Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
མི་ཁ་བྲ་མཆུའི་གཏོ་དང་གྱོད་གཏོ་གཉིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམི་ཁ་བྲ་མཆུའི་གཏོ་དང་གྱོད་གཏོ་གཉིས།next

མི་ཁ་བྲ་མཆུའི་གཏོ་དང་གྱོད་གཏོ་གཉིས།


CMR039_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁ་བྲ་མཆུའི་གཏོ་དང་གྱོད་གཏོ་གཉིས་བཞུགས་པའི་དབུ་ཕྱོགས་སོ།


CMR039_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །མི་ཁ་བྲ་མཆུའི་ཡས་བསགས་ལ། མི་ལུས་བྱ་མགོ་ཅན་ལ། མི་ལུས་བྱ་མགོ་ཅན་བརྒྱད་ཀྱིས་བསྐོར༔ ནམ་མཁའ་ནག་པོ་བཙུགས། ཡས་གླུད་གང་འཛོམ་བསགས། ༈ གྱོད་གཏོ་ལ། མི་ནག་ཁྱུང་ནག་ཞོན་པ། མི་ནག་བྱ་རོག་ཞོན་པ། ཐིལ་མོ་ཞོན་པ། ཕག་ནག་མགོ་དགུ་ཞོན་པ། བོང་བུ་ཞོན་པ། ནམ་མཁའ་ནག་པོ། ཚྭ་སྒོག་རམ་གསུམ། བ་ཚྭ་བུལ་ཏོག ཤ་དུམ་ཁྲག་ཐིགས། ཡོས་ནག་ལ་སོགས། ཆངས་བུ་ཟས་སྣ་གང་འཛོམས་བཤམས། །རང་ཉིད་ཡི་དམ་གང་རུང་བསྒོམས་ལ། འགུགས་གཞུག་དྲག་ཏུ་བྱ། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ། དང་པོ་མི་ཁའི་གཏོ་གྱེར་བྱ། ཧཱུྃ། མི་ཁའི་རྒྱལ་མོ་བྱ་


CMR039_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་མ། །ཁྱོད་ཀྱི་ལག་ཏུ་རྫོངས་བསྐུར་རོ། །མདོས་དང་ཡས་ལ་གཤེགས་སུ་གསོལ། །དང་པོ་མི་ཁ་གང་དུ་བབ། །སྔོན་ཚེ་བསྐལ་པ་དང་པོ་ལ། །ཆོས་རྒྱལ་རྒྱལ་བུ་དོན་གྲུབ་ལ། །ལྷས་སྦྱིན་བདུད་ཀྱི་མི་ཁ་བྱུང་། །ཐབས་ལ་མཁས་པའི་འཇམ་དཔལ་གྱིས། །ལོ་བརྒྱད་ལོན་པའི་ཁྱེའུ་སྤྲུལ། །མི་ཁ་བྲ་མཆུའི་ཡས་བསགས་ཏེ། །ལམ་གྱི་གཞི་མདོར་བོར་བྱས་ནས། །རྒྱལ་བུ་དོན་གྲུབ་འཁོར་བཅས་རྣམས། །མི་ཁ་དག་ལས་ཐར་གྱུར་ལྟར། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡང་། །མི་ཁ་དག་ལས་ཐར་གྱུར་ཅིག །བསྐལ་པ་དེ་ཡི་འོག་རོལ་


