Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་གཏེར་གཉིས་ནས་བསྡེབས་པའི་གླུད་གཏོར་ལན་ཆགས་བརྒྱ་བསྔོ།


 
previousབཀའ་གཏེར་གཉིས་ནས་བསྡེབས་པའི་གླུད་གཏོར་ལན་ཆགས་བརྒྱ་བསྔོ།no next

བཀའ་གཏེར་གཉིས་ནས་བསྡེབས་པའི་གླུད་གཏོར་ལན་ཆགས་བརྒྱ་བསྔོ།


CMR039_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་གཉིས་ནས་བསྡེབས་པའི་གླུད་གཏོར་ལན་ཆགས་བརྒྱ་བསྔོ་བའི་དབུ་ཕྱོགས་བཞུགས་སོ། །


CMR039_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདག་གཞན་མོས་བློས་ཚིམས་ནས་འཇུག་བདེའི་ཕྱིར། །རིགས་དྲུག་སེམས་ཅན་སྣང་སྲིད་ལྷ་འདྲེ་ལ། །ཕན་པའི་སེམས་ཀྱིས་གླུད་གཏོར་ལན་ཆགས་བྲི། །རང་གི་སྐྱེ་བ་སྔ་མ་དང་ལུས་ཐོག་འདི་ནས་དཀོར་ཟོས། བསད་བསད་བརྡུང་བརྡུང་རྐུ་འཕྲོག་བྱས་པའི་ལན་ཆགས་བདག་པོའི་ཚུར་ལྷ་འདྲེ་དྲང་ཤན་ཅན་རྣམས་ཀྱིས་ལན་ཆགས་བདའ་བས། ཚེ་འདིར་ནད་དགྲ་དབུལ་ཕོངས་འཐབ་རྩོད་དང་། ཕྱུགས་གོད་རྟ་ཤི་བཞོན་སྐམ་སྡུག་བསྔལ་སྣ་ཚོགས་པ་འབྱུང་བས་དེ་ལ་བུ་ལོན་འཇལ་བའི་ཚུལ་དུ་ལན་ཆགས་འཇལ་དགོས་པ་དང་། ཡང་འཇལ་མི་དགོས་ཀྱང་། བྱི་ན་ཡ་ཀ་མན་ཆད་དང་། གྲོང་རྒྱུག་འདྲེ་མོ་ཡན་ཆད་སྔོན་གྱི་ལས་ངན་ཟབ་མོས། ད་ལྟ་ནག་མོ་འདྲེ་རུ་སྐྱེས་ནས་


CMR039_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཆད་མཆོད་སྦྱིན་མ་ཐོབ། སྐལ་བ་ཆད་པས་མཚན་མོ་རེ་ལ་སྟོང་གསུམ་ཉུལ་ཤ་རྗེན་ཟ་བ་ཁྲག་གི་དྲི་ཚོར་ནས་འདུག་བཟོད་མེད་པ། ནད་པ་བྱིས་སྦ་ལ་ཤ་རུལ་ལ་སྦྲང་མ་བཞིན་དུ་འདུ། ཆུ་དང་ལམ་ངན་སར་སུ་འགྲིམ་བསྒུག །ཆང་འཐུང་དང་རྩེད་མོ་སར་གང་ཡང་དཀྲུག །ནད་ཀྱིས་སྣ་འདྲེན་ནས། བཟུང་བཅིངས་བསྡོམ་མནན་ནས་མི་བཏང་ངོ། །དེ་ཉེས་ཆེན་བཙོན་དུ་ཟོང་གིས་བསླུ་བའི་ཚུལ་དུ་ལན་ཆགས་འཇལ་དགོས། ཁྱད་པར་དུ་ནད་པ་འཆི་བ་ལ་གལ་ཆེ། བར་དོའི་སྐབས་སུ་ནག་པོ་འདྲེ་ཡི་ཡུལ་མུན་པའི་གླིང་ཡོད་པའི་ནང་ནས་བུད་མེད་ཁ་གདངས་མཆེ་བ་སྟག་གཟིག་ལྟར་གཙིགས། གྲི་ཁུག་དང་ཁྲག་རྫ་བཟུང་བ་དང་། མི་ནག་འཇིགས་པ་ཆེ་བས་ཞགས་པ་བཤའ་གྲི་བཟུང་བ་དང་། འདྲེའི་རིགས་རི་བོ་ཙམ་གྱིས་སྙིང་གས་པ་


CMR039_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དང། གཟུགས་མི་འདྲ་བ་མང་པོས་ཙག་བུས་འབུག །སྟ་རེས་བཀས། སོག་ལེས་མགོ་དང་ཡན་ལག་བྲེག་དེ་རྣམས་ཀྱིས་བསྒུག་ནས་ཡོད་པ་ལ་ཤ་ཁྲག་གི་ཁྲལ་འཇལ་དགོས་པའི་སྡུག་བསྔལ་མྱོང་དགོས་པས། དེ་མི་ཤ་ལ་སྟོང་འཇལ་བ་ལྟར་ལན་ཆགས་བསྔོས་ནས། དེས་བར་དོ་ནས་ཤ་ཁྲག་གི་ཁྲལ་འཇལ་མི་དགོས། རྒྱལ་བའི་སྨོན་ལམ་མཐུ་བཙན་པས་འདྲེ་རྣམས་ཀྱི་བཀའ་བཅག་མི་ཕོད། ཡང་སྔོན་ལས་ངན་སྲིན་ཟ་ནག་མོ་ཞིག་བུ་ལྔ་བརྒྱ་ཡོད་པས་འཇིག་རྟེན་གྱི་ཁམས་འདིར་མི་ཕྱུགས་བྱིས་སྦ་ཐམས་ཅད་འཕྲོག་ནས་ཟ་བས་མིང་ཡང་འཕྲོག་མ་མ་བུར་གྲགས། བུ་དམར་བ་གསེར་གྱི་ལག་པ་ཅན་དེ་རྒྱལ་བ་ཤཱཀྱ་ཐུབ་པས་ལྷུང་བཟེད་ཞབས་སུ་བསྐུངས་བས་འཕྲོག་མས་བུ་ཚོལ་ནས་འོང་། ཁྱེད་ཀྱིས་རིག་གམ་ཞུས་པས། རྒྱལ་བས་ཁྱོད་མ་བུས་སེམས་ཅན་ཉེས་མེད་འདི་རྣམས་མ་འཕྲོག་ན་ངས་བསྟན་གསུངས། འཕྲོག་མས་བཟའ་བ་མེད་པས་ལྟོགས་གྲིར་ཤི་ན་ཅི་ལགས་ཞུས་རྒྱལ་བས་ལན་ཆགས་བདུན་བྱིན་གྱིས་བརླབས་ནས་བྱིན། །ཟོས་འཐུང་བཀྲེས་སྐོམ་ཞི་གོས་རྒྱན་ཅི་འདོད་པ་བྱུང་ནས། ཕྱིན་ཆད་སྲོག་མི་གཅོད་པར་ཁས་བླངས། འཇིག་རྟེན་ན་མཆོག་དམན་རྣམས་ཀྱིས་ཟས་ཀྱི་ཕུད་ལ་ལན་ཆགས་བདུན་ནམ། ལྔའམ་གསུམ་བྱས་ནས་ཡིག་དྲུག་བཏོན་ནས་བསྔོ་བའི་ཆེད་བྱས་པས། དེང་སང་སྦྱིན་པ་གཏོང་བའི་ཚུལ་དུ་བསྔོ་དགོས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ལན་ཆགས་འཇལ་དགོས་ཏེ། དཔེར་ན་རྒྱལ་མོ་རོང་པས་སློབ་དཔོན་བཻ་རོ་ཙཱ་ན་ཤིག་དོང་དུ་བསྒྱུར་བས་ཞག་གསུམ་


