Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁ་འབར་མའི་ཟིན་བྲིས།
   
   
   
   
   
   
   
   
   
   


 
previousཁ་འབར་མའི་ཟིན་བྲིས།next

ཁ་འབར་མའི་ཟིན་བྲིས།


CMR038_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་འབར་མའི་ཟིན་བྲིས་ཡོད། ན་མོ་ཤཱཀྱ་མུ་ན་ཡེ། སྟོན་པ་རྐང་གཉིས་གཙོ་ལ་ཕྱག་འཚལ་ནས། །ལྷ་མོ་འབར་མའི་ཟིན་བྲིས་ཅུང་ཟད་བྲི། །དེ་ཡང་སྟོན་པའི་ཞལ་ནས། ང་ལ་སྟོན་པར་ཁས་ལེན་ན། །འཕྲོག་མ་བུ་ལ་ཆངས་བུ་བྱིན། །ཞེས་སོགས་འདུལ་བ་ནས་གླེང་གཞི་དང་། སྲུང་བ་ལྔ་ཡི་གཟུགས་སོགས་ནས་ཀྱང་སྲིན་མོ་ནག་མོ་བུ་སྟོང་ཡོད་པ་ཞེས་སོགས་དང་། དཔལ་ལྡན་ལྷ་མོའི་རྒྱུད་རྣམས་ལས་ཀྱང་། ནག་མོ་ཆེན་མོ་ཁ་འབར་མ། །ཞེས་སོགས་གསུངས་པས་ངོ་བོ་དཔལ་ལྡན་ལྷ་མོ་ཉིད་ཡིན་ཀྱང་། རྣམ་པ་ཡི་དྭགས་ཀྱི་ཚུལ་བཟུང་ནས་བགེགས་རིགས་ཐམས་ཅད་ལ་དབང་སྒྱུར་བའི་རྒྱལ་མོ་རྡོ་རྗེ་གདན་གྱི་ཆོས་སྐྱོང་དྲག་རྩལ་ཅན་ཡིན་པས། ལོ་རྒྱུས་རྒྱས་པ་དང་། འདི་ལ་རྙིང་མ་ནས་ཁ་འབར་མ་དཀར་དམར་གསུམ་ལས་ཚོགས་དང་བཅས་པ་དང་། གསར་མ་ནས་ཀྱང་ཁ་འབར་མ་ལ་རྒྱུན་དུ་ཆངས་བུ་སྦྱིན་པས། གཏོར་མ་བཏང་ནས་ཚོགས་བསགས་པ། གཏོར་ཆེན་ལ་བརྟེན་ནས་འཆི་བ་ཟློག་པ། དེ་ལ་མདོས་ཐབས་དང་བསྡུས་པ་གཉིས། བྱད་ཟློག་པ། དགྲ་བསད་པ། མཁར་བཤིགས་པ། ལན་ཆགས་སྦྱངས་བ་སོགས་དམིགས་པ་དང་


