །འདིར་ནི་གནོད་བྱེད་འགུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿ ཞེས་རྔ་རོལ་མོ་དབྱངས་དང་བཅས་ཏེ་ལན་གསུམ་གྱིས་བཀུག་ནས་གཙོ་མོའི་གཟུགས་དང་དབྱེར་མེད་དུ་བསམ། ཆ་གསུམ་ཀུན་རིག་ལྟར་བསྔོས་ལ་ཕུལ། དེ་ནས་སྒྲུབ་གཡོག་གཉིས་ཀྱིས་གཡས་ཕྱོགས་པས་མཆན་དང་མཐེབ་སྐུ་འོ་མ། གཡོན་ཕྱོགས་པས་ཆངས་བུ་དང་ལིངྒ་ཆུ་རྣམས། དང་པོ་ཏིང་ཐེབ་ཏུ་བཤམས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་སོགས། རིན་ཆེན་སྣོད་ཀྱི་ནང་དུ་ནི། །གཏོར་མ་དམ་ཚིག་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ། རང་གི་ལག་མཐིལ་ཟླ་བའི་སྟེང་། །འབྲུ་གསུམ་ཞུ་བས་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ། ཟླ་བ་ཡིག་འབྲུ་ཞུ་བའི་རྒྱུན། །གཏོར་མའི་ནང་དུ་བབས་པ་ལས། །གཏོར་མ་ཡེ་ཤེས་བདུད་རྩིར་གྱུར། །དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་


CMR038_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། སྔགས་གྲངས་གཞུང་ནས་མ་གསུངས་ཀྱང་བདུན་རེ་བརྗོད་སྲོལ་འདུག །མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། བགེགས་ཀྱི་རྒྱལ་པོ་བྱི་ན་ཡ་ཀ་ལ་སོགས་པ་བགེགས་ཀྱི་རིགས་སུ་གྱུར་པ་རྣམས་དང་། འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་རྒྱུ་བ་ཐམས་ཅད་དང་། ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མ་ལ་སོགས་ཏེ་ཡི་དྭགས་ཕྱི་ནང་ཟས་སྐོམ་གྱི་སྒྲིབ་པ་ཅན། མེ་ལྕེའི་འཁོར་ལོ་ཅན་མཁའ་ལ་རྒྱུ་བ་རྣམས་དང་། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ལན་ཆགས་པའི་གདོན་བགེགས་ཀྱི་རིགས་སུ་གྱུར་པ་རྣམས་ལ་སྦྱིན་ནོ། །བསྔོ་ཞིང་འབུལ་ལོ། །ལན་ཆགས་བུ་ལོན་བྱང་བར་གྱུར་ཅིག །བདག་ཅག་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བ་མེད་པར་འགལ་རྐྱེན་བར་ཆད་ཞི་བ་


CMR038_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཕ་རོལ་གྱི་བྱད་དང་རྦོད་གཏོང་གཏོང་བ་ཐམས་ཅད་ཟློག་པ་དང་། དུས་མ་ཡིན་པའི་འཆི་བ་ལས་ཐར་བར་མཛད་དུ་གསོལ། ཞེས་ལན་ལྔ་བཅུ་རྩ་བཞིའི་བར་དུ་བསྔོས་ནས། དེ་ནས་སྔོན་དུ་ཁྱེར་རྒྱུའི་དཀར་གཏོར་བྲན་ཏེ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཐོད་པའི་སྣོད་དུ་གནས་པའི་གཏོར་མ་བདུད་རྩིའི་རང་བཞིན་སོ་སོའི་ཡིད་དང་མཐུན་པའི་ལོངས་སྤྱོད་པར་གྱུར། ཨོཾ་ད་ཤ་དིཀ་ལོ་ཀ་པ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་དྷ་ར་ཨ་ཛྷཱ་པ་ཡ་ཏི་སྭཱ་ཧཱ། ཧཱུྃ། ཤར་ལ་ཕྱོགས་པའི་ཕྱོགས་བཅུ་ན། །གནས་པའི་ལྷ་ཀླུ་མི་མ་ཡིན། །ཐམས་ཅད་བཀའ་ཡི་གཏོར་མ་ལོངས། །རིག་འཛིན་བདག་གི་ངག་ལ་ཉོན། །བདེ་གཤེགས་བསྟན་ལ་སྤྱི་དགྲ་བྱུང་། །འདི་ལ་ཁྲག་འཐུང་ཆེན་པོའི་བཀས། །དྲེགས་པ་ཐམས་ཅད་དམག་ཏུ་བསྡུས། །ལམ་དུ་གནས་པའི་མཐུ་ཆེན་དེངས། །མ་རུངས་ལྷ་སྲིན་འཁོར་དང་བཅས། །ཐམས་ཅད་དེ་རིང་དམག་ལ་དྲོངས། །དྲང་སྲོང་རྒྱལ་པོ་རཱ་ཧུ་ལ། །འཁོར་བཅས་དམག་གི་སྡོང་གྲོགས་མཛོད། །དེ་ནས་ཕོ་འབར་གླུད་དང་བཅས་པ་ཆུ་གཙང་གིས་བྲན། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷ་ཝ་སོགས།