CMR039_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །པ་གོར་བེ་རོ་ཙ་ན་ལ། །རྒྱ་གར་ཡོངས་ཀྱི་མི་ཁ་འདུས། །སློབ་དཔོན་ཤྲཱི་སེང་ཧ་ཡིས། །མི་ཁ་བྲ་མཆུའི་ཡས་བསགས་ཏེ། །ལམ་གྱི་གཞི་མདོར་བོར་བྱས་པས། །པ་གོར་བེ་རོ་ཙ་ན་ཡང་། །མི་ཁ་དག་ལས་ཐར་བ་བཞིན། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡང་། །མི་ཁ་དག་ལས་ཐར་གྱུར་ཅིག །དུས་བསྐལ་དེ་ཡི་ཐ་མ་ལ། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ། །བོན་བློན་རྣམས་ཀྱི་མི་ཁ་འདུས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མི་ཁ་བྲ་མཆུའི་ཡས་བསགས་ཏེ། །ལམ་གྱི་གཞི་མདོར་བོར་བྱས་པས། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡང་། །མི་ཁ་དག་ལས་ཐར་བ་བཞིན། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡང་། །མི་ཁ་དག་ལས་ཐར་གྱུར་ཅིག །མི་ཁ་དག་ལས་ཐར་གྱུར་ནས། །མི་ཁ་བྲ་མཆུའི་གནོད་པ་ཡང་། །དེ་རིང་འབྱུང་བ་གཏོ་ཡིས་སྒྱུར། །ཀྱཻ། མི་ཁའི་བུ་མོའི་ཞལ་ན་རེ། །མི་ཁའི་བུ་མོ་སྤུན་དགུ་དེ། །འདབ་ཆགས་བྱ་ཡི་མགོ་བོ་ཅན། །ཡི་དྭགས་བྲ་བའི་མཆུ་སྡེར་ཅན། །ཡོན་བདག་ཁྱོད་ཀྱིས་ཚུར་ཉོན་དང་། །ཉི་མ་ཤར་ཕྱོགས་ཕ་ཀི་ནི། །སྔོན་པོ་གཡུ་ཡི་ཐང་ཤིང་ལ། །གསེར་སྤྲེལ་སེར་པོའི་རྩེད་མོ་རྩེ། །ཡར་ལ་


CMR039_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འཇུས་ནས་དགོད་ཅིང་འཇུས། །ཕྱིར་ལ་འབབ་དུས་དགོད་ཅིང་འབབ། །ཀུན་གྱི་དེ་ལྟར་བྱས་པ་ལ། །གཡུ་ཡི་ཐང་ཞིང་སྐེད་ནས་ཆག །གསེར་གྱི་སྤྲེའུ་ཐང་ལ་ལྷུང་། །དེ་ཡང་མི་ཁ་བྲ་མཆུར་སོང་། །དེ་རིང་སྲིད་པ་གཏོ་ཡིས་སྒྱུར། །ཀྱཻ། ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །རྨ་བྱ་སྔོན་པོ་མདོངས་རེ་ཡག །བྱ་རྒྱལ་རྒོད་པོ་འཕུར་བ་ལ། །ཀུན་གྱིས་དེ་ལྟར་བྱས་པ་ལ། །བྲག་དམར་རྩེ་དགུ་ཉིལ་དེ་སོང་། །བྱ་རྒྱལ་རྒོད་པོ་གཤོག་རུ་ཆག །དེ་ཡང་མི་ཁ་བྲ་མཆུར་སོང་། །དེ་རིང་སྲིད་པ་གཏོ་ཡིས་སྒྱུར། །ཀྱཻ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །མི་ཕོ་མདངས་བཟང་རྟ་ཕོ་བང་མགྱོགས་ཆིབས། །ཀུན་གྱིས་དེ་ལྟར་བྱས་པ་ལ། །མི་ཕོ་དེ་ནི་ནད་ཀྱིས་ཟིན། །རྟ་ཕོ་དེ་ནི་ཐང་ལ་འགྱེལ། །དེ་ཡང་མི་ཁ་བྲ་མཆུ་སོང་། །དེ་རིང་སྲིད་པ་གཏོ་ཡིས་སྒྱུར། །ཀྱཻ། ཉི་མ་བྱང་ཕྱོགས་ཕ་ཀི་ན། །བག་མ་འགྲོ་བ་འབྲོང་རེ་གཙང་། །གོས་དང་དར་གྱིས་ལུས་ལ་བརྒྱན། །གསེར་དང་གཡུ་ཡིས་མགོ་ལ་བརྒྱན། །ཀུན་གྱི་དེ་ལྟར་བྱས་པ་ལ། །བག་མ་དེ་ནི་ནད་ཀྱིས་ཟིན། །གསེར་དང་གཡུ་ཡི་མིག་རུག་གས། །དེ་ཡང་མི་