CMR038_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཚོགས་འདོན་ལུགས་སོགས་མང་དུ་ཡོད་ཀྱང་ཡི་གེར་བྲི་བས་འཇིགས་ནས་སྤྲོས་པ་བསྐྱངས་ཏེ། སྔོན་དབུས་གཙང་ཞིག་ན་མི་ཞིག་གིས་ཁ་འབར་མའི་དཔེ་རིགས་མི་གཅིག་པ་ཐམས་ཅད་བསགས་པས་སྒམ་སྒྲོམ་གཅིག་གང་བྱུང་བའི་ལོ་རྒྱུས་འདུག་པ་ལྟར་ལུགས་མཐའ་ཡས་པར་ཤེས་པར་བྱ་བ་ཉིད་དོ། །འདི་ནི་རྗེ་མི་བསྐྱོད་ཞབས་ཀྱིས་བྱ་རྒྱུད་སོར་བཞག་གི་དབང་དུ་མཛད་ནས་ཤིན་ཏུ་བསྡུས་པའི་ཚུལ་དུ་མཛད་པ་འདི་ཉིད། རྗེ་དཀོན་མཆོག་འབངས་ཀྱི་ཕྱག་བཞེས་ལྕོག་གྲ་ན་རྒྱུན་ཆགས་སུ་ཡོད་པ་ལ། ཕྱིས་རྗེ་ཆོས་ཀྱི་དབང་ཕྱུག་གིས་ཞལ་བཀོད་མཛད་ནས་ཕྱག་ལེན་ལྕོག་གྲ་ནས་ཉིན་བྱེད་གླིང་དུ་སྤེལ་ནས་ལོ་རེ་བཞིན་རྒྱུན་དུ་མཛད་པའི་ཕྱག་ལེན་ནི། བདག་གིས་ལོ་ཡ་ཟུང་མཆོད་གཡོག་བྱས་ནས་ཡིད་ལ་བཟུང་བ་ནི་འདི་ལྟ་སྟེ། །ཀ་ཏོ་རའམ་གཞོང་པ་ལྟ་བུ་ལྕགས་ཟེར་མེད་པ་གཙང་མའི་ནང་དུ། སྤེན་ནམ་སོག་མ་བཅིང་ངམ་ཡུངས་གཤེར་ཐུ་རུས་མཛེར་བའི་ནང་ཞུགས་སམ། ཟན་རྐྱང་པ་ཡང་རུང་སྟེ། ཁ་འབར་མའི་སྐུ་ཁྲུ་གང་ལས་མི་ཆུང་བ་ཞལ་ཁྲོ་ཞལ་གདངས་བའི་ནང་དུ་མར་ཁུ་བླུག་ལ་སྡོང་བུ་རིང་པོ་བཙུགས། ཁ་ནང་ནས་སྣའི་ནང་དུ་བུག་པ་བྱས་ནས་དུད་པ་འཐུལ་བ། ནུ་མ་རྐྱལ་


CMR038_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདྲ་བ། ལྟོ་བ་ཆེ་བ་གཉེར་མ་ཅན། རྐང་ལག་ཕྲ་བ་མོ་མཚན་རྒྱས་པ། ཕྱག་གཡས་མཆོག་སྦྱིན་ལྟར་བརྐྱང་བས་གླུད་ལེན་པའི་ཚུལ་གྱིས་ཆངས་བུ་ཆེན་པོ་གཅིག་བཟུང་བ། གཡོན་ཡང་དེ་ལྟར་ལས་ལམ་སྒྲོན་གྱི་ཚུལ་དུ་ཟན་ཀོང་གཅིག་ཏུ་མར་མེ་ཐོགས་པ། རྐང་པ་ཕྱེད་སྐྱིལ་ལུས་ལ་མར་སྣག་གམ་འོ་སྣག་གཙང་མས་བྱུག །སྤྱན་མར་རྒྱན་ལྟར་བྱ་ཞིང་། སྤྱན་རྩ་དང་ཞལ་རྣམས་ནུ་མའི་རྩེ་ཕྱིར་ནང་རྣམས་འབྲི་མོག་བྱུག །མགྲོན་བུ་མང་པོ་མ་འབྱོར་ན་ཡུངས་སོགས་ལས་མཆེ་བ་དང་སོ་གཙིགས་པ། རྔ་མ་ནག་པོས་སྐྲ་ས་པ། སྟེགས་མཐོན་པོ་ལ་ཡར་གྱུ་ནས་བཤམས། དེའི་མདུན་དེ་ན། ཡོན་བདག་གི་གཟུགས་ཟན་གང་རུང་ལ་མཐོ་གང་ལས་མི་ཆུང་བ་གླུད་གོས་དང་བཅས་པ་ཐམས་ཅད་ཀྱི་དྲི་གླུད་ཀྱིས་བསྐོར། ཕྲག་པ་གཡས་སུ་ཤིང་ལ་ཡོན་བདག་གི་ལོ་གྲངས་རི་མོ་བྲིས་ལ་བཙུགས་ལ་ཁ་སྐུ་འདྲ་ལ་བསྟན་ལ་སྣོད་སྡེར་མའམ་བཙོ་མ་ལྟ་བུའི་ནང་དུ་བཞག །དེའི་རྒྱབ་དེར་ཆངས་བུ་སོགས་བསོགས་ས་གཞོང་པ་གཙང་མའམ་ཀ་ཏོ་ར་ཆེན་པོ། ཆུ་དཀར་དང་འབྲས་ཆན་བསོགས་ས་ལྕགས་སྣོད་མིན་པ་ཟངས་སམ་བས་མ། མ་རྙེད་ན་རྫ་མ་གཙང་མ་ཡང་རུང་