CMR039_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སོ། །བཻ་རོའི་ཞལ་ནས་ཆོས་གོས་ཀྱིས་ཤིག་བཏུ་བཅོལ། དེ་ཡི་རྣམ་སྨིན་ལན་ཆགས་འདི་ལས་བྱུང་། ལན་ཆགས་འདི་ཡིས་འཁོར་གྱུར་ཅིག །ཅེས་གསུངས་སོ། །འདི་ནི་མི་ཡི་ནང་རིགས་སྣ་ཚོགས་བུད་མེད་སྦྲུམ་མ་བྱིས་སྦ་ཆུང་ངུ་ཞིང་གི་ལོ་འདྲེ་ལུས་ཀྱི་ཤི་ག །ཕྱུགས་ཀྱི་གོད་ཁ་ལྟོགས་འགོང་དབུལ་སྲི་དང་། དྲག་པོའི་ལས་གང་དང་གང་བརྩམ་པའི་ཐོག་མར་དང་། དེ་ཐམས་ཅད་ལན་ཆགས་ལ་འཁོར་ཞིང་རེ་བས་བསྔོ་དགོས་པས་གལ་ཆེ་སྟེ་གལ་ཆུང་བར་བྱེད་པ་སྣང་བ་མ་ཤེས་རྨོངས་པའི་བློ་འདི་སྙིང་རེ་རྗེ། ༈ དེ་ནས་ལན་ཆགས་བསྔོ་བའི་བཅའ་གཞི་ནི། བསྭེ་ལྕགས་ཐོད་གསུམ་མ་ཡིན་པའི་སྣོད་ནང་དུ། ཤ་ཆང་སྒོག་ཙོང་གིས་མ་སྦགས་པའི་འབྲུ་སྣ་ལྔའི་ཟན། སྦྱིན་བདག་གི་ལུས་ལ་དྲུད། འབྱོར་པ་ཆེ་ན་ཤིང་ཤུན་ནམ་སོག་མ་བཅིངས་ལ་ཟན་དེས་བསྣུམ་སྟེ་ངར་མི་ལུས་ཚད་བྱ། མིག་གཉིས་ལ་རཾ། རྣ་བར་ཡཾ། ཁ་ལ་ཁཾ། ལྕེ་ལ་ལཾ། སྙིང་གར་བླ་དྭགས་གང་ཡིན་པའི་སེམས་ཅན་གྱི་སྙིང་དང་ཨེ་བྲིས་པའི་ཤོག་དྲིལ་བཅུག །མཆོང་གི་ཤ། དུང་གི་རུས། མཚལ་གྱི་ཁྲག །སྤུ་ཤེལ་རྩེ་ཡི་རྒྱུས་པ། མུ་ཏིག་གི་ཀླད་པ། ཟེར་མང་སྐྲ། གཟི་ཡི་མིག །བྱི་རུའི་ལྕེ། མགྲོན་བུའི་སོ། གསེར་དངུལ་གྱི་ལག་པ། ཟངས་ལྕགས་ཀྱི་རྐང་པ། གཡུ་ཡི་སེམས་དང་ལྡན་པར་བྱའོ། །སྐྱ་སེར་བུད་མེད་གང་ཡིན་དེ་ཡི་ཞྭ་གོས་ལྷམ་སོགས་སེར་སྣ་མེད་པར་ཅི་ལྟ་བ་བཞིན་དུ་བཀོན། འབྱོར་པ་ཆུང་ན་ལུས་དྲུད་ཟན་དེས་ངར་མི་མཐོ་གང་བྱས་ལ་གོས་རྙིང་བཀོན།