CMR039_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བྲ་མཆུར་སོང་། །དེ་རིང་སྲིད་པ་གཏོ་ཡིས་སྒྱུར། །མི་ཡུལ་སྐྱིན་ཐང་ཕ་ཀི་ན། །ཞིང་ཡང་དེ་ནི་རེ་བཟང་ན། །ལྡང་ཡང་དེ་ནི་རེ་མཐུག་ཟེར། །ལྗང་བུས་རྩ་བ་སྐམ་ནས་སོང་། །ལོ་མ་སད་ཀྱིས་ཁྱེར་ནས་སོང་། །དེ་ཡང་མི་ཁ་བྲ་མཆུར་སོང་། །དེ་རིང་སྲིད་པ་གཏོ་ཡིས་སྒྱུར། །ནད་རིགས་བཞི་བརྒྱ་རྩ་བཞི་ཡང་། །དེ་རིང་སྲིད་པ་གཏོ་ཡིས་སྒྱུར། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཡང་། །དེ་རིང་སྲིད་པ་གཏོ་ཡིས་སྒྱུར། །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཡང་། །དེ་རིང་སྲིད་པ་གཏོ་ཡིས་སྒྱུར། །ཟློག་ཅིག་སྒྱུར་ཅིག་ས་མ་ཡ། །དེ་ནས་ཁ་ཕྱིར་བསྒྱུར་ནས་འབྲུ་སྣ་བཏབ་ལ། ཀྱཻ། དེ་རིང་མི་ཁ་བྲ་མཆུ་ལ། །ཚྭ་སྒོག་རམ་པ་རྫོངས་སུ་འདེབས། །བ་ཚྭ་བུལ་ཏོག་རྫོངས་སུ་འདེབས། །ཤེལ་ཚིགས་དཀར་ནག་རྫོངས་སུ་འདེབས། །།ཆངས་བུ་ཟས་སྣ་རྫོངས་སུ་འདེབས། །ཤ་སྣ་ཁྲག་སྣ་རྫོངས་སུ་འདེབས། །རྫོ་ངས་ཡས་གཉེན་པོ་འདི་ཁྱེར་ལ། །རྟ་ཕོ་ཆིབས་ཁ་ཁྲིད་ལ་སོང། །རྐང་ཐང་འགྲོ་བའི་རྗེས་ལ་ཞུགས། །མི་ཁ་ངན་པ་ད་སོང་ཞིག །ཉི་མའི་ཟེར་དང་འགྲོགས་ཏེ་སོང་། །མུན་པའི་སྨག་དང་འགྲོགས་ཏེ་སོང་། །སྐྱི་སེར་རླུང་དང་