CMR038_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཞག །དེའི་གཉའ་དང་ངོས་དེ་ན་ཐུར་དུ་གཏོར་ཁྲི་གཅིག་ལ་ཟངས་ཐེབ་དྲུག་ཚར་བཤམས། དེའི་གཡས་ཕྱོགས་ན་གྲོ་ནས་སྲན་མ་བསྲེས་པའི་མཆན་དང་། ལིང་རོ། འོ་དཀར། གཡོན་ནས་ཆངས་བུ་ཆངས་རྗེས་གསུམ་པ་དང་། ཆངས་རྗེས་ཚང་བ་དང་། ངར་ཆུང་པར་བཏབ་པ་རྣམས་བརྒྱ་དང་བརྒྱད་རེ་བཤམས། ཡར་ལ་གཞི་གཙང་མ་ལ་ཡོད་ན་རིན་པོ་ཆེའི་མཎྜལ་སྟེང་དུ་འབྲས་དཀར་གྱི་ཚོམ་བུ། མེད་ན་གཞི་ཐོག་ཏུ་ནས་ཚོམ་བཅོ་ལྔ་བཀོད་པའི་དབུས་སུ་ཐུབ་པའི་གསེར་སྐུ་ཡོད་ན་བཤམས། ཐང་སྐུའམ་ཙཀ་ལི་ཡོད་ཀྱང་ཆོག །མཎྜལ་མདུན་དུ་མཆོད་པ་རྣམ་ལྔ་བཤམས། གཞན་ཡང་དཀར་གཏོར་བཟང་པོ་གཅིག །ཡི་དམ་ཆོས་སྐྱོང་གི་གཏོར་འབུལ་དམར་གཏོར་བཟང་པོ་གཅིག །ཐུབ་པ་འཁོར་བཅས་ལ་འབུལ་རྒྱུའི་ཟླུམ་གཏོར་པད་འདབ་ཀྱིས་བསྐོར་བ་མར་རྒྱན་མེ་ཏོག་མཛེས་པ་ཅན་གཅིག་རིན་པོ་ཆེའི་སྣོད་དུ་བཤམས། ཆ་གསུམ་ཡང་བཅས་ལ་བཞག །མཎྜལ་གྱི་ཤར་ལྷོ་རང་གི་མདུན་ངོས་ཕ་ཀིར་དགེ་སློང་ངམ་སྔགས་པ་བསྙེན་སྒྲུབ་སོང་བ་གཅིག་གིས་མཆོད་གཞི་གཅིག་བཅས་ནས་རྡོ་རྗེ་རྣམ་འཇོམས་ཀྱི་བདག་མདུན་བུམ་གསུམ་ཆ་གསུམ་གཏོར་བསྔོས་དང་


CMR038_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་བྱེད་ཅིང་། མ་རྫོགས་བར་དུ་རྣམ་འཇོམས་ཀྱི་གཟུངས་འདོན་ཅིང་བུམ་པ་བསྒྲུབ། རང་གི་རྒྱབ་ངོས་སམ་གང་བདེ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ་ཞལ་ནས་གསུངས་པའི་མདོ་གང་རུང་འདོན་མི་མང་ཉུང་ཅི་རིགས་ཤིག་བཞག །དེ་གསུམ་མེད་ཀ་མེད་གསུམ། འཛོམ་ན་གཏོར་མ་བཏང་མི་གཅིག་ཀྱང་ལོགས་སུ་བཞག །མདོར་ན་རབ་དགེ་སློང་བཞི་སྡེ། འབྲིང་དགེ་ཚུལ་སློང་བཞི། ཐ་མ་ཡང་དགེ་སློང་གཅིག་གིས་གཙོར་བྱས་སེར་མོ་བ་བཞི་ངེས་པར་དགོས་ཟེར་རོ། །དེ་ནས་སྐྱབས་སེམས་སྤྱི་ལྟར་ལས། བདག་བསྐྱེད་ཁ་སར་པ་ཎི་གཏོར་མ་བརྒྱ་རྩ་ལྟར་བྱ། མདུན་བསྐྱེད་ཐུབ་པ་འཁོར་བཅས་སྤྱན་འདྲེན་གཞུང་ལྟར་ལས། བྱོན་ལེགས་བཞུགས་གསོལ་ཁྲུས་གསོལ་ན་བཟའ་འབུལ་བ་མཎྜལ་སོགས་རྒྱས་བསྡུས་གང་རུང་ས་གཞི་བྱིན་རླབས་སོགས་ཁ་སབ་སྨོན་ཐུང་གིས་ཡན་ལག་བདུན་འབུལ། མཆོད་པ་བྱིན་རླབས་རབ་འབྱམས་མ་ཕྱག་རྒྱ་དང་བཅས་པ་ཀུན་རིག་ལྟར་ཨ་ཀཱ་རོ་དང་། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །ཞེས་སོགས་གཏོར་མ་འབུལ། བསྟོད་པ་གཞུང་ལྟར། དེ་ནས་སྟོན་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྲོ་བོ་བགེགས་མཐར་


