Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་སྒོ་དང་ས་སྒོ་གཅོད་ཐབས།
   


 
previousགནམ་སྒོ་དང་ས་སྒོ་གཅོད་ཐབས།next

གནམ་སྒོ་དང་ས་སྒོ་གཅོད་ཐབས།


CMR038_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་རཱ་གས་མཛད་པའི་གནམ་སྒོ་དང་ས་སྒོ་གཅོད་ཐབས་བཞུགས་སོ།། ༈ ན་མོ་མཉྫའི་ཡེ། ཁྱི་ཐོད་འགྲམ་པ་གཉིས་ལ་ཉི་ཟླ་བྲི། དཔྲལ་བར་ཁེན་གྱི་ཕྱག་རྒྱ་བྲི། ཤིང་རིས་འཇའ་རིས་རྒྱབ་ཏུ་སྔགས་འོག་མ་དང་རྟེན་འབྲེལ་སྙིང་པོ་བྲིས་པ། ནམ་མཁའ་ཤིང་རྩི། བཤོས་བུ་རྩེ་ལྔ་པ་ལ་འབྲུ་སྣ་ལྔ། ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཀྱཻ། གནམ་གྱི་རིམ་པ་བཅུ་གསུམ་ན། །བདུད་ཀྱི་རྒྱལ་པོ་རེ་རེ་བཞུགས། །དེ་ལ་སྐུ་གླུད་གཏོར་མ་འབུལ། །དེ་སྟེང་རིམ་པ་བཅུ་གསུམ་ན། །བདུད་བཙན་རྗེ་བོ་རེ་རེ་བཞུགས། །ཡས་དང་གླུད་ལ་མི་དགྱེས་པས། །ཡས་ལམ་ཕྱེས་ལ་སྐུ་གཟུར་ཅིག །གནམ་གྱི་རིམ་པ་བཅུ་གསུམ་ན། །བདུད་རྗེ་རེ་ལྡེ་མགོ་ཉག་བཞུགས། །དེ་ལ་ཡས་གླུད་གཏོར་མ་འབུལ། །གནམ་སྒོ་ཆོད་ལ་མ་བྱེ་ཅིག །དེ་སྟེང་རིམ་པ་བཅུ་གསུམ་ན། །བདུད་རྗེ་བདུད་བཙན་རེ་རེ་བཞུགས། །ཡས་གླུད་བཤོས་བུ་རྩེ་མང་འབུལ། །གནམ་གྱི་སྒོ་མོ་བཅུ་གསུམ་ཆོད། །འདན་བུ་ཆུག་ལ་ལྡེའུ་མིག་སྐུང་། །གནམ་ནད་སྒོ་མོ་གྱེན་དུ་ཆོད། །ཁྱད་པར་ཉི་མ་ནུབ་བྱང་གི །ནམ་མཁའ་གཡུ་ཡི་ལྡིང་ཁང་ནས། །སྲིད་པ་གསུམ་གྱི་མེས་པོ་སྟེ། །ཁེན་པ་རྒན་པོས་གནམ་ཁྱི་