CMR039_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་ཏེ་སོང་། །མི་ཁ་ངན་པ་ད་སོང་ཞིག །གལ་ཏེ་མི་འགྲོ་འདུག་གྱུར་ན། །འཇམ་དཔལ་ཁྲོ་བོ་ཐུགས་ཁྲོས་ནས། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་པོ། །རྡུལ་ཕྲན་བཞིན་དུ་རླག་པར་བྱེད། །དེ་བས་རང་གི་གནས་སུ་དེངས། །ཨོཾ་སུམྦྷ་ནི་སོགས་བརྗོད། དྲག་སྔགས་གང་མང་གིས་བསྐྲད་ལ་ཡས་ལམ་དུ་བསྐྱལ། སྲུང་འཁོར་བྷེ། བཀྲ་ཤིས་དགེ་ལེགས་ཤོག་༈ དེ་ནས་གྱོད་གཏོ་གྱེར་བ་ལ། གཞུང་གོང་ལྟར་བཅས་ལ། འགུགས་གཞུག་བྱས་ལ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། ཤེལ་ཚིགས་གཏོར་ལ་ཆབ་ཀྱིས་བྲན་ནས་འདི་སྐད་དོ།། ཧཱུྃ། དང་པོ་ཅི་ཡང་མེད་པ་ལ། །སྟོང་གསལ་གཏོ་ཡི་འཕྲུལ་གསུམ་ཤར། །དེ་ལ་སྲིད་པ་རླུང་དུ་སྲིད། །རླུང་དཀར་ཡེ་སྨོན་རྒྱལ་པོ་སྲིད། །རླུང་ནག་ངམ་རྗེ་རྩོལ་པོ་སྲིད། །དུས་དང་བསྐལ་པ་དེ་ཙམ་ན། །སྨོན་ལམ་ཡེ་སྨོན་རྒྱལ་པོ་ལ། །ངམ་རྗེ་བདུད་ཀྱི་གདུག་པ་ལང་། །བདུད་པོ་ངམ་རྗེ་ནག་པོ་དེས། །ཞྭ་ཕུད་གནམ་ལ་འཕངས་བ་ཡིས། །གནམ་གཉན་ནམ་མཁའི་སྤྲིན་ལྟར་གཡོས། །ལྷམ་ཕུད་ས་ལ་བརྡབས་པ་ཡིས། །ས་གཉན་ས་གཞི་རླུང་ལྟར་འཚུབ། །གོས་ཕུད་བར་སྣང་གཡུགས་པ་ལས། །གཉན་དམག་བར་


CMR039_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གློག་ལྟར་འཁྱུགས། །མི་ནག་གླང་ནག་ཞོན་ནས་འོང་། །མི་སྔོན་བྱ་རོག་ཞོན་ནས་འོང་། །མི་རྗེ་དུར་བྱ་ཞོན་ནས་འོང་། །ལྟས་ངན་ནག་པོ་ཕག་ནག་ཞོན། །བརྒྱ་བྱིན་ནག་པོ་བོང་བུ་ཞོན། །ངམ་རྗེ་ནག་པོ་ཐིལ་མོ་ཞོན། །གྱོད་ཀྱི་ཕག་ནག་ཞོན་ནས་འོང་། །གྱོད་རི་ནག་པོ་བརྩེགས་ནས་བྱུང་། །གྱོད་ཀྱི་མདའ་གཞུ་ཐོགས་ནས་འོང་། །གཉའ་ཤིང་ནག་པོ་ཁུར་ནས་འོང་། །ནད་རིགས་བཞི་བརྒྱ་སྤྲིན་ལྟར་འཁྲིགས། །བགེགས་རིགས་སྟོང་ཕྲག་རླུང་ལྟར་འཚུབ། །གློ་བུར་སུམ་བརྒྱ་སྤྱང་ལྟར་རྒྱུག །གདོན་རིགས་སྟོང་ཕྲག་མེ་ལྟར་འབར། །དེ་ནས་ཡེ་སྨོན་རྒྱལ་པོ་དེས། །མོ་བཏབ་དེ་ནི་རྩིས་བྱས་ནས། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དེས། །ཡར་གསོལ་ལྷ་ལ་མཆོད་པར་ཕུལ། །མར་སྦྱིན་འདྲེ་ལ་ཡས་རྫོངས་ནས། །གྱོད་གཏོ་ནག་པོ་བྱས་ཙམ་ན། །རྒྱལ་པོ་བདེ་སྐྱིད་ལྡན་པར་བྱས། །སྔོན་གྱི་ཁུངས་ལ་དཔེ་བླངས་ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གྱོད་སྣ་མང་པོ་འདུས་པ་ལ། །སྔགས་འཆང་རྣལ་འབྱོར་བདག་ཉིད་ཀྱིས། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །གླུད་ལེན་འདྲེ་ལ་ཡས་སུ་སྦྱིན། །ཤ་དུམ་ཁྲག་ཐིགས་ཆངས་བུ་