CMR038_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དཔག་ཏུ་མེད་པ་སྤྱན་འདྲེན་པ་ལ་བསྟོད་ནས། རྔ་རོལ་མོ་དབྱངས་དང་བཅས་པས། ཧཱུྃ། དཀོན་མཆོགཟ་ལན་གསུམ་གྱིས་གནོད་བྱེད་བཀུག་ལ། ཆ་གསུམ་བཏང་ནས་ཁ་འབར་མའི་སྔོན་གྱི་ཀོང་བུ་འབུལ་ལ། དེ་ནས་མཆོད་གཡོག་པ་ལག་པ་བཀྲུས་ཁ་རས་ཀྱིས་བཀབ་པ་གཉིས་ཀྱིས། གཡོན་ནས་ཐེབ་ཙེ་གསུམ་དུ་ངར་ཆུང་། ཚངས་བུ། ཆངས་སྤྱད་གསུམ་བཤམས། གཡས་ནས་ཏིང་ལོ་མཆན་གཉིས་བཤམས། ཐེབ་ཙེ་གཅིག་ཏུ་འོ་དཀར་བླུག་ཞོར་ཐམས་ཅད་བྲན་ཚར་བ་རེ་བྱས་ནས། དེ་བཞིན་གཤེགས་པ་བཞི་ནས་སྦྱིན་ནོ་བར་མ་རེག་པར་བཞག །དེ་ནས་རྔ་རོལ་མོ་འུར་རྡུང་དང་བཅས་འདོད་གསོལ་ཚེ་ནས་བཟུང་སྟེ། མཚན་དང་ཆུ་ཟངས་ནང་དུ་བླུག །ཚངས་བུ་གཉིས་དང་ངར་མི་ཏིང་ལོ་སོགས་ཀ་ཏོ་རའམ་གཞོང་པར་བླུག །སླར་བཤམས་ནས་སྔར་ལྟར་བྱས་ཏེ་ལྔ་བཅུ་ང་བཞི་སོང་ནས། ཁ་འབར་མ་ཁ་ཕྱིར་བསྒྱུར་ནས། དཀར་གཏོར་བསྔོས་ལ་སྣ་དེར་བཞག །དེ་ནས་ཕོ་འབར་དེ་བྲན་ལ་བགེགས་གཏོར་མང་ཉུང་གང་རིགས་ཤིག་འདོན་ལ་དེའི་རྒྱབ་ཁ་འབར་མའི་སྔོན་ན་ཁ་ཕར་བསྒྱུར་ལ་བཞག །སླར་ཡང་བརྫང་བའི་ཚུལ་ལྔ་བཅུ་ང་བཞི་བསྔོས་ནས་རྒྱབ་