CMR038_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྣོད་ཀྱི་ནང་དུ་ནི། །གཏོར་མ་དམ་ཚིག་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ། རང་གི་ལག་མཐིལ་ཟླ་བའི་སྟེང་། །འབྲུ་གསུམ་ཞུ་བས་བདུད་རྩིར་གྱུར། ། ཨོཾ་ཨཱཿཧཱུྃ། ཟླ་བ་ཡིག་འབྲུ་ཞུ་བའི་རྒྱུན། །གཏོར་མའི་ནང་དུ་བབ་པ་ལས། །གཏོར་མ་ཡེ་ཤེས་བདུད་རྩིར་གྱུར། །དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམག༔ དེ་བཞིན་གཤེགས་པ་སྐུ༔ དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད༴ མཿསརྦ་ཏ་ཐཱ་ག་ཏ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན། སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད། །ད་ལྟ་རྒྱུ་སྦྱོར་སྦྱིན་བདག་གླུད། །ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །


CMR038_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རུས་པའི་གླུད་འདི་བྲག་ལ་གཏོང་། །ཁྲག་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རྩ་རྒྱུས་གླུད་འདི་ཤིང་ལ་གཏོང་། །ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །པགས་པའི་གླུད་འདི་ཐང་ལ་གཏོང་། །ཐང་ལ་གནས་པའི་ལྷ་འདྲེ་རྣམས་། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སེམས་ཉིད་གླུད་འདི་མཁའ་ལ་གཏོང་། །མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །གཞན་གྱི་བྱད་ཀ་ཕུར་ཀ་དང་། །ཟོར་ཀ་མནན་པ་ལ་སོགས་ཟློག །སྐག་དང་སྲི་ངན་ཐམས་ཅད་དང་། །གནོད་བྱེད་ཐམས་ཅད་བཟློག་ཏུ་གསོལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་འགྲུབ་ཅིང་ཕུན་སུམ་


CMR038_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ནས་སྔོན་དུ་དཀར་གཏོར་བཞག །དེའི་རྒྱབ་ཏུ་ཕོ་འབར་གླུད་གཏོར་བཞག་པ་ནི། གླུད་གཟུགས་ཁ་ཕྱིར་བསྟན་ཏེ་ཞེས་པའོ། །དེ་རྒྱབ་ཏུ་མོ་འབར་ཁ་ཕྱིར་སྒྱུར། དེའི་རྒྱབ་ཏུ་མཆན་དང་གཏོར་ཆུང་བསྡོས་ལ་བཞག །དེ་ནས་སླར་ལྔ་བཅུ་རྩ་བཞི་བསྔོས་ནས། དེ་རྒྱབ་ཏུ་དམར་གཏོར་དེ་བཞག་ལ་ཕུད་རྒོད་དམ་ཆུ་གཙང་གིས་བྲན་ནས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་བདེན་པ་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་བེར་ནག་པོ་ཅན་ལྕམ་དྲལ་བྲན་གཡོག་འཁོར་དང་བཅས་པ་རྣམས་ཀྱི་བདེན་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིགས་པ། དཀོན་མཆོག་གི་དབུ་འཕང་སྨད་པ། བླ་མའི་སྐུ་ལ་བསྡོ་བ། རིག་འཛིན་གྱི་རྒྱུད་པ་བཅས་པ། དགེ་འདུན་གྱི་སྡེ་བཤིགས་པ། དབེན་རི་གཉེན་པོ་བཅོམ་པ། མཚམས་མེད་ལྔ་ལ་སྤྱོད་


