Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱིས་ཁྲ་སྤར་འབྱེད།
   
   
   
   
   
   
   


 
previousབྱིས་ཁྲ་སྤར་འབྱེད།next

བྱིས་ཁྲ་སྤར་འབྱེད།


CMR039_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་ཁྲ་སྤར་འབྱེད་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །བྱིས་པ་འདི་ལ་གནོད་བྱེད་པའི། །ཆུང་སྲི་སྒབ་འདྲེ་བྱིས་པའི་ཚོགས། །ཁྲ་གཟུགས་ནག་པོ་འདི་ལ་ཁུག །ཛཿཧཱུྃ་བཾ་ཧོས་དབྱེར་མེད་གྱུར། །བྱིས་པའི་བླ་ཚེ་སྲོག་དང་བཅས། །བྱིའུ་འདི་ལ་དབྱེར་མེད་གསལ། རིན་ཆེན་སྣ་ལྔའི་བྱིའུ་འདི། །མཛེས་སྡུག་གཟི་བརྗིད་ལྡན་པར་གྱུར། །ནི་ཛཨཱ་ཡུ་སིདྡྷི་ཧཱུྃ། བྱིས་ཁྲ་གཉིས་ཀྱི་བསྐྱེད་ཆོག་རཱ་ག་ཨ་སྱས་མཛད་པའོ། །ཀྱཻ། སྔོན་གྱི་བསྐལ་པའི་དང་པོ་ལ། །རྒྱལ་བུ་མིའུ་ཐུང་གིས་ནི། །ཆུང་སྲི་དམ་འདྲེ་བཀར་བ་ན། །བྱིས་དང་ཁྲི་གཉིས་འཐབ་པ་དང་། །བྱིའུ་འདི་མིའུ་རིན་ཆེན་བླ། །ཁྲ་ནི་ཆུང་སྲི་ནག་པོ་ཡིན། །དེ་དུས་་ཀོང་ཙེ་འཕྲུལ་རྒྱལ་གྱིས། །མིའུ་རིན་ཆེན་སྐག་ལས་ཐར་བར་མཛད། །ཆུང་སྲི་ནག་པོ་དམ་ལ་བཏགས། །སྔོན་གྱི་སྲིད་པ་དེ་བཞིན་དུ། །དེ་རིང་རྒྱུ་སྦྱོར་ཡོན་བདག་གིས། །བྱིས་པ་བུ་ཆུང་སྐག་ལས་ཐར། །དེ་རིང་བྱིས་པ་བུ་ཆུང་འདི། །གདོན་ཆེན་བཅོ་ལྔའི་སྐག་ལས་ཐར། །སྐྱ་ཁྲ་ཧོར་པོ་གཟན་ཚོལ་དེ། །བྱིའུ་རིན་ཆེན་ཟླ་བ་དེ། །ཆུང་སྲི་ནག་པོ་ཆོ་


CMR039_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཅན། །བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཡ་བདུད་ཀླུ་བཙན་རྒྱལ་པོ་དང་། །ཐེའུ་རང་དམ་སྲི་ཕོ་མོ་སོགས། །ལན་ཆགས་གྱུར་པ་ཐམས་ཅད་ལ། །ཆངས་བུ་ངར་མི་གླུད་དུ་འབུལ། །བྱིས་པ་འདི་ལ་མ་གནོད་ཅིག །བརྗེད་བྱེད་སྐེམ་བྱེད་སྨྱོ་བྱེད་དང་། །དམ་སྲི་ནག་པོ་ཐམས་ཅད་ལ། །བྱིས་པ་འདི་ཡི་གླུད་དུ་འབུལ། །མ་ཡི་ནུ་ཞོ་མ་སྐེམ་ཞིག །བུ་ཡི་སྲིད་ལ་མ་རྐུ་ཞིག །ཟླ་བ་གཅིག་པ་ཕོ་ཡི་སྐག །བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཟླ་བ་གཉིས་པ་མོ་ཡི་སྐག །བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཟླ་བ་གསུམ་པ་བྱིསྱའི་སྐག །བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཟླ་བ་བཞི་པ་གདོན་གྱི་སྐག །བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཟླ་བ་ལྔ་པ་བདུད་ཀྱི་སྐག །བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཟླ་བ་དྲུག་པ་བཙན་གྱི་སྐག། བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཟླ་བ་བདུན་པ་མ་མོའི་སྐག །བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཟླ་བ་བརྒྱད་པ་གཟའ་ཡི་སྐག །བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཟླ་བ་དགུ་པ་གནོད་སྦྱིན་སྐག །བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཟླ་བ་བཅུ་པ་ལྷ་ཀླུའི་སྐག །བྱིས་དང་ཁྲི་གཉིས་སོ་