CMR039_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཆངས་བུ་བརྒྱའམ་ཉེར་གཅིག་གིས་བསྐོར། ཡང་ཟན་གཙང་མ་ལ། ཕོ་གདོན་འབྱུང་པོ་རྟ་མགོ་ཅན། མོ་གདོན་སྲིན་མོ་བུད་མེད་རལ་པ་ཅན། ཀླུ་གདོན་ས་བདག་སྦྲུལ་མགོ་ཅན་དེ་གསུམ་སོག་ལེབ་སོགས་སྣོད་གཙང་གཅིག་ཏུ་བཤམས། ཡང་ཆངས་བུ་ཤ་དུམ་ཏིང་ལོ་འབྲུ་སྣ་ཟས་སྣ་དར་སྣ་བལ་ཚོན་སོགས་བརྒྱའམ་གང་འབྱོར་སྣོད་གཅིག་ཏུ་བཤམས། དེ་ནས་ནད་པའམ་སྦྱིན་བདག་གང་ཡིན་མདུན་དུ་བོས་སྐྱབས་སེམས་སྤྱི་ལྟར་བྱས་ལ། ཁྲུས་ཆུ་གཏོར་འགུ་ནང་དུ་འོ་ཆབ་བླུགས་ལ། རང་ཉིད་སྐད་ཅིག་དྲན་རྫོགས་ཧཱུྃ་སྨུག་ལས༔ འོད་འཕྲོས་འཕགས་མཆོད་སེམས་ཅན་དོན་བྱས་ནས༔ ཚུར་འདུས་ཡོངས་གྱུར་སྐད་ཅིག་དེ་ཉིད་ལས༔ ཁྲོ་བོ་སྨེ་བ་བརྩེགས་པ་སྐུ་མདོག་སྨུག༔ ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་སྔོ་བ༔ དབུས་སྨུག་ཕྱག་ནི་དང་པོ་གཉིས་ཀྱིས་ནི༔ ཐུགས་ཀར་སྡིགས་མཛུབ་བསྣོལ་ཞིང་དེ་འོག་གཉིས༔ རྡོ་རྗེ་དྲིལ་བུ་འཛིན་ཏེ་དེ་འོག་གཉིས༔ རྡོ་རྗེ་ལྕགས་ཀྱུ་འཛིན་པ་གསལ་བར་གྱུར༔ ཐུགས་ཀར་ཉི་སྟེང་ཧཱུྃ་སྨུག་མཐའ་སྐོར་དུ༔ སྔགས་ཀྱིས་གཡས་སུ་བསྐོར་ལས་འོད་དཀར་པོ༔ འཕྲོས་པས་གྲིབ་དང་མི་གཙང་བ་རྣམས་ཀུན༔ བ་མོར་ཉི་ཟེར་ཕོག་པ་བཞིན་དུ་བསལ༔ སྔགས་ཀྱི་འོད་ཟེར་འོ་ཆབ་ལ་ཐིམ་པས༔ གྲིབ་སེལ་ཡེ་ཤེས་


CMR039_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ཆེན་པོར་གྱུར༔ ཨོཾ་ཨརྩི་མརྩི་བྷར་སུཾ་མ་ཧཱ་སྭ་ན་ཏ་ཡ་ཧཱུྃ་ཧཱུྃ་ཕཊཕཊསྭཱ་ཧཱ༔ ཞེས་པ་བདུན་ལས་མི་ཉུང་ཅི་འགྲུབ་བརྗོད། དེ་ནས་ངར་མིའི་སྟེང་དུ་ཡོན་བདག་དེ། ཁྲུས་བྱས་ལག་བཀྲུ་ཁ་བཤལ་མེ་ལོང་ངོས་ལ་ཡན་ལག་ལྔ་ཁྲུས་བྱས་ལ་ཁྲུས་གླུད་ངར་དུ་བླུག །དེ་ནས་གོང་གི་སྨེ་བརྩེགས་སྔགས་ཤམ་དུ། ཨོཾ་ཨེ་ཧོ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ། རཾ་ཧོ་ཤུདྡྷེ། བི་ཧོ་ཤུདྡྷེ། ལཾ་ཧོ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧྭ༔ དེ་ནས་བགེགས་བཀུག་པ་ནི། ཐོག་མར་ཁྲོ་བོའི་ང་རྒྱལ་དང་ལྡན་པར་བྱས་ལ། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །ཅེས་ཚང་བར་བསྟོད་ཨིལ། ཧཱུྃ། ནམ་མཁའ་སྟོང་པ་འགུགས་བྱེད་ན། །དངོས་པོ་རྣམས་ལ་སྨོས་ཅི་དགོས། །གཟུགས་མེད་པ་ཡང་འགུགས་བྱེད་ན། །གཟུགས་དང་ལྡན་ལ་སྨོས་ཅི་དགོས། །ལུས་མེད་པ་ཡང་འགུགས་བྱེད་ན། །ལུས་དང་ལྡན་ལ་སྨོས་ཅི་དགོས། །སེམས་མེད་པ་ཡང་འགུགས་བྱེད་ན། །སེམས་དང་ལྡན་པ་སྨོས་ཅི་དགོས། །ས་འོག་འབྱུང་པོ་འགུགས་བྱེད་ན། །ས་སྟེང་འབྱུང་པོ་སྨོས་ཅི་དགོས། །མཐུ་ཆེན་རྣམས་ཀྱང་འགུགས་བྱེད་ན། །མཐུ་མེད་རྣམས་ནི་སྨོས་ཅི་དགོས། །ཆོས་སྐྱོང་རྣམས་ཀྱང་འགུགས་བྱེད་ན། །


CMR039_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་རིགས་རྣམས་ལ་སྨོས་ཅི་དགོས། །སྟོབས་ཆེན་རྣམས་ཀྱང་འགུགས་བྱེད་ན། །ལན་ཆགས་རྣམས་ལ་སྨོས་ཅི་དགོས། །འདི་ལ་ཕོ་གདོན་འབྱུང་པོ་འགུག་ཏུ་གསོལ། །འདི་ལ་མོ་གདོན་སྲིན་མོ་འགུག་ཏུ་གསོལ། །འདི་ལ་ཀླུ་གདོན་ས་བདག་འགུག་ཏུ་གསོལ། །འདི་ལ་མནའ་འདྲེ་རྙིང་པ་འགུག་ཏུ་གསོལ། །འདི་ལ་ད་འདྲེ་སོ་མ་འགུག་ཏུ་གསོལ། །འདི་ལ་ཡུལ་འདྲེ་འཁྱམས་པོ་འགུག་ཏུ་གསོལ། །འདི་ལ་ནད་འདྲེ་གདོན་བགེགས་འགུག་ཏུ་གསོལ། །འདི་ལ་གནོད་བྱེད་ཐམས་ཅད་འགུག་ཏུ་གསོལ། །ཐམས་ཅད་མ་ལུས་འགུག་ཏུ་གསོལ། །ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ཐམས་ཅད་འགུགས་པའི་ཕོ་ཉ་ནི། །ཏ་ཀི་ཞེས་བྱ་ཁྲོ་བོ་ཡིས། །འབྱུང་པོ་མི་དང་མི་མ་ཡིན། །རཱུ་པ་འདི་ལ་མཆིས་པར་མཛོད། །གདོན་གསུམ་གཟུགས་ལ་ཆུ་གཙང་བྲན། ཨོཾ་ཤུདྡྷེ་ཤུ་དྷ་ན་ཡེ་སྭཱ་ཧཱ། ཤཱཀྱ་ཐུབ་པའི་བྱིན་རླབས་ཀྱིས། །ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང། །ཨཱཡིག་དཀར་པོར་འོད་འཕྲོས་པས། །གླུད་གཏོར་དངོས་པོར་འཛིན་པ་དང་། །མི་གཙང་དྲི་མ་ཐམས་ཅད་དག། དོན་དམ་སྟོང་ཉིད་ངོ་བོར་གྱུར། །ཨོཾ་སྭ་བྷ་ཝ་