CMR038_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པ། མི་དགེ་བ་བཅུ་ལ་རྔམ་པ། ཁྱད་པར་བདག་ཅག་དཔོན་སློབ་རྣམས་ཀྱི་བསྟན་དང་བསྟན་འཛིན་བརྒྱུད་པ་དང་བཅས་པ་རྣམས་ལ་ཕོད་བཙུགས་པ། དོ་བསྡོ་བ། འགྲས་ཚོལ་བ། ཡ་བོ་བཟུང་བ། སྔ་དགྲ་ལག་གིས་བསྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་བཙུགས་པའི་དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པའི་བླ་སྲོག་རྣམ་པར་ཤེས་པ་སྲིད་པ་གསུམ་གང་དུ་གནས་ཀྱང་རང་དབང་མེད་པར་དྲག་པོའི་ཐུན་གྱི་གཏོར་མ་འདིའི་ནང་དུ་ཁུག་ཅིག །བཛྲ་ཨང་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ། བཛྲ་ཕོ་ཊ་ཧཾ། བཛྲ་གནྡྷེ་ཧོ༔ ༈ ཨོཾ་མ་དག་སྣོད་བཅུད་སྟོང་པར་སྦྱང་། །སྟོང་པའི་ངང་ལས་ཡེ་ཤེས་ཀྱི། །རླུང་མེ་ཐོད་སྐྱེད་སྟེང་ཉིད་དུ། །ཐོད་པ་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་བའི་དམ་ཚིག་གི །བདུད་རྩི་རབ་འབར་འོད་ཉིད་དེས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དབྱེར་མེད་ཨོཾ་དང་ཨཱཿཧཱུྃ་གིས། །བྱིན་རླབས་དྲི་རོ་མཚུངས་མེད་གྱུར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་སྤྱན་དྲངས། །མདུན་གྱི་ནམ་མཁར་སྤྲིན་བཞིན་གཏིབ་པར་གྱུར། །ཡི་དམ་ཀུན་འདུས་རྩ་བའི་བླ་མ་


CMR038_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་མཆོད། །ཆོས་སྐྱོང་ཀུན་འདུས་རྩ་བའི་བླ་མ་མཆོད། །ཁྱད་པར་ཆོས་སྐྱོང་བེར་གྱི་ན་བཟའ་ཅན། །དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ནི། །མཆེད་ལྕམ་འཁོར་དང་བཅས་ལ་མཆོད་པར་བགྱི། །རྒྱལ་པོ་རྣམ་མང་ཐོས་སྲས་སྔགས་ཀྱི་བདག །རྡོ་རྗེ་ལེགས་པ་སྲིན་མགོན་ཞིང་སྐྱོང་དང་། །མཁར་ནག་རྡོ་རྗེ་རྒྱལ་པོ་ལ་སོགས་པའི། །ཀརྨ་པ་ཡི་བསྟན་པ་སྐྱོང་རྣམས་ལ། །ཟག་མེད་ཤ་ལྔ་བདུད་རྩི་ལྔ་མཆོག་གི །གཏོར་མ་རྩ་བརྒྱད་པཉྩ་ཨ་མྲྀ་ཏ། །ཛ་གད་རཀྟའི་ཡོན་ཆབ་མཆོད་པར་བགྱི། །འདོད་ཡོན་ལྔ་དང་གསང་བའི་མཆོད་པ་དང་། །དེ་ཁོ་ན་ཉིད་ཀུན་བཟང་མཆོད་པས་མཆོད། །ཁྱོད་ཀྱི་སྐྱོན་དག་ཡོན་ཏན་རྫོགས་པ་དེའི། །གནས་ཚུལ་ཇི་བཞིན་རྟོགས་པའི་སྒོ་གསུམ་གྱིས། །བསྟོད་པ་མ་ལུས་པ་ཡིས་བསྟོད་པར་བགྱི། །ཁྱོད་ལ་འདོད་དོན་གསོལ་བ་གདབ་པ་ནི། །བདག་སོགས་ཀུན་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་སྟན་ཐོག་འདི་ལ་སྩོལ་བ་དང་། །ཁྱད་པར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམ་ཚད་སྐད་ཅིག་ཙམ་ཉིད་ལ། །གྲུབ་ནས་


