Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཟའ་འགྱོགས།
   


 
previousགཟའ་འགྱོགས།next

གཟའ་འགྱོགས།


CMR039_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་འགྱོགས་བཞུགས། ༈ གཟའ་འགྱོགས་ལ་སྣོད་གཙང་མའི་ནང་དུ་གཟའ་བརྒྱད་ཀྱི་གཏོར་མ་བཤོས་ཕྲན་བརྒྱད་གྲུ་གསུམ་པ་བཅས་པ་ལ་ཤ་ཁྲག་དང་ཆང་ཕུད་ཀྱིས་བྲན། གཏོར་མ་སྭ་བྷ་ཝས་སྦྱངས། །སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཨོཾ་ཨཱཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ཏེ། རང་ཉིད་ཕྱག་ན་རྡོ་རྗེར་གསལ་བའི་མདུན་དུ་གཟའ་བརྒྱད་པོ་གུས་པའི་ཚུལ་དུ་འདུག་པར་བསྐྱེད། ཧཱུྃ། སངས་རྒྱས་བསྟན་པ་སྐྱོང་མཛད་པའི། །ལེགས་ཉེས་ཀུན་གྱི་སྟངས་འཛིན་ཞིང་། །བླ་མེད་བཀའ་ཡི་བྱ་ར་བ། །དྲང་སྲོང་འཁོར་བཅས་གཤེགས་སུ་གསོལ། །འབར་བའི་གདན་ལ་བཞུགས་ནས་ཀྱང་། །མཐུན་པའི་དམ་རྫས་མཆོད་པར་བཞེས། །ཕོ་བྲང་མཛེས་པའི་གཞལ་ཡས་འདིར། །འབྲུ་བཟང་སྣ་ཚོགས་བཤོས་གཏོར་ལ། །དར་ཟབ་སྣ་ཚོགས་རྒྱན་དུ་བཏགས། །འབྲུ་བཅུད་ངར་གྱི་སྐྱེམས་སུ་འབུལ། །རྟ་དང་རྔ་མོང་བྱ་མོའི་ཚོགས། །གསེར་དངུལ་དར་ཟབ་དབྱིགས་དང་བཅས། །ཤ་ཆང་དཀར་མངར་མཆོད་པ་རྣམས། །གཟའ་བདུད་འཁོར་དང་བཅས་ལ་འབུལ། །གསོལ་ཞིག་རོལ་ཅིག་དགྱེས་པར་མཛོད། །


CMR039_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་བཟང་ལྷ་བཤོས་ཤ་ཆེན་སྤོས། །ཚིལ་ཆེན་སྣང་གསལ་རོལ་མོའི་ཚོགས། །སྐུ་གླུད་སྤྱན་གཟིགས་མང་པོ་དང་། །དམ་རྫ་ས་སྨན་གཏོར་རཀྟ་ཡིས། །གཟའ་བདུད་ཡབ་ཡུམ་ཐུགས་དམ་བསྐང་། །སྲས་མཆོག་གཟའ་བརྒྱད་ཐུགས་དམ་བསྐང་། །ལྗང་སྔོན་དྲག་པོའི་ཐུགས་དམ་བསྐང་། །དྲང་སྲོང་དཀར་སེར་ཐུགས་དམ་བསྐང་། །བདུད་པོ་རོག་ཏིའི་ཐུགས་དམ་བསྐང་། །བྱི་ལིང་པ་ཏྲའི་ཐུགས་དམ་བསྐང་། །ཧ་ལི་ཀ་ཡི་ཐུགས་དམ་བསྐང་། །དུ་བ་མཇུག་རིང་ཐུགས་དམ་བསྐང་། །ཁྱབ་འཇུག་ཆེན་པོའི་ཐུགས་དམ་བསྐང་། །སྒྲ་གཅན་འཛིན་གྱི་ཐུགས་དམ་བསྐང་། །གདོང་མོ་མཆེད་བཞིའི་ཐུགས་དམ་བསྐང་། །སྤྲུལ་པའི་གཟའ་བརྒྱད་ཐུགས་དམ་བསྐང་། །རྒྱུ་སྐར་ཉེར་བརྒྱད་ཐུགས་དམ་བསྐང་། །ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །འཁོར་གྱི་དམག་ཚོགས་ཐུགས་དམ་བསྐང་། །བསྐང་ངོ་མཆོད་དོ་གཡར་དམ་ཅན། །ཐུགས་དམ་གཉན་པོ་བསྐང་མཛོད་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཆག་ཆེན་ཉམ་ང་བཟློག་ཏུ་གསོལ། །ཕུར་ཁ་བཟློག་པའི་དུས་ལ་བབ། །ཟོར་ཁ་བཟློག་པའི་དུས་ལ་བབ། །