CMR039_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཚྭ་དང་སྒོག་པ་རམ་པ་གསུམ། །བ་ཚྭ་དང་ནི་བུལ་ཏོག་དང་། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་དང་། །གྱོད་རྫས་རྣམ་པ་སྣ་དགུ་ཡང་། །ཁྱེད་ཅག་རྣམས་ལ་ཡས་སུ་སྦྱིན། །གྱོད་བསྒྱུར་ཆེན་པོའི་གཏོ་བྱེད་དོ། །ཁྱོད་ཀྱི་སྐར་མདའ་དགྲ་ལ་སྒྱུར། །གྱོད་རི་ནག་པོ་ཐུར་དུ་བསྙིལ། །གྱོད་ལན་གྱོད་འཇལ་བསྒྱུར་དུ་གསོལ། །རོ་ལན་རོ་འཇལ་བསྒྱུར་དུ་གསོལ། །སྟོང་ལན་སྟོང་འཇལ་བསྒྱུར་དུ་གསོལ། །གྱོད་དང་ཁ་མཆུ་བསྒྱུར་དུ་གསོལ། །གྱོད་དང་ཁ་མཆུ་དགྲ་ལ་སྒྱུར། །གྱོད་མདུང་ནག་པོ་སྐེད་ནས་བཅགས། །གྱོད་མདའ་ནག་པོ་སྟོང་ནས་བཀས། །གྱོད་གཞུ་ནག་པོའི་མཆོག་མ་བཅད། །གྱོད་ཟངས་ནག་པོ་ཞབས་ནས་ཕུད། །གྱོད་རི་ནག་པོའི་རྩེ་མོ་བསྙིལ། །གྱོད་ཀྱི་བདག་པོ་ཐམས་ཅད་ལ། །མཁོ་བའི་ཡོ་བྱད་བདག་གིས་འབུལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །གྱོད་རྣམས་བསྒྱུར་བའི་གཏོ་བྱེད་དོ། །དགྲ་སྣ་བསྒྱུར་བའི་གཏོ་བྱེད་དོ། །གྲི་ཁ་བསྒྱུར་བའི་གཏོ་བྱེད་དོ། །མཚོན་ཁ་བསྒྱུར་བའི་གཏོ་བྱེད་དོ། །ཕུང་གྱོད་བསྒྱུར་བའི་གཏོ་བྱེད་དོ། །སྔོན་ཚེ་རྒྱལ་བུ་མཐིང་གེ་ལ། །ངམ་རྗེ་རྩོལ་


CMR039_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བློ་གཡོག་བྱས། །རྒྱལ་བུའི་ཀོང་ཙེ་འཕྲུལ་རྒྱལ་བཀུག །གྱོད་བསྒྱུར་ཆེན་པོ་བྱས་པ་ལ། །རྒྱལ་བུ་མཐིང་གེ་གྱོད་ལས་ཐར། །སྔོན་གྱི་སྲིད་ལ་དཔེ་བླངས་ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །རྐུན་སྣ་ཐོག་ལྟར་འབར་བ་སྒྱུར། །གྱོད་སྣ་མེ་ལྟར་འབར་བ་སྒྱུར། །གྱོད་སྣ་ཆུ་ལྟར་འབྲུབ་པ་སྒྱུར། །གྱོད་སྣ་རླུང་ལྟར་འཚུབ་པ་སྒྱུར། །གྱོད་སྣ་སྤྲིན་ལྟར་འཁྲིགས་པ་སྒྱུར། །གྱོད་སྣ་གློག་ལྟར་འཁྱུགས་པ་སྒྱུར། །གྱོད་སྣ་སེར་ལྟར་འབབ་པ་སྒྱུར། །གྱོད་སྣ་གངས་ལྟར་ཆགས་པ་སྒྱུར། །གྱོད་ཕག་ནག་པོའི་ཟེ་བ་བཅད། །གྱོད་གླང་ནག་པོའི་ར་རྩེ་བཅད། །གྱོད་བྱ་ནག་པོའི་སྡེར་མོ་བྲེག །སྲིན་བྱ་ཕོ་རོག་གཤོག་པ་བཅད། །བོང་བུ་ནག་པོའི་མིག་གཉིས་བཅར། །ནག་གི་ཐིལ་མོའི་མགོ་བོ་བཅད། །ཉི་མ་དེ་རིང་ཕྱིན་ཆད་ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གྱོད་དང་ཁ་མཆུ་མེད་པའི་ཕྱིར། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །ཡི་དམ་ལྷ་ཡི་བདེན་པ་བདར། །བསླུ་མེད་བདེན་པའིཚིག་གིས་སྒྲུང་། །གྱོད་རྫ་ས་ཆ་མ་ཆོ་དགུ་འདི། །གྱོད་བདག་རྣམས་ལ་ཡས་སུ་སྦྱིན། །ཁྱེད་རྣམས་མཉེས་ཤིང་ཚིམས་གྱུར་ཅིག །