CMR038_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཟངས་དང་གཞོང་པར་བླུག །སྐབས་འདིར་དཀར་གཏོར་བསྔོས་ཀྱང་རུང་། དེ་ནས་དམར་གཏོར་དེ་སེང་གདོང་མ་ལྟ་བུ་ཟློག་པའི་ལྷ་བྱུང་ན་ལེགས། ཡང་ན་ཡི་དམ་ཆོས་སྐྱོང་གང་རུང་ལ་བསྔོས་ཏེ་གྲྭ་ཚང་གིས་ཞིང་སྐྱོང་ལ་བསྔོ་བར་འདུག་ཀྱང་། སེང་གདོང་མ་དང་འབྲེལ་ཆེ་བ་ཡིན། སྤྲོ་ན་མཚོན་ཆས་མི་འཇིགས་གང་ཡང་མེད། །ཅེས་སོགས་བརྗོད་ལ་སྤྱི་བོར་གྲི་ཚད། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ་སོགས་བརྗོད་ལ། རྣམ་འཇོམས་བུམ་ཆུ་ཅུང་ཟད་དེ་སྤྱི་བོར་གཏོར་བར་བྱ། གྲྭ་ཚང་ནང་ན་མི་བྱེད་དོ། །དེ་ནས་རྔ་རོལ་མོ་དབྱངས་དང་བཅས་པས། ལྷ་ཀླུ་གནོད་སྦྱིན་ཞེས་སོགས་གྱེར་ནས། གླུད་རྣམས་བགེགས་ཀྱིས་ཁྱེར་ནས་སོང་། མི་འགྲོ་བ་རྣམས་སྟོན་པའི་འཁོར་ཁྲོ་བོའི་ཚོགས་ཀྱིས་དབང་མེད་དུ་བསྐྲད་པར་བསམ་ལ་ཁ་ཡི་མར་མེ་སྦར། རྣམ་འཇོམས་འདོན་མའི་བུམ་ཆུ་གཏོར་ནས་སྣ་ཁྲིད་ལ། དང་པོ་དཀར་གཏོར། ཕོ་འབར། འབྲས་མཆན། ཆངས་བུ། ཁ་འབར་མ། དམར་གཏོར། དར་ནག །རང་སྒྲུབ་པ་པོ་ཟབ་མདོ་འདོན་མི་རྣམས་རིམ་པར་གཤར། ཕྱོགས་གཙང་སར་ཕྱིན་ལ་ཐམས་ཅད་རིམ་པ་ལྟར་བཤམ་ལ་ཅུང་ཟད་བཞག་ལ། རྔ་


CMR038_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་དབྱངས་དང་བཅས་པས། ཧཱུྃ། དཀོན་མཆོག་གསུམ་སོགས་བརྗོད་ལ་དཀར་གཏོར་སོགས་རིམ་པར་ཕུལ། དེ་ནས་ཁ་འབར་མ་བཏེག་ལ་བདུད་རྩི་འཁྱིལ་པའི་སྔགས་རིང་རྔ་རོལ་མོ་དང་བཅས་པས་ཕར་ཟོར་ལྟར་བརྒྱབས་པས་ཁ་ཕར་གྱུ་བ་དང་ཁ་སྦུབ་ན་ལེགས། ཚུར་ཁ་བསྟན་ན་ངན་པས་རྐྱལ་བར་བཤད་མགོ་བོ་གཡས་གཡོན་དུ་ལྟ་བས་གན་རྐྱལ་ཚུར་ལྟ་ན་ཕོ་དང་མོ་ལ་ངན། གན་རྐྱལ་ཚུར་ཁ་ལྟ་ན་སློབ་དཔོན་ལ་ངན། མགོ་ཚུར་ལྟ་ན་ཤིན་ཏུ་ངན་ཟེར་འོན་ཀྱང་གྲྭ་ཚང་ནང་ན་མི་འཕེན་པར་ཁ་ཕར་བསྒྱུར་ནས་ཀྱང་འཇོག །རེ་འགའ་མཆོད་གཡོག་པས་ཕར་རྫོགས་དོ་ན་ཡང་དོན་ལ་སློབ་དཔོན་གྱིས་འཕེན་དགོས་རྒྱུར་འདུག་གོ །དེ་ནས་རྡོ་རྗེ་གར་བཟློག་མ་སོགས་ཟློག་པའི་ཚིག་གང་རུང་འདོན་ནས་དམར་གཏོར་ཕུལ།། དེ་ནས་དཔལ་ལྡན་རྡོ་རྗེ་སོགས་སེང་གདོང་མའི་ཟློག་པ་དང་མཉམ་དུ་དགེ་འདུན་པ་རྣམས་ཨ་མཆོད་མདོ་བསྒྲུབ་འདོན་མིས་བདུད་ཟློག་ཐལ་རྡེབ་བྱ། དེ་ནས་གྲྭ་ཚང་ལ་སྲོལ་མེད་ཀྱང་སྣོད་ཐམས་ཅད་སྒྲུབ་ལ་རྟ་བྲོ་བྱས་ན་ལེགས། དེ་ནས་དར་ནག་དྲིལ་ནས་སློབ་དཔོན་གྱིས་རྗེས་མནན་ཕྱི་མིག་མི་ལྟ་བ་གལ་ཆེ་ཞིང་ཁྱིམ་དུ་བྱོན་ནས་ཐུབ་པ་རྣམ་འཇོམས་རྣམས་ཀྱི་རྗེས་