CMR039_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷཿསརྦ་དྷརྨཱསཱ་བྷཱ་ཝ་ཤུདྡྷོ྅ཧཾ། མདུན་དུ་ཁྲི་གསུམ་ཡོངས་གྱུར་ལས། །དབུས་སུ་ཕོ་གདོན་གཙོ་བོ་ནི། །འབྱུང་པོ་ནག་པོ་རྟ་མགོ་ཅན། །གཡས་སུ་མོ། གདོན་གཙོ་བོ་ནི། །བུད་མེད་ནག་མོ་ཁྲག་རལ་ཅན། །གཡོན་དུ་ཀླུ་གདོན་གཙོ་བོ་ནི། །ཀླུ་བདུད་ལྗང་གུ་སྦྲུལ་མགོ་ཅན། །དེ་གསུམ་འཁོར་དུ་གདོན་དང་བགེགས། །ཁྲོམ་ཚོགས་བཞིན་དུ་འཁོར་བར་གྱུར། །བདག་དང་ཡོན་བདག་རྣོ་ལ། །ན་འདྲེ་ཤི་རྐྱེན་མི་བྱེད་པའི། །ཁས་ལེན་ཡས་ལེན་ཕྱག་རྒྱ་ཅན། །སྙིང་གར་དྲི་ཡིག་རེ་རེས་མཚན། །དེ་དག་སོ་སོའི་མདུན་རྣམས་སུ། །རང་རང་ཡིད་མཐུན་གཏོར་སྣོད་རྒྱ་ཆེ་བར། །སྟོང་གསུམ་ཙམ་གྱི་ནང་དུ་ཁཾ་ཡིག་ལས། །ངར་གྱི་མི་ཆེན་ཁོག་སྟོད་གསེར་ལས་གྲུབ། །ཁོག་སྨད་གཡུ་དང་རྐེད་པ་མཆོང་ལས་གྲུབ། །ལག་པ་གསེར་དངུལ་རྐང་པ་ཟངས་དང་ལྕགས། །ཞོ་ཤའི་སྙིང་ལ་མུ་ཏིག་ཀླད་པ་དང་། །ལོང་ཐང་མིག་ལ་ཟེར་མོའི་སྒྲོ་ཡི་སྐྲ། །བྱུ་རུའི་ལྗགས་ལ་མགྲོན་བུའི་སོ་བྱས་པ། །ཁམས་དང་སྐྱེ་མཆེད་དབང་པོ་ཡོངས་སུ་རྫོགས། །སྨྲ་མཁས་ལྗགས་ལྗགས་འགྲོ་མཁན་ལྡེམ་ལྡེམ་བྱེད། །གཅིག་ལས།


CMR039_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་སྟོང་བྱེ་བ་དུང་ཕྱུར་འཕྲོས། །སྣང་སྲིད་ལྷ་འདྲེ་བགེགས་རིགས་སྤྱན་ལམ་དུ། །མི་བས་གླུད་བཟང་ལྷ་ཡི་བུ་ཕོ་འདྲ། །ཡི་གེ་དཔའ་བོ་འབྲུ་བདུན་བྱིན་གྱིས་རློབས། །ཞེས་ངག་ཏུ། ཨོཾ་བྷྲཱུཾ་ཨཱཿཧཱུྃ་ཏྲཱཾ་ཁཾ་ཧཱུྃ། ལན་གསུམ་བརྗོད། རང་ཉིད་ཐུགས་ལས་ཨོཾ་འཕྲོས་ངར་མིར་ཕོག །སྣང་སྲིད་ལྷ་འདྲེ་ལན་ཆགས་བགེགས་རིགས་ཚོགས། །རེ་རེའི་མདུན་དུ་རེ་རེས་ཁྱབ་པར་གྱུར། །བྷྲཱུཾ་བརྗོད་ངར་མི་ལ་ཕོག་རིན་ཆེན་གྱི། །ངར་མི་གཞལ་ཡས་ཁང་གྱུར་ཨཱབརྗོད་པས། །ངར་མི་ལ་ཕོག་ལྷ་འདྲེ་གདོན་བགེགས་ལ། །ངར་མིའི་རྒྱུ་འབྲས་ཆོས་རྣམས་ཕར་ལ་བཤད། །ཧཱུྃ་བརྗོད་ངར་མིར་ཕོག་པས་ངར་མི་ཧཱུྃ། །འཕྲོས་པས་གདོན་བགེགས་ལ་ཕོག་དེ་རྣམས་ཀྱིས། །ཉོན་མོངས་བག་ཉལ་དྲི་མ་སངས་ཀྱིས་དག་རང་རང་ཅི་བསམ་སེམས་རྒྱུ་ཤེས་པར་གྱིས། །ཧཱུྃ་བརྗོད་ངར་མིའི་ཕུང་ཁམས་སྐྱེ་མཆེད་ལ། །རིན་ཆེན་དགོས་འདོད་ཆར་བབས་འཁོར་བ་འདི། །མ་སྟོང་བར་དུ་བབས་པས་གདོན་བགེགས་རྣམས། །ངོམ་ཞིང་ཚིམ་གྱུར་ཁཾ་བརྗོད་པར་མི་ཡིས། །ལུས་ལ་བདུད་རྩིའི་ཆར་བབས་གདོན་བགེགས་ཀྱི། །གནས་དང་ལུས་ལ་ཕོག་པས་ལས་ཉོན་མོངས།