CMR039_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་བཞིན་དུ་ཚིམས་གྱུར་ཅིག །རེ་བ་བཞིན་དུ་སྐོང་གྱུར་ཅིག །ཁྱོད་དང་ཁ་མཆུ་དགྲ་ལ་སྒྱུར། །དེ་ནས་གཏོ་ཡས་ཁ་ཕྱིར་བསྒྱུར་ལ་འབྲུ་སྣ་བཏབ། རང་ཉིད་ཏིང་ངེ་འཛིན་གསལ་བས་འདི་སྐད་དོ། ཀྱཻ། གྱོད་ཀྱི་བདག་པོ་བདག་མོ་རྣམས། །གླུད་འདི་བཞེས་ལ་ཕོ་བྲང་ཡར། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་དང་། །ཤ་སྣ་ཁྲག་སྣ་མང་པོ་རྣམས། །ཁྱེད་ཅག་རྣམས་ལ་རྫོངས་སུ་འདེབས། །གྱོད་སྣ་ངན་པ་ད་སྒྱུར་ཅིག །མི་ཁ་ངན་པ་ད་སྒྱུར་ཅིག །དགྲ་སྣ་ངན་པ་ད་སྒྱུར་ཅིག །ཐན་སྣ་ངན་པ་ད་སྒྱུར་ཅིག །ནད་སྣ་ངན་པ་ད་སྒྱུར་ཅིག །མི་ནད་ངན་པ་ད་སྒྱུར་ཅིག །ཕྱུགས་ནད་ངན་པ་ད་སྒྱུར་ཅིག །དུར་སྣ་ངན་པ་ད་སྒྱུར་ཅིག །ད་ནི་མ་འདུག་གཞན་དུ་དེངས། །ཅི་ཏེ་མི་འགྲོ་འདུག་གྱུར་ན། །ཡི་དམ་ཁྲོ་བོ་ཐུགས་ཁྲོས་ནས། །མགོ་བོ་ཚལ་པ་བརྒྱ་རུ་འགས། །ལུས་པོ་ཚལ་པ་སྟོང་དུ་བཏང་། །དུས་ཀུན་བདེ་བ་མི་མཐོང་སྟེ། །དེ་བས་རང་གི་གནས་སུ་དེངས། །ཨོཾ་སུམྦྷ་ནི་སོགས་དྲག་སྔགས་བརྗོད། གྱོད་གཏོ་དང་མི་ཁ་གཉིས་གཅིག་ཏུ་བསྐྱལ། རྗེས་ཀྱི་སྲུང་འཁོར་ནི། འོག་རྡོ་རྗེའི་ས་གཞི། ལོགས་རྡོ་རྗེའི་རྭ་བ། སྟེང་རྡོ་རྗེའི་གུར་བླ་


CMR039_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བྲེ་མེ་རི་མེ་དཔུང་གི་འཁོར་ལོ་དྲག་ཏུ་འཁོར་བ་གནོད་བྱེད་ཐམས་ཅད་ཀྱིས་མི་ཚུགས་པར་བསྒོམ། རཱ་གས་མཛད་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམི་ཁ་བྲ་མཆུའི་གཏོ་དང་གྱོད་གཏོ་གཉིས།next