CMR038_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་སྤྱི་ལྟར་བྱ། ༈ དེ་ནས་གྲྭ་ཚང་གིས་ཡོན་གྱི་ཚུལ་དུ་ཚོགས་འཁོར་བཟང་པོ་གཅིག་འོང་རེ་ཡོད་ཧེ་ཧེ། ཁ་འབར་མ་དང་ཕོ་འབར་གླུད་གཟུགས་གཉིས་ཀ་ལ་མིག་ལོང་ཐང་། སོ་མགྲོན་བུ་མང་པོ་བསྒྲིག །ལྕེ་ན་བྱི་རུ། ཀླད་པ་མུ་ཏིག་ཡ་ཟུང་། ལག་གཡས་གསེར་སེ་བ་གསུམ་བཞི་ཙམ། གཡོན་དུ་དངུལ་ཞོ་དོ་གང་། གོས་ལ་གོས་ཆེན་ནག་པོ་ཁ་དོ་འབྲེལ་ཙམ་འདོན་མ་རིན་བར་ཟམ་པོའམ་གོས་ཆེན་ནག་པོ་ཁ་རེའི་ཞལ་ཁེབས། ཕོ་འབར་གྱི་གོས་དར་རམ་གོས་ཆེན་ཁ་རེ། ལྷ་རྟེན་བཀྲ་ཤིས་ཁ་བཏགས་བཟང་བ་རེ་། རྫི་སྨིན་སྦྱར་རྒྱུ་གསེར་ཤོག་ཡ་ཟུང་། གོས་ཆེན་ནག་པོ་གོས་ལ་གྲྭ་པ་ཕོལ་ཆེར་རེས་ཁབ་རེ་བཙུགས་པས་ཁབ་བརྒྱ་ལྷག་ཙམ་རེ་བཙུགས། དར་གོས་ཆེན་རྣམས་མཆོད་གཡོག་པས་བླངས་ནས་ཁྱེར། གསེར་དངུལ་མུ་ཏིག་ཡོད་པ་ཤེས་པའི་སྤྱང་པོ་འདྲས་ཚོལ་ར་སྣང་། དེ་ལྟ་བུའི་དར་གོས་གསེར་མུ་ཏིག་སོགས་མ་འབྱོར་ཡང་ཟན་ཁོ་ནས་ཆོག །ཁ་འབར་མའི་སྐུའི་བཅའ་ལུགས་གཞུང་ན་མི་གསལ་བས། ཅོག་གྲྭ་སོགས་ན་ཡང་མཆོད་གཡོག་པས་གང་བྱས་ལྟ་བུ། རེས་འགའ་བུད་མེད་མཛེས་མའི་གཟུགས་དང་། རེས་འགའ་ཁྲོ་མོའི་


CMR038_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་གང་བྱུང་བྱེད་ཅིང་ཆོས་སྡེ་ཐམས་ཅད་ན་དེ་ལྟར་བྱེད་མོད་ཀྱང་། ཁ་འབར་མའི་བསྟོད་པ་རྒྱས་པ་དང་ལོ་རྒྱུས་སོགས་ཁུངས་ཐུབ་དུ་མ་ལས་ཁྲོ་མོའི་གཟུགས་མི་སྡུག་པར་བཤད་པས་གོང་དུ་སྨོས་ལྟར་བྱ་བ་ལེགས་སོ། །ཕོ་འབར་ཟེར་བ་ནི་ངར་མི་དེ་ཡིན་ནོ། །གཞུང་ན་མཐེབ་སྐྱུ་ཟེར་བ་ཏིང་ལོ་དང་། ལིང་ག་ཟེར་བ་ངར་ཆུང་ཡིན། ཆུ་འོ་མ་སོ་སོར་བཤད་ཀྱང་བསྲེ་བས་འཐུས་སོ། །ཡང་ཁ་ཅིག་གདན་ས་བར་པའི་ཕྱག་ལེན་ཡིན་ཟེར་ནས། སའི་བུམ་པ་རྨོན་རྫི་ས་གཅིག་ཏུ་འབྲུ་སྣ་དང་མར་ཆུར་བ། ཇ་སྲང་དོ་གང་བཅུག་ཁ་ལེན་བྱས་སྣོད་གཅིག་ཏུ་བཞག་ནས། ཁ་འབར་མ་བུད་མེད་མཛེས་མའི་གཟུགས་བུམ་པ་དེ་ལ་ཨོང་སྐྱག་བྱས་པ་གཅིག་བཅས་ནས་འབུལ་དུས་ཇ་ཐེབ་སློབ་དཔོན་གྱིས་ཁྱེར་བ་གཅིག་བྱེད་པར་སྣང་སྟེ། བུམ་པ་དེ་གཏེར་དང་དེའི་སྟེང་དུ་འདུག་པ་ཡི་དྭགས་གཏེར་སྲུང་གི་ཚུལ་ཡིན་སྨྲ་བར་བྱེད་ཀྱང་། གད་མོ་འཆོར་བའི་གནས་སོ། །ཡང་ཁ་ཅིག་གིས་གླུད་དྲུད་པའི་ཆངས་བུ་བརྒྱ་རྩ་སོགས་བྱས་ནས་ཁ་འབར་མ་ལ་འབུལ་བ་ཐོས་ཏེ། ཤིན་ཏུ་ཡ་ང་སྟེ། ལྷ་མོ་འབར་མ་འདི་དཔལ་ལྡན་ལྷ་མོ་ཉིད་ཡིན་ཞིང་། ཆོ་ག་འདི་ཡང་རྒྱུད་སྡེའི་ཁྱད་མ་གཏོགས་ལྷ་མོ་བརྒྱ་རྩ་