CMR039_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱའི་སྒྲིབ་པ་དག་ནས་བྱང་ཆུབ་སེམས། །བསྐྱེད་ནས་ད་ལན་རྒྱུ་སྦྱོར་སྒྲུབ་པ་པོའི། །གདོན་བགེགས་ང་ལ་དྲིན་ནི་རེ་ཆེའོ། །སྙམ་ནས་མཉེས་ཤིང་དྲིན་བཟོ་བྱེད་པར་གྱུར། །ཧཱུྃབརྗོད་ངར་མིའི་སྟོང་གསུམ་འཇིག་རྟེན་གང་། །གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་ནས། །གདོན་བགེགས་རྣམས་ལ་རང་རང་སྐད་ཀྱིས་ནི། །ཕར་ལ་ཤག་འདེབས་ཡོན་གྱི་བདག་པོ་ཡི། །ནེ་ཞེས་བྱའི། གླུད་དུ་འགྲོ་བའི་ཆ་སྒྲ་སྒྲོག་པར་གྱུར། །གླུད་གཏོར་སོ་སོའི་ཡིད་མཐུན་འདོད་ཡོན་ལྔ། །ཟག་མེད་འཇིག་རྟེན་སྟོང་གསུམ་གང་བར་གྱུར། །རྣམ་པར་སྣང་མཛད་བྱིན་རླབས་ཀྱིས། །ཐལ་མོ་ཚིགས་བཅིག་ཕྱག་རྒྱའི་ནང་། །ཡི་གེ་ཁཾ་ལྗང་འོད་འཕྲོས་པས། །ཡས་གླུད་དེ་དག་འཕེལ་ཞིང་རྒྱས། །སྟོང་གསུམ་འཇིག་རྟེན་ས་གཞི་གང་། ཨོཾ་ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐ་ཁཾ་ཨུཏྟཾ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ བདུད་རྩི་འཁྱིལ་བའི་བྱིན་རླབས་ཀྱིས། །ཐལ་མོ་ཁ་འབྱེད་ཕྱག་རྒྱའི་ནང་། །ཛཙཡིག་དམར་པོར་འོད་འཕྲོས་པས། །ཡས་གླུད་ཟག་མེད་བདུད་རྩིར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་


CMR039_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ རིན་ཆེན་འབྱུང་ལྡན་བྱིན་རླབས་ཀྱིས། །མཆོད་སྦྱིན་ཕྱག་རྒྱ་ཏཱཾ་སེར་ལས། །འོད་འཕྲོས་མགྲོན་རྣམས་ཐམས་ཅད་ལ། །བསྔོས་པ་བཞིན་དུ་ཐོབ་གྱུར་ཅིག །ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ དོན་ཡོད་གྲུབ་པའི་བྱིན་རླབས་ཀྱིས། །ཁུ་ཚུར་མཆོད་སྦྱིན་ཕྱག་རྒྱའི་ནང་། །ཧ་ལྗང་འོད་ཟེར་འཕྲོས་པའི་མཐུས། །མགྲོན་ཀུན་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་ཨ་མྲྀ་ཏ་སྤ་ར་ཎ་རསྨི་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲིད་ཡ་ཛྭ་ལ་ནི་སྭཱ་ཧཱ། ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས། །སོར་བསྣོལ་ཕྱག་རྒྱ་ཛཿདམར་ལས། །འོད་འཕྲོས་མགྲོན་ཀུན་དབང་དུ་བསྡུས། །བདག་གི་བཀའ་བཞིན་བསྒྲུབ་པར་གྱུར། །ན་མས་མན་བྷུདྡྷཱ་ནཾ་ག་རི་ཀྲོ་ཏི་པྲ་བྷ་ཝ་ཛྙཱ་ན་མཱ་ར་ཡ་སྭཱ་ཧཱ༔ བདག་ཉིད་ལྷ་ཡི་ང་རྒྱལ་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་དང་འོད་ཟེར་དམར་ནག་འཕྲོས་པས། གདོན་བགེགས་ཐམས་ཅད་བཀུག་ནས་རང་གཟུགས་འདི་གསུམ་ལ་ཐིམ་པར་གྱུར། ཧཱུྃ། རང་ཉིད་ཡི་དམ་གནས་འགྱུར་རྟ་མགྲིན་སྐུ། །རྟ་སྐད་འཚེར་བས་སྣང་སྲིད་དབང་དུ་སྡུད། །ཁྲོ་ཆས་ཡོངས་རྫོགས་གྲི་གུག་ཐོད་


CMR039_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་བསྣམས། །མེ་དཔུང་ཀློང་བཞུགས་དྲེགས་པ་ཟིལ་གནོན་གྱུར། །ཨོཾ་རྒྱ་གྲི་ཝ་ཧཱུྃ་ཕཊ༔ ཧཱུྃ། སྤྲུལ་པའི་ཡཀཱ་མེ་དབལ་ཚོགས། །ཕྱོགས་ཀྱི་ས་ནས་མི་རྙེད་པའི། །འབྱུང་པོ་ཐམས་ཅད་ཁྲིད་ཤོག་ཅེས། །གནོད་སྦྱིན་གྱི་ནི་སྡེ་དཔོན་ཀུན། །ཕྱོགས་བཞི་དག་ཏུ་བཀྱེ་བར་གྱུར། །གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་དང་ཉན་ཐོས་དང་། །ཚངས་དབང་དང་ནི་འཇིག་རྟེན་སྐྱོང་། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་དང་། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང་། །འཕྲོག་མ་བུ་དང་བཅས་པ་ཡང་། །དེ་དག་མཐུ་དང་གཟི་བརྗིད་ཀྱིས། །ཚེ་དང་སྲོག་ལ་གནོད་བྱེད་ཅིང་། །གནོད་ཅིང་འཚེ་བའི་གདོན་གྱི་ཚོགས། །ཕོ་ཉ་ཡང་ནི་བཏང་བར་བགྱི། །དེ་དག་རྣམས་ནི་སྐད་ཅིག་གིས། །བཅིངས་པ་ལྔ་ཡིས་བཅིངས་ཤིང་བཀུག །བཀའ་ཉན་གསུང་སྡོད་བྱེད་པར་གྱུར། །ཏྲི་བཛྲ་ཨཾ་ཀུ་ཤ་ཛ་ཛཿ ལྕགས་ཀྱུའི་ཕྱག་རྒྱ་བཅའ་ལ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་