CMR038_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པ་ཡི་བཞེད་པ་ཀུན། །བདག་གིས་མ་ལུས་མྱུར་དུ་འགྲུབ་པ་དང་། །ཀརྨ་པ་ཡི་བསྟན་ལ་གནོད་བྱེད་རྣམས། །བདག་གིས་ཐལ་བ་བཞིན་དུ་རློག་པ་ཡི། །ནུས་པ་ད་ལྟ་ཉིད་དུ་སྩལ་དུ་གསོལ། །དེ་ལྟར་མཆོད་བསྟོད་དད་པའི་དགེ་བ་དེས། །མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་ཕྱིར་བསྔོ། ༈ རྡོ་རྗེ་འཆང་དངོས་འགྲོ་མགོན་བླ་མ་ཡི། །ཕྲིན་ལས་སྤྲུལ་པ་མ་ཧཱ་ཀཱ་ལའི་ཞབས། །ཡུམ་ཆེན་ལས་མཁན་སྡེ་བརྒྱད་བཅས་པ་ལ། །ཀུན་བཟང་མཆོད་སྤྲིན་སྤུངས་པའི་ཞལ་ཟས་དང་། །སྒོ་གསུམ་ལོངས་སྤྱོད་བཅས་པ་ཕུད་ཀྱིས་མཆོད། །ཕྱི་ཡི་མཆོད་པ་ངོ་མཚར་སྣང་བ་དང་། །ནང་གི་མཆོད་པ་ཤ་ཁྲག་ཨ་མྲྀ་ཏ། གསང་བའི་མཆོད་པ་བདེ་སྟོང་ཙཀྲ་དང་། །དེ་ཁོ་ན་ཉིད་ཐུགས་དང་གཅིག་བསྡོམས་པའི། །རང་རིག་ཡེ་ཤེས་དག་པའི་མཆོད་གཏོར་འདི། །།དགྱེས་པ་ཆེན་པོས་བཞེས་ནས་བྱིན་གྱིས་རློབས། །དབང་བཞི་ཐོབ་ནས་ཕྲིན་ལས་རྣམ་བཞི་འགྲུབ། །མཁའ་ཁྱབ་སེམས་ཅན་བདེ་ལ་འགོད་ནུས་པའི། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །སྟན་ཐོག་འདི་ལ་བྱིན་གྱིས་བརླབ་ཏུ་


CMR038_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ༈ །ཨོཾ་གྱིས་མ་དག་སྟོང་པར་སྦྱངས། །ཨཱཡིས་ཐོད་སྣོད་ཡངས་པའི་ནང་། །ཧཱུྃ་ལས་དགྲ་བགེགས་ཤ་ཁྲག་གི །གཏོར་མ་ཕུན་སུམ་ཚོགས་པ་ཀུན། །ཧ་ཧོ་ཧཱུྃཡིས་སྦྱངས་རྟོག་སྦར། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས། །མཁའ་འགྲོ་སེང་གདོང་སྤྱན་དྲངས་ནས། །མདུན་བཞུགས་ལྗགས་ཀྱི་འོད་ཟེར་གྱི། །རྡོ་རྗེའི་སྦུ་གུའི་རྣམ་པ་ཡིས། །གཏོར་མ་གསོལ་བས་དགྱེས་པར་རོལ། །ཨོཾ་ཤྲཱི་བཛྲ་ཌཱ་ཀི་ནཱི་སིང་ཧ་མུ་ཁ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལི་ཏཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། །དྲག་མོ་སེང་གེའི་གདོང་པ་ཅན། །ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ། །སེང་གེའི་གདོང་ཅན་ལྷ་མོར་བསྟོད། །ཁྱོད་ལ་གཏོར་མ་ཕུལ་བའི་མཐུས། །གནོད་བྱེད་མ་ལུས་ཞི་བ་དང་། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། ༈ ཧཱུྃ། གང་ཞིག་བླ་མ་ལ་སྨོད་ཆོས་ལ་སྡང་། །འགྲོ་ལ་རྣམ་འཚེ་སྒྲུབ་པ་པོ་ལ་གནོད། །ངན་འགྲོ་ཉེར་གཞོལ་དེ་དག་རྣམས་ཀྱི་སྲོག །ཟངས་གྲི་འབར་བས་ཡུད་ཀྱིས་གཅོད་པར་མཛོད། །གང་དུ་རྡོ་རྗེའི་སེར་ཆེན་


CMR038_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་པའམ། །བསྐལ་མེ་འབར་དང་དྲག་པོའི་རླུང་ཤུགས་སོགས། །འཇིགས་ཆེན་བརྒྱ་ཕྲག་དུ་མའི་ཆོ་འཕྲུལ་དང་། །ལྟས་ངན་མཚན་མ་བྱེ་བ་དབབ་པར་མཛོད། །ཤིན་ཏུ་མི་བཟད་ནད་གདོན་འབུམ་ཕྲག་གིས། །དགྲ་བོ་བུ་དང་ཆུང་མ་འབངས་བཅས་ཀུན། །སྐད་ཅིག་ཉིད་ལ་བསད་དེ་བསྐལ་སྟོང་དུ། །མནན་གཟིར་བསྐྲད་རེངས་པ་ཡི་ཕྲིན་ལས་མཛོད། །མི་སྲུན་ཤ་ཟའི་ཕོ་ཉ་དུང་ཕྱུར་ཡང་། །ཁྲོས་པའི་མིག་བསྒད་ཁྲོ་གཉེར་མཆེ་བ་གཙིགས། །རྣོ་བའི་མཚོན་ཐོགས་རྔམ་པའི་ང་རོ་འབྱིན། །རེངས་པར་རྒྱུག་བྱེད་ཁྱོད་ཀྱི་དུས་ལ་བབ། །ནམ་མཁའ་གང་བ་འདབ་བཟང་དབང་པོའི་ཚོགས། །གདོང་ལྔ་ལ་སོགས་གཅན་གཟན་མ་རུངས་པ། །བྱེ་བ་དུང་ཕྱུར་ཁྲི་ཕྲག་དུ་མ་རྣམས། །ཉམས་པ་འདི་ཡི་ཤ་རུས་ཁྲག་ལ་རོལ། ༈ །བྷྱོ༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འགྲོ་མགོན་སྐྱོབས་པ་རྣམས་ཀྱི་བཀའ་བཞིན་དུ། །ཕྲིན་ལས་ཚུལ་བཞིན་སྒྲུབ་པའི་གྲོགས་མཛད་མ། །དཔེར་ན་རྔོན་པས་རི་དྭགས་བཤོར་བ་བཞིན། །བསད་པ་དོན་དུ་གཉེར་བའི་ལས་མཛད་མ། །བསད་པ་དོན་དུ་གཉེར་བའི་ལས་མཛོད་ཅིག །ཨོཾ་ཨེ་