CMR039_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ཕྱེས། །ཟླ་བ་བཅུ་གཅིག་སྲིན་པོའི་སྐག །བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཟླ་བ་བཅུ་གཉིས་ལོ་ཡི་སྐག །བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཟླ་བ་བཅུ་གསུམ་སྡེ་བརྒྱད་སྐག །བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཟླ་བ་བཅུ་བཞི་ལྷ་འདྲེ་སྤྱི་ཡི་སྐག །བྱིས་དང་ཁྲི་གཉིས་སོ་སོར་ཕྱེས། །ཟླ་བ་བཅོ་ལྔ་གདོན་ཆེན་བཅོ་ལྔའི་སྐག །བྱིས་དང་ཁྲ་གཉིས་སོ་སོར་ཕྱེས། །ཐར་རོ་གདོན་ཆེན་སྐག་ལས་ཐར། །བྱིསྱའི་གདོན་ལས་ཐར་གྱུར་ཅིག །རོ་གྲིབ་གདོན་ལས་ཐར་བར་ཤོག །དེ་ནས་བྱིས་དང་ཁྲ་གཉིས་སོ་སོར་ཕྱེས་ལ། ཁྲ་གཟུགས་ངར་མི་ཁ་ཕྱིར་བསྒྱུར་ལ་འདི་སྐད་དོ། །ཧཱུྃ། ང་ནི་འཕགས་པ་འཇམ་དཔལ་ཡིན། །བྱིས་པ་འདི་ལ་གནོད་བྱེད་ཀུན། །སོ་སོ་རང་རང་གནས་སུ་དེངས། །བྱིས་འདི་ལ་མ་གནོད་ཅིག །བྱིས་པའི་གདོན་ཆེན་བཅོ་ལྔ་ཡང་། །སོ་སོ་རང་རང་གནས་སུ་དེངས། །བྱིས་འདི་ལ་མ་གནོད་ཅིག །ཆངས་བུ་འདི་བསྔོས་ཚིམ་གྱུར་ཅིག །ཀྱེ་ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་ཀུན། །ཆངས་བུ་འདི་བསྔོས་ཚིམ་གྱུར་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་ཀུན། །


CMR039_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཆངས་བུ་འདི་བསྔོས་ཚིམ་གྱུར་ཅིག །རྩ་རྒྱུས་གླུད་འདི་ཤིང་ལ་གཏོང་། །ཤིང་ལ་གནས་པའི་ལྷ་འདྲེ་ཀུན། །ཚངས་བུ་འདི་བསྔོས་ཚིམ་གྱུར་ཅིག །དྲོད་ཀྱི་གླུད་འདི་མེ་ལ་གཏོང། །མེ་ལ་གནས་པའི་ལྷ་འདྲེ་ཀུན། །ཆངས་བུ་འདི་བསྔོས་ཚིམ་གྱུར་ཅིག །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་འདྲེ་ཀུན། །ཆངས་བུ་འདི་བསྔོས་ཚིམ་གྱུར་ཅིག །ཆུང་སྲི་ཆུང་བདུད་རྣམས་ལ་བསྔོ། །བསྔོས་པ་ཙམ་གྱིས་ཚིམ་གྱུར་ཅིག །སོ་སོ་རང་རང་གནས་སུ་དེངས། །ཨུ་ཙ་ཏ་ཡ་ཕཊ༔ ཅེས་ཁྲ་གཟུགས་དང་བགེགས་གཏོར་ཆངས་བུ་རྣམས་འདྲེ་ལྔའི་ཕྱོགས་ཀྱི་སྟེང་དུ་བསྐྱལ་ལོ། །དེ་ནས་བྱིའུ་ལྷོ་ཕྱོགས་སུ་བསྐྱལ་ལོ། །བྱིས་ཁྲ་སྤར་འབྱེད་༧ རཱ་ག་ཨ་སྱས་མཛད་པའོ།། །།


previousབྱིས་ཁྲ་སྤར་འབྱེད།next