CMR039_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་རྣམས་ཀྱི་བདེན་པའི་བྱིན་རླབས་ཀྱིས། རྒྱུ་སྦྱོར་ཡོན་གྱི་བདག་པོ་རྒེ་འདི་ཞེས་བྱ་བའི། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་གནོད་ཅིང་འཚེ་བའི་གདོན་བགེགས། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ཀྱིས་སྲོག་འཕྲོག་པར་བྱེད་པའི་ཕོ་གདོན་འབྱུང་པོ། མོ་གདོན་སྲིན་མོ། ཀླུ་གདོན་ས་བདག །བར་གདོན་རྒྱུ་སྐར། ཡ་བདུད་རྒྱལ་པོ་མ་བདུད་རྒྱལ་མོ། བཙན་བཞི་ཁ་འགྱོག་རྐང་བརྒྱད། རྒྱལ་པོ་དང་བརྒྱ་བྱིན། འབྱུང་པོ་དང་རོ་ལངས། ས་བདག་དང་ཀླུ་སྲིན། །ནད་ཀྱི་བདག་པོ་དང་བདག་མོ། ཡམས་ཀྱི་བདག་པོ་དང་བདག་མོ། གྲིབ་ཀྱི་བདག་པོ་དང་བདག་མོ། གླུད་ཀྱི་བདག་པོ་དང་བདག་མོ། རིམས་ཀྱི་བདག་པོ་དང་བདག་མོ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་སྦྱའི་གདོན་ཆེན་བཅོ་ལྔ། གཟའ་གདོན་རྒྱལ་འགོང་ཐེའུ་རང་། འཕྲོག་མ་མ་བུ་ལྔ་བརྒྱ་ལ་སོགས་པ། ལན་ཆགས་ཀྱི་མགྲོན་དེ་དག་ལ་སོགས་པ་ཐམས་ཅད་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་


CMR039_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

སྟེར་བ་ཡིན་པས། སྐད་ཅིག་ཉིད་ལ་འདིར་མཆིས་པར་མཛོད་ཅིག །ཏ་ཀི་རཱ་ཛ་ཧཱུྃ་ཕཊ༔ ཨ་ཎི་སུ་ཏྲི་ཕྲེ་དུ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་མམ་བདུན་གྱིས་བཀུག ༈ །ཕོ་གདོན་འབྱུང་པོའི་རིགས་རྟ་མགོ་ཅན་ལ་བསྟིམ། སྲིན་མོ་མོ་གདོན་རིགས་བུད་མེད་རལ་པ་ཅན་ལ་བསྟིམ། ས་བདག་ཀླུ་གདོན་གྱི་རིགས་སྦྲུལ་མགོ་ཅན་ལ་བསྟིམ། གནོད་སེམས་གདུག་རྩུབ་ཞི་ནས། གུས་པའི་ཚུལ་དུ་འདུག་པ་ལ་ཁྲོ་བོ་དང་མེ་དཔུང་གིས་བསྐོར་ནས་ཡོད་པར་གྱུར། དེ་ནས་ཆངས་བུ་སོགས་གླུད་རྣམས་བྲན། ཨོཾ་ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན་པ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱདཀར་པོས་མཚན་པ་ལས་གཡོན་མེ་ཏོག་པདྨ་དཀར་པོ་སྙན་གྱི་ཐད་དུ་ཁ་གྱེས་པའི་ཡུ་བ་ཐུགས་ཀར་འཛིན་པ། དེ་ཡི་སྤྱི་བོར་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ་གཡས་ས་གནོན། གཡོན་མཉམ་བཞག་ཞབས་རྡོ་རྗེའི་སྐྱིལ་ཀྲུང། དབུ་གཙུག་ཏོར་འོད་འདོམ་གང་དང་ལྡན་པ། ཕྲག་པ་གཡས་སུ་འཇམ་དབྱངས་སེར་པོ་གཡས་རལ་གྲི་དང་གཡོན་ཨུཏྤལ། ཕྲག་པ་གཡོན་དུ་ཕྱག་ན་རྡོ་རྗེ་སྐུ་མདོག་


CMR039_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུ་གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པ། བཞི་ཀའང་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས་པར་གྱུར། ཆངས་བུ་ཏིང་ལོ་ཤ་དུམ་གླུད་རྫས་རྣམས་ཐེབ་ཏིང་དུ་བཤམས་ལ་ཆུ་གཙང་གིས་བྲན།། རང་གི་ལག་མཐིལ་ཟླ་བའི་སྟེང་། །འབྲུ་གསུམ་ཞུ་བའི་བདུད་རྩིར་གྱུར། །ཨོཾ་ཨཱཧཱུྃ། ཟླ་བ་ཡིག་འབྲུ་ཞུ་བའི་རྒྱུན། །གཏོར་མའི་སྟེང་དུ་བབས་པ་ལས། །གཏོར་མ་ཡེ་ཤེས་བདུད་རྩིར་གྱུར། །ཏྲ་ཁཾ་ཨོཾ་ཨཱཙྪཱཧཱུྃ༔ ཨོཾ་ན་མསརྦ་ཏ་ཐཱ་ག་ཏོ་བྷ་དྷ་ནཾ་ཨ་ཝ་ལོ་ཀི་ཏེ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ན་མོ། བདག་གི་བསམ་པའི་སྟོབས་ཞེས་སོགས། ཐོགས་པ་མེད་པ་འབྱུང་གྱུར་ཤོག །སམྦྷ་ར་མན་ནས་འདི་ཡན་གྱི་ལན་ཆགས་ཤ་དུམ་འབྲུ་སྣ་སོགས་ལན་བརྒྱའམ། ལོ་གྲངས་སམ་ཉེར་གཅིག་སོགས་བསྔོ་ལ། སྦྱིན་བདག་རང་ལས་མཐོ་བ་དང་། ང་རྒྱལ་ཅན་ལ་རྐང་པའི་ཐོག །གཞན་རྣམས་ཀྱི་མགོ་ཐོག་ཏུ་གཡས་སྐོར་གཡོན་སྐོར་བྱེད་ལ་གདོན་གསུམ་གྱི་དྲུང་དུ་བླུག་གོ །དེ་ནས་འདི་