CMR038_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ར་ལླི་ཧོ། ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྵ་ཁཱ་ཧི། ཏྲག་རཀྵ་དུན་བྷྱོ་ཁཱ་ཧི། ཏྲག་རཀྵ་རྦད་བྷྱོ་ཁཱ་ཧི། དམ་ཅན་མགོན་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས་ལ་དམ་རྫས་བདུད་རྩིའི་གཏོར་མ་བཞེས་སུ་གསོལ་ཁཱ་ཧི། སྐབས་འདིར་གྲྭ་པ་རྣམས་བེར་ནག་ཅན་གྱི་གསེར་སྐྱེམས་འཆམ་དང་བཅས་པ་བྱེད་པར་སྣང་། གྲྭ་ཚང་ཉུང་ན་མི་མཛད། འདིར་གསེར་སྐྱེམས་གང་རུང་ཉུང་བསྡུས་ཤིག་ཕུལ་གྲུབ་ན་ལེགས། མ་གྲུབ་ཀྱང་ཆོག་སྟེ་དཀར་གཏོར་དེས་གོ་ཆོད། དེ་ནས་ཁྲུས་ཆོག་པས་སྔོན་དུ་ཁྲུས་ཆུ་གཏོར་ཞིང་འགྲོ་བ་དང་། དེ་ནས་རིམ་པ་བཞིན་དུ་ཁྱེར་ཏེ་རྗེས་ནས་དར་ནག །ཟབ་མདོ་འདོན་མཁན་དུ་ཡོད་རྣམས་གྲུབ་བྱ། དེ་ནས། ལྷ་ཀླུ་གནོད་སྦྱིན་ལ་སོགས་དང་། །འབྱུང་པོ་ཁྲོ་བོ་ལ་སོགས་དང་། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །གནོད་པར་བྱེད་པ་གང་ཡང་རུང་། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །བཟུང་བ་ལས་ནི་ཐར་བར་མཛོད། །རིན་དང་གླད་དུ་འདི་བཞེས་ལ། །བདག་གིས་དེ་རིང་ཁྱོད་མཆོད་ཀྱིས། །སོང་ཞིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། །ཁྱོད་ནི་བགེགས་བྱེད་མི་ནུས་མིན། །སྔོན་ཆད་མཆོད་སྦྱིན་མ་ཐོབ་ན། །དེ་རིང་


