Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐན་དང་ལྟས་ངན་བཟློག་པའི་བྱ་གཏོ།
   
   
   
   
   
   
   
   
   
   
   
   


 
previousཐན་དང་ལྟས་ངན་བཟློག་པའི་བྱ་གཏོ།next

ཐན་དང་ལྟས་ངན་བཟློག་པའི་བྱ་གཏོ།


CMR039_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཐན་དང་ལྟས་ངན་བཟློག་པའི་བྱ་གཏོ་བཞུགས་སོ།། ཨོཾ་སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས། ཨེ་ཡཾ་རཾ་བཾ་ལཾ་གྱི་ཡི་གེ་ལས། །འབྱུང་བ་རིམ་བརྩེགས་གསེར་གྱི་ས་གཞིའི་སྟེང་། །ཐེ་སེ་རྒྱལ་པོ་ལོ་ལྷ་བཅུ་གཉིས་དང་། །ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་ཐན་གཟུགས་རྣམས། །མཁའ་ལ་འཇའ་ཤར་བ་བཞིན་གསལ་བར་གྱུར། །ཀྱཻ། སྔོན་བྱུང་སྲིད་པའི་དང་པོ་ལ། །རྒྱུ་སྦྱོར་ཡོན་བདག་འདི་དག་ལ། །བྱ་ཐན་རྣམ་པ་གང་བྱུང་བའི། །དགོས་པའི་ཡས་རྫས་སྣ་ཚོགས་འདི། །རྣལ་འབྱོར་བདག་གིས་གསག་པར་བྱེད། །ལྷ་ཡོན་རིན་ཆེན་ནོར་རྫས་ཀྱི། །རྒྱུ་སྦྱོར་ཡོན་བདག་འདི་དག་ལ། །ལྷ་ཡི་ཞལ་ཕྱག་དཀར་བར་བྱས། །ཀྱཻ། རྒྱུ་སྦྱོར་ཡོན་བདག་འདི་དག་ལ། །ལྷ་བདུད་སྲིན་པོ་དྲི་ཟ་དང་། །གྲུལ་བུམ་ལྟོ་འཕྱེ་མིའམ་ཅི། །ཀླུ་གཉན་ས་བདག་བྱད་ཀ་དང་། །བྱ་ཐན་རྣམ་པ་གང་བྱུང་ཡང་། །དོ་ནུབ་རྣལ་འབྱོར་བདག་ཅག་གིས། །དཀོན་མཆོག་གསུམ་ལ་མཆོད་པ་བཤམས། །ཡས་སྟགས་སྣ་ཚོགས་བསགས་ནས་ཀྱང་། །བྱ་ཐན་སྣ་ཚོགས་སོ་སོར་གཏོང་། །གནམ་གྱི་བྱ་ནག་སྡེར་འཛིངས་དེ། །ཡེ་འདྲོག་འོང་


CMR039_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྟས་ངན་ཡིན། །དོ་ནུབ་བདག་གིས་ཟློག་པར་བྱེད། །བར་སྣང་གླག་ནག་སྡེར་འཛིངས་དེ། །ཡ་བདུད་རྒྱལ་པོའི་ཐན་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །བྲག་བྱ་འུག་པ་རྒོད་པ་དེ། །བྲག་སྲིན་རྒྱལ་པོའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །སྐྱུང་ཀས་ཕུག་ཏུ་ཚང་བཅས་དེ། །བདུད་རྣམས་གྲོལ་བའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །བྱ་རོག་ཤ་འཐབ་བྱེད་པ་དེ། །མགོན་པོ་ནག་པོའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །བྲག་ནག་བླ་རོ་རྙེད་པ་དེ། །བྲག་སྲིན་རྒྱལ་པོའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །ནམ་ཕྱེད་འུག་པས་ཧཱུྃ་སྒྲ་སྒྲོག་པ་དེ། །གཉན་རྣམས་འཁྲུགས་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །ཐོ་རངས་ཕག་སྒྲ་སྒྲོག་པ་དེ། །མ་བདུད་རྒྱལ་མོའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །ཕུག་རོན་ཁྱིམ་དུ་དེད་པ་དེ། །མི་དགེ་འོང་བའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །སྲེག་པ་ཁྱིམ་དུ་དེད་པ་དེ། །ཁ་མཆུ་གླེང་གཞིའི་ལྟས་ངན་ཡིན། །དོ་ནུབ་