CMR038_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དང་ངོ་བོ་གཅིག་པ་དང་། །འདི་ལྷག་པར་བྱ་རྒྱུད་ཡིན་པས་གཙང་སྦྲ་གལ་ཆེ་བ་དང་། གྲྭ་པ་ཐམས་ཅད་ཀྱིས་གཙང་སྦྲ་མ་ཐེང་ན་གྲྭ་ཚང་རྣམས་སུ་ངེས་པར་ནད་ངན་འོང་ཟེར་ནས་བཅའ་དུས་ཐམས་ཅད་ཀྱི་ཁ་རས་ཀྱིས་བཏུམ་པ་སོགས་བྱེད་ཅིང་། རིམས་ནད་བྱུང་ན་ཁ་འབར་མ་གཏོང་མི་རྣམས་ཀྱིས་མ་གཙང་བ་ཡིན་ཟེར་ནས། ཁག་བཞག་པ་ཙམ་དུ་སྨྲ་སྲོལ་འདུག་གདའ་བ་དང་། གླུད་ཐམས་ཅད་ནི་ལོགས་གཅིག་ཏུ་བཞག་པ་བྲན་ནས། གཏོར་མ་བརྒྱ་རྩའི་གླུད་གཏོར་འདི་ཚར་གཅིག་འདོན་ར་གདའ་ནའང་། གླུད་ཉུང་ན་ཕོ་འབར་ལ་བསྐོར་ནས་བཞག་པས་ཆོག་གོ །གོང་དུ་རྣམ་འཇོམས་ཀྱི་ཁྲུས་ཆབ་དང་སྟོན་པའི་འཁོར་གྱི་ཆ་གསུམ་གཉིས་ཟངས་ནང་དུ་ཁ་འབར་མའི་མདུན་དུ་བླུགས་པའམ། ཕྱི་རོལ་དུ་འབུལ་བ་གང་རུང་ཆོག་གོ །འདི་བྱེད་པ་ལ་དགེ་སློང་གཙང་མ་རྣམ་འཇོམས་ཀྱི་བསྙེན་པ་ཐོན་པ་རབ། མ་བྱུང་ན་ཡི་དམ་གང་རུང་གི་བསྙེན་པ་ཐེམ་ན་ལེགས་ཤིང་། ཁྱད་པར་རྣམ་ཤཱཀའཇོམས་འདོན་མི་དེ་བསྙེན་པ་ཐོན་པ་གལ་ཆེ། གལ་ཏེ་མ་བྱུང་ན་སེང་གདོང་མའི་སྔགས་བྲིས་རབ་གནས་བྱས་ཏེ་མགུལ་དུ་བཏགས་པས་རང་སྲུང་དུ་འགྱུར་རོ། །ཞེས་ཨ་རཱ་གས་བྲིས་


CMR038_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། ཀརྨ་ཡང་དག་གིས་བསྐུལ་ནས་གོ་བདེ་བར་བྱས་པའོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཁ་འབར་མའི་ཟིན་བྲིས།next