CMR038_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཁྱོད་མཆོད་ཀྱིས། །མེ་ཏོག་ཕྲེང་བ་སྤོས་དང་ནི། །མར་མེ་ཞལ་ཟས་འདི་སྣོམས་ལ། །བགེགས་ཀྱི་རྒྱལ་པོ་འགྲོ་བར་གྱིས། །སྔོན་གྱི་ལན་ཆགས་ཡོད་ན་ཡང་། །མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས། །རྡོ་རྗེ་འཛིན་པའི་བཀའ་དག་དང་། །དམ་ཚིག་འགལ་བའི་ཉེས་པ་ཡིས། །གནོད་པར་གྱུར་ན་མི་ལེགས་ཀྱིས། །བགེགས་ཆེན་ཁྱོད་ནི་ད་སོང་ཞིག །རྡོ་རྗེ་ཆེན་པོ་མཆོག་འཛིན་པའི། །མགོན་པོ་ཆེན་པོའི་བྱིན་བརླབས་ལས། །བློ་ངན་གང་ཞིག་འདའ་བ་ནི། །རྡོ་རྗེ་འཛིན་པས་མྱུར་དུ་ཡང་། །སྤང་བའི་སེམས་ཅན་ཆེན་པོ་དེ། །ཇི་སྲིད་འཁོར་བའི་སྤྱོད་ཡུལ་དུ། །ངན་སོང་གསུམ་དུ་ཡང་དང་ཡང་། །ཤིན་ཏུ་མི་བཟད་ཆོ་ངེས་འདེབས། །གལ་ཏེ་སྲོག་དང་མ་བྲལ་ཡང་། །དེ་ཡི་རྩིབ་ལོགས་གཡས་པ་ན། །འབྲས་ཆེན་ནད་ཀྱང་འབྱུང་བར་འགྱུར། །འབྱུང་པོ་མང་པོ་འཚོགས་པ་ན། །སྟན་ཡང་ཐོབ་པར་མི་འགྱུར་རོ། །བདག་ཉིད་ཆེན་པོ་སངས་རྒྱས་བཀའ། །ཚིག་ལས་འདས་ན་རྡུལ་བཞིན་བརླག །དེ་བས་བགེགས་ཆེན་ཁྱོད་སོང་ལ། །དམ་ལས་འདའ་བར་མ་བྱེད་ཅིག །ཅེས་བརྗོད་གླུད་དང་གཏོར་མ་རྣམས་གདོན་གྱིས་ཁྱེར་བར་


CMR038_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། བཞི་པ་ནི་སྟོན་པའི་འཁོར་གྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བགེགས་རྣམས་ལྷོ་ཕྱོགས་རྒྱ་མཚོའི་མཐར་བསྐྲད་པར་བསམ། སྒྲུབ་པ་པོ་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་རྡོ་རྗེ་དང་དྲིལ་བུ་བཟུང་སྟེ། ཁྲུས་མཆན་དང་ཆངས་བུ་ཐམས་ཅད་བླུག །ཐེབས་ལྡོག་དང་ཕྱོགས་ལེགས་པར་བརྩིས་ཡོད་ན་ཁ་འབར་མ་འཕེན་རྒྱུ་ཡིན། ཕྱོགས་ཞིབ་པར་རྩི་མ་འཕྲོད་ན་ཁ་འབར་མ་ཁ་ཕར་ལ་བསྟན་ནས་བཞག་ཀྱང་རུང་སྟེ། གང་བྱེད་ཀྱང་མཆོད་གཡོག་པ་གཅིག་ལ་ཁ་འབར་མ་བཀྱག་བཅུག །རྔ་རོལ་མོ་དང་བཅས་པས། རྫ་ཕར་བརྡུང་ཞིང་། ཧཱུྃ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྒྱུ་འབྲས་བསླུ་མེད་བདེན་པ་དང་། །ཆོས་དབྱིངས་རྣམ་དག་བདེན་པ་དང་། །ཁྲོ་ཆེན་འབར་བའི་བཀའ་བདེན་པས། །བདག་ཅིག་འཁོར་དང་བཅས་པ་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །ལན་ཆགས་གདོན་བགེགས་ལོག་འདྲེན་ཚོགས། །འདི་ན་མ་གནས་འགྲོ་བར་གྱིས། །ཕ་རོལ་བྱད་དང་རྦོད་གཏོང་ཟློག །གལ་ཏེ་བདེན་ཚིག་འདི་འདས་ན། །ཁྲོ་ཆེན་འབར་བའི་ཚོགས་རྣམས་ཀྱིས། །