CMR039_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ཁ་བཟློག་པའི་དུས་ལ་བབ། །དལ་ཁ་བཟློག་པའི་དུས་ལ་བབ། །རིམས་ཁ་བཟློག་པའི་དུས་ལ་བབ། །ཀླུ་གདོན་བཟློག་པའི་དུས་ལ་བབ། །ཡམས་ནད་བཟློག་པའི་དུས་ལ་བབ། །རྣལ་འབྱོར་སྐྱོང་བའི་དམ་ཚིག་ཅན། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །ཨོཾ་ཨཱཿཧཱུྃ་རཱ་ཧུ་ལ་གཟའ་ཁ་ཏྲ་རུ་ཏྲ་ཨི་དཾ་བྷ་ལིང་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བདུན་སོགས་ཀྱིས་ཕུལ་ནས་དགྱེས་པའི་ཚུལ་གྱིས་གསོལ་བར་བསམ། ཧཱུྃ། དྲང་སྲོང་གཟའ་བརྒྱད་འཁོར་བཅས་ལ། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །།གནོད་པའི་བསམ་པ་ཞི་བར་མཛོད། །ཧཱུྃ། གཟའ་མཆོག་ཆེན་པོ་རཱ་ཧུ་ལ། །འཇིགས་བྱེད་ཆེན་པོ་དྲག་རྩལ་ཅན། །ཕ་ནི་སྲིན་ལ་མ་ནི་ཀླུ། །ཀླུ་སྲིན་འཚོགས་པའི་མཐུ་བོ་ཆེ། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པར་མིག་གིས་ཁེངས། །སྐུ་ནི་འཇིགས་པའི་དུད་ཁ་ལ། །གཡས་པས་རལ་གྲི་རྒྱལ་མཚན་ཏེ། །གཡོན་པས་སྦྲུལ་ཞགས་མདའ་གཞུ་འཛིན། །རང་འཁོར་སྡེ་བརྒྱད་ཚོགས་དང་ནི། །མཆེད་བརྒྱད་མཆོད་གཏོར་འདི་གཤེགས་ཤིག །བདག་ཅག་ཡོན་


CMR039_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་འཁོར་བཅས་ལ། །གནོད་ཅིང་གདུག་པ་མ་མཛད་ཅིག །ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །གནོད་པའི་བསམ་པ་རབ་ཞི་ནས། །ཕན་བདེ་བྱང་ཆུབ་སེམས་ལྡན་པས། །རང་གི་གནས་སུ་བདེ་བར་དེངས། །།སྔོན་ཆད་གནོད་པ་བྱས་གྱུར་ན། །བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ། །མནན་པ་ཁྱོག་ལ་དུག་རྣམས་ཕྱུང་། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །གལ་ཏེ་གནོད་པ་བྱས་གྱུར་ན། །སྔོན་གྱི་དམ་བཅའ་འགལ་འགྱུར་ཞིང་། །ཕྱག་ཀློན་རྡོ་རྗེ་ཐུགས་ཁྲོས་ནས། །སྐད་ཅིག་ཉིད་ལ་བརླག་པར་འགྱུར། །དེ་བས་དམ་ལ་མ་འདའ་བར། །འདོད་ཡོན་རྒྱན་མཆོད་འདི་བཞེས་ལ། །རང་གི་གནས་སུ་ད་གཤེགས་ཤིག༔ ཧྲཱིཿཤག་རུ་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་ཧཱུྃ་ཧ་ཧོ་ཡོ་ག་ཤ་ཡ་ཛཿཛཿ ཨི་དཾ་བྷ་ལི་ཏ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ར་ཙཱ་རཀཱ་ས་མ་ཡཱ༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། དམ་རྫས་མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། གནོད་པ་དང་གདུག་པའི་སེམས་ཞི་ཞིང་ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་