CMR039_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

མན་ཐོག་ཐ་བར་གསུམ་ལ་ཚར་རེ་སྦྱར་བས་འཐུས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་རི་རབ་བས་དཔངས་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་པ། ཉི་ཟླ་བས་འོད་གསལ་བའི་གཟུགས་སྒྲ་དྲི་རོ་ཕུན་སུམ་ཚོགས་པ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་གཏོར་མ་རྒྱ་ཆེན་པོ་འདི། བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། བགེགས་ཀྱི་རྒྱལ་པོ་བྱི་ན་ཡ་ཀ་ལ་སོགས་པའི་བགེགས་ཀྱི་རིགས་སུ་གྱུར་པ་རྣམས་དང་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་རྒྱུ་བ་རྣམས་དང་། ཡི་དྭགས་རྒྱལ་མོ་ཁ་ལ་མེ་འབར་མ་ལ་སོགས་ཏེ། ཡི་དྭགས་ཕྱི་ནང་ཟས་སྐོམ་གྱི་སྒྲིབ་པ་ཅན་མེ་ལྕེའི་འཁོར་ལོ་ཅན་མཁའ་ལ་རྒྱུ་བ་རྣམས་དང་། ཕོ་གདོན་རྒྱལ་པོ་མོ་གདོན་སྲིན་མོ་ཀླུ་གདོན་ས་བདག །གཟའ་གདོན་རྒྱུ་སྐར། ལྷ་གདོན་གནོད་སྦྱིན། དྲི་ཟ་གྲུལ་བུམ་མིའམ་ཅི་ཤ་ཟ་སྲིན་པོ་རོ་ལངས། ཐེའུ་རང་གྲོང་རྒྱུག་འདྲེ་མོ། བསེན་མོ་བཙན་ཁ་བཞི་མགྱོགས་རྐང་བརྒྱད། ནད་བདག་ཕོ་མོ། རིམས་བདག་ཕོ་མོ། གྲིབ་བདག་ཕོ་མོ། གླུད་བདག་ཕོ་མོ། གག་ལྷོག་གཟེར་གསུམ། ཚད་ནད་འབུམ་གསུམ། ནད་རིགས་སྣ་ཚོགས་


CMR039_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྐག་བཞི་གཤེད་དྲུག་འགྲམ་བདུན་ཟུར་སོགས་ཀྱི་བདག་པོ་བདག་མོ། བྱིས་སྦའི་གདོན་ཆེན་བཅོ་ལྔ། འཕྲོག་མ་མ་བུ་ལྔ་བརྒྱ་ལ་སོགས་ལན་ཆགས་ཀྱི་མགྲོན་དུ་གྱུར་པའི་མིང་། དང་མཚན་ནས་མ་ཐོན་པ་དང་། གློ་བུར་དུ་ལྷགས་པ་དང་། བདག་ཅག་འཁོར་དང་བཅས་པ་རྣམས་ལ། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས། ལན་ཆགས་པའི་ལན་ཆགས་གདོན་བགེགས་ཀྱི་རིགས་སུ་གྱུར་པ་རྣམས་དང་། ཁྱད་པར་དུ། འདི་ནས་གང་དགོས་ཁ་བསྒྱུར། སྒྲུབ་པ་ཡིན་ན། ཡི་དམ་རྒེ་སྒྲུབ་པ་ལ་བར་ཆད་བྱེད་པའི་གདོན་བགེགས་ཀྱི་རིགས་སུ་གྱུར་པ་རྣམས་ལ་མཆོད་དོ། །འབུལ་ལོ། །སྦྱིན་ནོ། །བསྔོའོ། གཏད་མནན་འཕང་སྲེག་གི་ལས་འདི་བྱེད་པ་ལ། བར་ཆད་བྱེད་པའི་གདོན་བགེགས་རྣམས་ལ་མཆོད་དོ། །འབུལ་ལོ། །སྦྱིན་ནོ། །བསྔོའོ།། ༈ ནད་པ་རྨིའི་ནད་བདག་ཕོ་མོ་རྣམས་ལ་མཆོད་དོ། །འབུལ་ལོ། །སྦྱིན་ནོ། །བསྔོའོ།། ༈ །བྱིས་སྦའི་གདོན་ཆེན་བཅོ་ལྔ་ཆུང་འདྲེ་ཆུང་སྲི་ཕོ་མོ་རྣམས་ལ་མཆོད་དོ། །འབུལ་ལོ། །སྦྱིན་ནོ། །བསྔོའོ།། ༈ ཞིང་གི་ལོ་འདྲེ་ལོ་སྲི་བཙའ་སད་སེར་གསུམ་འབུ་སྲིན་ཡི་དྭགས་ཕོ་མོ་རྣམས་ལ་མཆོད་


CMR039_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །འབུལ་ལོ། །སྦྱིན་ནོ། །བསྔོའོ།། ༈ རྟ་ནོར་ལུག་གསུམ་གྱི་གོད་འདྲེ་གོད་སྲི་ཕོ་མོ་རྣམས་ལ་མཆོད་དོ། །འབུལ་ལོ། །སྦྱིན་ནོ། །བསྔོའོ། ༈ མི་ཡི་ལྟོགས་འགོངས་བསེ་རག་དམ་སྲི་རྣམས་ལ་མཆོད་དོ། །འབུལ་ལོ། །སྦྱིན་ནོ། །བསྔོའོ།། ༈ རྒྱལ་འགོང་ཐེའུ་རང་གཟའ་ཀླུ་ཡི་གདོན་ཕོ་མོ་རྣམས་ལ་མཆོད་དོ། །འབུལ་ལོ། །སྦྱིན་ནོ། །བསྔོའོ། ༈ ཁྱིམ་གྱི་ཕུང་འདྲེ་སྲིས་རྐུན་རྣམས་ལ་མཆོད་དོ། །འབུལ་ལོ། །སྦྱིན་ནོ། །བསྔོའོ། ༈ སྒྱུ་མའི་ལུས་ལ་སྲོག་ཆགས་ཟ་བྱེད་རྣམས་ལ་མཆོད་དོ། །འབུལ་ལོ། །སྦྱིན་ནོ། །བསྔོའོ། ༈ ལམ་འཕྲང་གྲུ་གཟིངས་ལ་འགྲོ་བར་དགགས་པའི་བགེགས་རྣམས་ལ་མཆོད་དོ། །འབུལ་ལོ། །སྦྱིན་ནོ། །བསྔོའོ། ༈ བུད་མེད་སྦྲུམ་མའི་ལུས་ལ་ཆུང་སྲི་ཞུགས་པ་རྣམས་ལ་མཆོད་དོ། །འབུལ་ལོ། །སྦྱིན་ནོ། །བསྔོའོ།། ༈ ཞེས་གང་དགོས་རྣམས་དེ་ལྟ་བུའོ། །མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་ཟད་པ་མེད་པ་འདི་སྦྱིན་ནོ། །བསྔོའོ། །འབུལ་ལོ། ལན་ཆགས་དང་བྲལ། བུ་ལོན་སོད། ཤ་འཁོན་བྱང་བར་གྱུར་ཅིག །ཚེ་སྔ་མའི་ལན་ཆགས་