CMR038_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བརླག་པར་འགྱུར་བ་གདོན་མི་ཟ། །དེ་བས་གཞན་དུ་འགྲོ་བར་གྱིས། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །ན་མཿས་མནྟ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ཎཾ། ན་མོ་བཛྲ་ཀྲོ་དྷ་ཡ་མ་ཧཱ་དིཏྟོན་བྷེ་ར་ཝ་ཡ། ཨ་སི་མུ་ས་ལ། པ་རི་ཤུདྡྷ་ཧས་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྲ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ གརྫ་གརྫ༔ སྤོ་ཊ་ཡ་སྤོ་ཊ་ཡ༔ སརྦ་བིགྷཱན༔ བི་ན་ཡ་ཀ་ན་ནན། མ་ཧཱ་ག་ན་པ་ཏི་ཛི་ཝི་ཏ་ཨན་ཀ་ར་སྭཱ་ཧཱ། ཞེས་བརྗོད་ཅིང་གཏོར་མ་ས་ལ་རྡེབ། ཡིག་རྙིང་ལས། དེ་ནས་དགོས་པ་ཡོད་པའི་ཕྱོགས་སུ་བསྐུར་ལ་བཏང་། ཁ་སྦུབས་སུ་ཁ་ཕར་བསྟན་ན་ཐེབ། གན་རྐྱལ་དུ་ཁ་ཕར་ལ་བསྟན་ན་བཟའ་བྲན་ལ་ངན། ནད་པ་ཅི་ཡང་མི་ཉེས་སོ། །མགོ་གཡས་སུ་བསྟན་ན་སློབ་དཔོན་ལ་ངན་པས་ཟོན་བྱ། མགོ་གཡོན་དུ་བསྟན་ན་ཀ་ཆ་སྙིང་རོགས་ལ་གོད་ཁ་འོང་། མགོ་ཚུར་ལ་བལྟས་ན་ནད་པ་ལ་ངན། གཏོར་ཆེན་ལན་གསུམ་བསྐྱལ་ལ་བཏང་། ཡུམ་ཆེན་མོ་ཀློག །རིམ་གྲོ་ཅི་རིགས་བྱ། དེ་ནས་ཡར་མར་བསྐྱལ་ལ་གཏོར་མའི་སྤྱི་བརྟག །དེ་ལ་ངན་ན་ཕན་མི་ཐོགས་པས། དགེ་བའི་ལས་གཞན་ལ་འབད་པར་བྱའོ། །ཞེས་དང་། ཁ་འབར་མའི་གཟུགས་དེ་ཁ་ཕར་ལ་བལྟས་ན་ལེགས། ཚུར་ལ་བལྟས་ན་ལན་དགོས་པའི་རྟགས་ཡིན། དེ་ནས་དམར་གཏོར་མཆོད་གཡོག་པས་བཀྱག་ལ། གྲྭ་ཚང་གིས་ཆོས་སྐྱོང་


CMR038_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཙོ་བོ་ཡིན་པས་ཞིང་སྐྱོང་གི་བསྐུལ་པ་ཕོ་བྲང་མཁའ་སྤྱོད་མ་དང་ཞིང་སྐྱོང་གི་ཟློག་པ་གཉིས་འདོན་སྲོལ་འདུག་ཀྱང་ཁ་འབར་མའི་མན་ངག་ལ་རང་སྲུང་སེང་གདོང་མ་དགོས་པར་ཡང་བཤད། བ་རི་བའི་ལོ་རྒྱུས་ལས་ཀྱང་གསལ་བས། འཇའ་ཚོན་ལུགས་སེང་གདོང་མའི་བསྐུལ་བ་གཅིག་བྱས་ན་ལེགས། མེད་ཀྱང་ཆོག་སྟེ། འདི་སྲིན་མོ་ཟ་ལམ་དང་དོན་གཅིག་པས་འདོན་སྲོལ་ཡང་མེད་པས། རྔ་སླ་ང་ལྟར་བཟུང་ནས་འཆམ་སྟབས་བཅས་ཏེ་བརྡུང་ཞིང་། ༈ རྡོ་རྗེ་གར་གྱི་སྐག་བཟློག་མ། །ཤར་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །རིན་ཆེན་གར་གྱི་སྐག་བཟློག་མ། །ལྷོ་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །པདྨ་གར་གྱི་སྐག་བཟློག་མ། །ནུབ་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ལས་ཀྱི་རིགས་ཀྱི་སྐག་བཟློག་མ། །བྱང་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །གཞན་གྱི་ཕུར་ཆེན་འདེབས་པ་ཟློག །ཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག །གཤིན་


CMR038_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འཁོར་ལོ་བསྐོར་བ་ཟློག །བདུད་ཀྱིས་ཁྲམ་ལ་བཏབ་པ་ཟློག །མ་མོས་ཐུན་ཟོར་འཕེན་པ་ཟློག །ཀླུ་ཡིས་བྱེད་དུ་བཅུག་པ་ཟློག །ཕོ་ཉས་བླ་སྲོག་འཕྲོག་པ་ཟློག །ཐེའུ་རང་ཚེ་ལ་བརྐུ་བ་ཟློག།མུ་སྟེགས་བར་ཆད་བྱེད་པ་ཟློག །ཞང་ཞུང་ཛོ་དམར་འཕེན་པ་ཟློག །བོན་པོས་སྔགས་ལོག་སྒྲུབ་པ་ཟློག །སུམ་པས་གླང་ཟོར་འཕེན་པ་ཟློག །སྐྱེས་པས་མདའ་ཟོར་འཕེན་པ་ཟློག །བུད་མེད་དམོད་ཟོར་འཕེན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ཅེས་རོལ་མོ་དྲག་ཏུ་བྱས་ཤིང་སེང་གདོང་མའི་སྔགས་བརྗོད། དར་ནག་གདབ། མདོ་སྒྲུབ་པ་རྣམས་ཀྱིས་ཐལ་མོ་བརྡབ། དམར་གཏོར་ཕུལ། གྲྭ་ཚང་རྣམས་རྟ་བྲོ་མི་དར་ཀྱང་། བ་རི་ལུགས་ཀྱི་ཡིག་རྙིང་ལ་རྟ་བྲོ་རྒྱས་པར་འདུག་པས། གཏོར་སྣོད་སྒྲུབ་ལ་གཏོར་སྣོད་མདོས་ཁྲིའི་འོག་ཏུ་གནོད་བྱེད་རི་རབ་བང་རིམ་བཞི་པ་གཅིག་གིས་མནན་པར་བསམས་ལ། ཧཱུྃ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་འདིར། །བར་ཆད་དམ་སྲི་འདུལ་བའི་ལྷ། །ཁྲོ་བོའི་རྒྱལ་པོ་རྟ་