CMR039_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད་ལ་རང་གི་གནས་སུ་གཤེགས་ཤིག་གཙྩ༔ གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ་གཙྩ་ཞེས་པས་བསྔོས་ཏེ་གཏོར་མ་གཙང་སར་བསྐྱལ། གཏོར་མས་ཚིམས་ནས་རཱ་ཧུ་ལ་འཁོར་དང་བཅས་པ་རང་གནས་སུ་གཤེགས་པར་བསམ། ནད་པ་ལ་སོགས་བསྲུང་བར་འདོད་པ་ཕྱག་ན་རྡོ་རྗེའི་ཐུགས་ཀར་ཡོད་པར་བསམ་ཞིང་། སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །རྗེས་ལ་བསྔོ་བ་བྱ་ཤིས་པ་བརྗོད་མི་དམིགས་པས་རྒྱས་བཏབ་བོ། །དེ་ནས་གནོད་པ་མི་བྱེད་དོ། །སྔར་བྱས་ཀྱང་སེལ་བར་འགྱུར་རོ། །ས་མ་ཡ་དྷ་ཐིམ། མི་གཡོ་བ་བརྟུལ་ཕོད་པའི་རྒྱུད་ལས། བདེ་གཤེགས་བདག་གིས་བསྒོམས་ནས་སུ། །གཟའ་རྣམས་སོ་སོར་མདུན་གནས་ནས། །གསང་སྔགས་བརྗོད་པར་བྱ་བ་ཡིན། །ཞེས་དང་། སྣ་ཚོགས་གཟུགས་ཅན་གཟའ་རྣམས་ནི། །དེ་ལྟར་ཐམས་ཅད་མཆོད་པར་བྱ། །སྐལ་བཟང་སྐྱེ་བར་འགྱུར་བ་དང་། །ལོངས་སྤྱོད་རྒྱ་ཆེན་སྩོལ་བར་འགྱུར། །རྒྱལ་པོ་མི་རྒོད་ཆོམ་རྐུན་སོགས། །སྲིན་པོ་ལྟོ་འཕྱེ་སྦྲུལ་ལ་སོགས། །དེ་ཀུན་འབྱུང་བར་མི་འགྱུར་ཏེ། །དེ་ཡི་འཇིགས་པ་བསམ་ཡང་ཞི། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །སྡུག་བསྔལ་ཐམས་ཅད་རྣམ་པར་སྤངས། །ཐམས་ཅད་བྱང་ཆུབ་གོ་འཕང་ཐོབ། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །ཞེས་གསུངས་པའོ། །ཞེས་པ་སངས་རྒྱས་གླིང་པའི་གཏེར་ཁ་གཟའ་ཡི་མཆོད་བསྟོད་དང་། རཏྣ་ལུགས་ཀྱི་སྤྱན་འདྲེན་བསྐང་བ་ཟུང་དུ་གབ་སྤྱད། དེའི་ཕན་ཡོན་རྒྱུད་ནས་བཏུས་ཏེ་


CMR039_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་ལ་ཕན་པའི་ཕྱིར། ༧ རཱ་ག་ཨ་སྱས་བསྒྲིགས་པ་ཉེས་འགལ་གང་མཆིས་ཁྱབ་འཇུག་འཁོར་དང་བཅས་ལ་བཤགས་ཤིང་། དགེ་བས་འགྲོ་ཀུན་སྟེང་གདོན་ལས་གྲོལ་བར་གྱུར་ཅིག །ཡི་གེ་པ་ནི་ཧོར་བླ་མ་པདྨ་མཐར་ཕྱིན་ཞེས་པས་བགྱིས་སོ། །མངྒ་ལཾ།། །།


previousགཟའ་འགྱོགས།next