CMR038_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས། །མི་རྒན་དུང་རལ་དར་དཀར་གསོལ། །ཤེལ་གྱི་འཁར་བ་ལག་ན་ཐོགས། །གནམ་ཐེལ་དཀར་པོ་ལས་ལ་རྦད། །གཟའ་ཆེན་སྤེན་པ་ཕོ་ཉར་འགྱེད། །ཁྱེད་ལ་གཏོར་གླུད་འབུལ་བ་ནི། །དུང་གི་ཁྱི་ཐོད་ཉི་ཟླས་བརྒྱན། །དཔྲལ་བར་ཁེན་གྱི་ཕྱག་རྒྱ་བྲི། །ནམ་མཁའ་འཇའ་རིས་ཤིང་རྩི་དང་། །བཤོས་བུ་འབྲུ་སྣ་མཆོད་པ་འབུལ། །ཡར་གྱི་གནམ་སྒོ་བྱེ་བ་ཆོད། །གནམ་ཐིལ་གདུག་པ་མ་གཏོང་ཞིག །ཐོག་དང་སེར་ཟེར་མ་གཏོང་ཞིག །གཟའ་ནད་དལ་ཡམས་མ་གཏོང་ཞིག །གནམ་སྒོ་རྣམ་ལྔ་བྱེ་བ་ཆོད། །གནམ་ཐེལ་གདུག་པ་མ་གཏོང་ཞིག །ཨོཾ་སརྦ་ཏཾ་ཏྲི་སྭཱ་ཧཱ། བྷ་ཏ་ལི་ཟློག །ཅེས་ཚར་བཅུ་གསུམ་འདོན་ལ་ཁྱི་མགོ་ནུབ་བྱང་དུ་བཙུགས། རྟེན་འབྲེལ་སྙིང་པོ་བརྗོད། གཏོར་མ་འབྲུ་སྣ་གནམ་དུ་གཏོར། ཁེན་བུག་གམ་སྤུངས་ལ། མི་རྒན་ལ་ཁར་ཕྱིན་པ། གཟའ་ནད་མང་བ་ཐོག་སེར་རྒོད་པ་ལ་རྟེན་འབྲེལ་གྱིས་ཕན་ནོ། །ཞེས་༧རཱ་ག་ཨ་སྱས་བསྒྲིགས་པའོ།། ༈ །།ས་སྒོ་གཅོད་ཐབས་བཞུགས་སོ། །ན་མོ་མཉྫའི་ཡེ། ལུག་ཐོད་དཔྲལ་བར་ཁོན་གྱི་ཕྱག་རྒྱ་བྲི། དེ་ལ་ངར་མི་བསྐྱོན་ཞིང་འབྲུ་སྣ་བཤོས་བུ་མང་ལ་ཆངས་བུ་དང་བཅས། ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཀྱཻ། ཁོན་མ་རྒན་མོ་ལུག་


CMR038_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆིབས། །ཕྱག་ན་འཇོར་དང་དབྱག་པ་འཛིན། །སྤྲུལ་པ་ས་དམག་བྱེ་བ་འབུམ། །ས་བདག་ས་སྲིན་ལས་ལ་འགྱེད། །ལྔ་སེར་སྤྱང་ཀི་རྗེས་ན་འབྲང་། །ཁྱོད་ལ་མཐུན་རྫས་ལུག་མགོ་དང་། །བཤོས་བུ་ངར་མི་འབྲུ་སྣ་འབུལ། །ས་སྒོ་བྱེ་བ་བཅད་དུ་གསོལ། །ས་སྲིན་དུར་སྲི་མ་བཏང་ཞིག །དམུ་ཆུ་གྲང་རླུང་མ་བཏང་ཞིག །མཛེ་ལྷོག་ཤུ་གྲུམ་མ་གཏོང་ཞིག །ས་སྒོ་རྣམ་ལྔ་བྱེ་བ་ཆོད། །ཨོཾ་ཨ་བྷི་དུ་སྭཱ་ཧཱ། ཨོཾ་བྷ་ཏ་ལི་ཟློག །ཅེས་ཚར་དགུའམ་བཅུ་གསུམ་འདོན། །རྟེན་འབྲེལ་སྙིང་པོ་བརྗོད་ལ། །གཏོར་མ་འབྲུ་སྣ་གནམ་དུ་མཆོད། །ལུག་མགོ་ལྷོ་ནུབ་ཏུ་བསྐྱལ་ལོ། །ས་སྒོ་བྱེ་བ་དང་ས་བདག་གི་ནད་ཐམས་ཅད་དང་ཕོག་ཐུག་ཤོར་བ་ལ་ཕན་པར་བཤད། རྒྱས་བསྡུས་གཉིས་ཀྱི་དོན་བསྡུས་ལས། ཨ་རཱ་གས་བསྡུས་སོ། །སརྦ་མངྒ་ལཾ།། །།


previousགནམ་སྒོ་དང་ས་སྒོ་གཅོད་ཐབས།next