CMR038_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དཔལ། །གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང་། །དཔལ་གྱི་རྟ་སྐད་ཅེ་རེ་རེ། །ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ། །རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། །བདུད་དང་དམ་སྲི་རྡུལ་དུ་རློགས། །ཧཱིཔདྨནྟ་ཀྲྀཏ་བྱ་ཤྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཡ་མ་དམ་སྲི་སྟམྦྷ་ཡ་ནན། ཞེས་རྟ་བྲོ་གང་རུང་ཞིག་བརྡུང་། དར་ནག་རྣམས་དྲིལ་ཏེ་ཕྱི་ཁྲིད་བྱས་ནས་ཕྱི་མིག་མི་ལྟ་བར་རྣམ་འཇོམས་འདོན་ཞིང་ནང་དུ་འོང་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་སོགས། མཆོག་ཏུ་དད་པས་བསྟོད་པར་བགྱི། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཅེས་པས་གཤེགས་སམ་རྟེན་ལ་བསྟིམ། དམ་ཚིག་པ་རང་ལ་བསྟིམས་ནས་མི་དམིགས་པར་བསམ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་


CMR038_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མི་མཐུན་གནོད་པའི་རྐྱེན་རྣམས་བྲལ་བ་དང་། །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་བྱའོ། །ཞེས་བྱ་བ་འདི་ནི་བྱ་རྒྱུད་གཟུངས་སྔགས་ཀྱི་འགྲེལ་པ་རྣམས་ལས་འབྱུང་བ་ལྟར། ཀརྨ་པ་མི་བསྐྱོད་རྡོ་རྗེས་སྨྱུག་མའི་ཚལ་དུ་བྲིས། ཞེས་པ་ལས་ཕྱག་ལེན་མཐོང་བ་བརྒྱུད་པས་ཁ་སབ་སྟེ།རཱ་ག་ཨ་སྱས་འདོན་འགྲིགས་སུ་བཀོད་པའོ། །འདི་ལ་མཆོད་གཡོག་པའི་ཁ་རས་ཀྱིས་དཀྲི་བ་དང་ལག་པ་བཀྲུ་བ་སོགས་གཙང་སྦྲ་ཆེ་དགོས། མ་གཙང་ན་རིམས་སྙོག་འོང་ཟེར། འདི་ཞི་བ་ཡིན། དྲག་པོ་བྱེད་ན་གོང་གི་ངར་མི་པར་མ་དེ་རྣམས་ལིངྒ་པར་མ་བྱས་ལ། ལིངྒ་ཐམས་ཅད་དུས་གཅིག་ཏུ་བྲན་ནས་གནོད་བྱེད་ཐམས་ཅད་བཀུག་གཞུག་ལན་གསུམ་བྱས་ཏེ་བསྟིམ། དེ་ནས་སྔོན་ལྟར་གཏོར་མ་བྱིན་བརླབས་བྱས་ནས་ཕུལ་བ་ནི། རང་གནད་རང་ལ་འབེབས་པ་ཤིན་ཏུ་ཟབ་ཅིང་ཆོད་ཆེ་སྟེ། ཤི་སྒབ་ཡེ་མ་ཆོད་ན་བྱ། བཀའ་ཤིན་ཏུ་གཉན་པས་གག་ཐུག་ན་མ་གཏོགས་མི་བྱའོ། །ཞེས་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ། འདི་ལ་ཉེས་འགལ་མཆིས་ན་ལྷ་མོ་འཕྲོག་མ་ཉིད་ལ་བཤགས་ཤིང་དགེ་བས་གཞན་ཕན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྗེ་མི་བསྐྱོད་ཞབས་ཀྱིས་བསྩལ་བའི་ཁ་འབར་མའི་འདོན་འགྲིགས་གསལ་བར་བསྒྲིགས་པ།next