CMR039_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཏོ་འདིས་བཟློག་ཏུ་གསོལ། །རི་བྱ་ཁྱིམ་དུ་རྒྱབ་པ་དེ། །ནང་མི་མཁོན་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །སྲིད་ལ་རྟ་ཕོ་འཚེར་བ་དེ། །གཉན་རྣམས་གཡོས་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །སྦྲ་ཁྱིམ་བྱ་སྐྱག་ཕོག་པ་དེ། །མང་པོ་སྡིག་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །སྲིན་བྱ་སྦྲ་ལ་རྒྱབ་པ་དེ། །སྲིན་པོ་གཡོས་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །གོང་མོ་སྦྲ་ཁྱིམ་རྒྱབ་པ་དེ། །ལྷ་བདུད་འོང་བའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །བྱ་བོན་སྦྲ་ཁྱིམ་རྒྱབ་པ་དེ། །བན་བོན་སྡིག་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །དེ་ནས་ཁ་ཕྱིར་བསྒྱུར་ལ་རྫོངས་འདེབས་བྱས་ལ་འདི་སྐད་དོ། །ཧཱུྃ། ང་ནི་འཇམ་དཔལ་ཁྲོས་པའི་སྐུ། །ཁྲོ་བོའི་ནང་གི་གཤིན་རྗེ་གཤེད། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ལག་ཆ་ཤོར་ནས་འདར་གྱུར་ན། །སྣང་སྲིད་ལྷ་འདྲེ་སྨོས་ཅི་དགོས། །ང་ཡི་བཀའ་ལ་མ་འདའ་བར། །ལོ་སྐོར་བཅུ་གཉིས་ལྷ་ཀླུ་དང་། །གཤིན་རྗེ་གནོད་སྦྱིན་ཐན་དང་ཐན་


CMR039_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བཅས། །སྣང་ཞིང་སྲིད་པའི་ལྷ་དང་འདྲེ། །དང་པོ་ལན་གཅིག་མི་འབྱོར་རྒྱུས། །འཇམ་དཔལ་དབྱངས་ཀྱི་དམ་ཚིག་གཉན། །གླུད་དང་གཏོར་མ་མི་ལེན་རྒྱུས། །བུ་ལོན་ལན་ཆགས་འཇལ་བ་ཡིས། །ད་ནི་གནས་སུ་མི་གཤེགས་རྒྱུས། །དུས་ངན་མི་རྣམས་སྤྱོད་པ་རྩིང་། །ཐབ་གཞོབ་གྲིབ་ཀྱིས་ཕོག་ཉན་མཆིས། །དེ་བས་རང་གི་གནས་སུ་གཤེགས། །སྤྲིན་དང་འཇའ་ཚོན་ཆུ་རླུང་གསུམ། །ནམ་མཁའི་ངང་ནས་སྤྲུལ་པ་ཤར། །སླར་ཡང་ནམ་མཁའི་ངང་ལ་ཐིམ། །སྤར་ཁ་ལོ་ལྷའི་ས་བདག་རྣམས། །ཆོས་ཀྱི་དབྱིངས་ནས་སྤྲུལ་པ་འབྱུང་། །སླར་ཡང་ཆོས་ཀྱི་དབྱིངས་སུ་གཤེགས། །སྤར་ཁ་རང་རང་ཕྱོགས་སུ་གཤེགས། །ལོ་ལྷ་རང་རང་ཕྱོགས་སུ་གཤེགས། །རི་རབ་ཀུན་ཀྱང་ལྡེམས་སེ་ལྡེམ། །ཉི་ཟླ་ཀུན་ཀྱང་ཀྱི་ལི་ལི། །རྒྱ་མཚོ་ཀུན་ཀྱང་མེ་རེ་རེ། །དར་ཚོན་མང་པོ་ལྷབས་སེ་ལྷབ། །དེ་ཡི་གནས་སུ་ལམ་བསྟན་ནོ། །ཕེའོ། ཕེའོ། བྱ་རིགས་སྣ་ཁ་མི་གཅིག་པ་བཞི་བྱས་ལ། ཕྱོགས་བཞི་ལ་བཀོད། འུར་ཐག་བྱས། རྗེས་ནས་ཁྲ་དེ་འཕང་ངོ། །ཞེས་རཱ་ག་ཨ་སྱས་སྦྱར་བའོ།། །།


previousཐན་དང་ལྟས་ངན་བཟློག་པའི་བྱ་གཏོ།next