CMR039_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུས་ད་ལྟའི་ལན་ཆགས་པ། དབྱིག་གསེར་དངུལ་གྱི་ལན་ཆགས་པ། འབྲུ་བང་མཛོད་ཀྱི་ལན་ཆགས་པ། རྟ་གླང་པོའི་ལན་ཆགས་པ། གྲོགས་ཁྱིམ་ཐབས་ཀྱི་ལན་ཆགས་པ༔ བཟང་དར་ཟབ་ཀྱི་ལན་ཆགས་པ། གནས་ཞིང་ཁང་གི་ལན་ཆགས་པ། ར་བ་དཀོར་ནོར་གྱི་ལན་ཆགས་པ། བསད་པས་ཚེ་ཐུང་བའི་ལན་ཆགས་པ། བརྡུངས་བས་ནད་མང་བའི་ལན་ཆགས་པ། འཕྲོག་པས་ནོར་དབུལ་བའི་ལན་ཆགས་པ། བྲན་དུ་བཀོལ་བ་ཞོ་བཞོས་པ་ཁལ་དུ་བཀལ་བ་ཞོན་པ་རྨོས་པ་སྤུ་བལ་བ་ཁྲག་ཕྱུངས་བ་ལ་སོགས་པའི་བུ་ལོན་དང་ལན་ཆགས་སུ་གྱུར་པའི་རིགས་རྣམས་ཐམས་ཅད་འདོད་ཡོན་ཟད་མི་ཤེས་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །བུ་ལོན་དང་ལན་ཚོགས་སྐད་ཅིག་ཉིད་ལ་དག་ནས་བཟུང་བ་ཐོངས་བཅིངས་བ་ཁྲོལ། བསྡམས་པ་གློད་མནན་པ་ཁྱོག ད་ཕྱིན་ཆད་རྗེ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་མ་བྱེད་པར་འགལ་རྐྱེན་བར་ཆད་ཞི་བ་དང་ཕ་རོལ་གྱི་བྱད་མ་རྦོད་གཏོང་ཐམས་ཅད་བཟློག་པ་དང་། དུས་མ་ཡིན་པའི་འཆི་བ་ལས་ཐར་བར་མཛད་དུ་གསོལ། དེ་ནས་མཇུག་ཏུ་ཆངས་བུ་བརྒྱ་བཞག་ལ་འབྲུ་སྣ་ཚོགས་རེ་རེ་བཞིན་གླུད་དང་


CMR039_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཆངས་བུ་འདི་ཁྱེར་ལ་ཟེར་བའི་ཚིག་མཚམས་སུ་བརྫང་བར་བྱའོ། །ཧཱུྃ། སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད། །ད་ལྟ་རྣལ་འབྱོར་བདག་ཅག་གླུད། །ཤ་ཡི་གླུད་འདི་ས་ལ་གཏོང། །ས་ལ་གནས་པའི་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། རླུང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རུས་པའི་གླུད་འདི་བྲག་ལ་གཏོང་། །བྲག་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་སྐབྱེད་ཅིག །རྩ་རྒྱུས་གླུད་འདི་ཤིང་ལ་གཏོང་། །ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ལྤགས་པའི་


CMR039_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་འདི་ཐང་ལ་གཏོང་། །ཐང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སེམས་ཉིད་གླུད་འདི་མཁའ་ལ་གཏོང། །མཁའ་ལ་གནས་པའི་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །གཞན་གྱི་བྱད་ཁ་ཕུར་ཁ་དང་། །ཟོར་ཁ་མནན་པ་ལ་སོགས་ཟློག །སྐག་དང་སྲི་ངན་ཐམས་ཅད་དང་། །གནོད་བྱེད་ཐམས་ཅད་བཟློག་ཏུ་གསོལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །སོགས་བརྗོད། ནད་པ་ཡིན་ན་སྐབས་འདིར་ནད་སྤོ་བ་ནི། ངར་གླུད་རྩར་འདུག་བཅོལ། མདའ་དར་དཀར་པོ་རྡོ་རྗེ་ཕྲེང་བ་རྨ་བྱའི་མདོངས་རང་གིས་བཟུང་ལ་གཡབ་ཅིང་། རང་ཉིད་ཡི་དམ་གྱི་ཐུགས་ཀ་དང་བ་སྤུ་ཕྱག་མཚན་རྣམས་ལས་འོད་ཟེར་སྣ་ལྔ་འཕྲོས་པས། ནད་པའི་ནད་གདོན་ཐམས་ཅད་འོད་ནག་པོའི་ཚུལ་དུ་བུད་ནས། ངར་གླད་ལ་བསྟིམ་བསྟིམ་ཐིམ་པའི་མོས་པ་མཛོད། ནད་པ་ལ་དེ་ལྟར་བསྐྱེད་བཅོལ། །རང་གིས་ཀྱང་བསྒོམ། ཡི་དམ་གྱི་སྔགས་ཤམ་དུ། ཨོཾ་ཕུ་ལེ་ཕུ་ལེ་ཕུད་ཕུད། ཧ་ལ་ཧ་ལ་ཕུད་ཕུད། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་ཕུད་ཕུད་སྭཱ་ཧཱ༔ པུཎྚི་ཀུ་རུ་ཡེ་ཕུད་


CMR039_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད་སྭཱ་ཧཱ༔ ཝ་ཤང་ཀུ་རུ་ཡེ་ཕུད་ཕུད་སྭཱ་ཧཱ༔ མཱ་ར་ཡ་ཀུ་རུ་ཡེ་ཕུད་ཕུད་སྭཱ་ཧ་ཉེར་གཅིག་ལས་མི་ཉུང་བར་ཅི་འགྲུབ་བཟླས། དེ་ནས་ཁབ་ལག་ཏུ་ཐོགས་ལ། བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཡ་ཀི་སྐུ་ཡི་ཕྱིར་ཟུར་ནས། །རྐང་པའི་སེན་སྣེ་ཡན་ཆད་ཀྱི། །ནད་དང་གྲིབ་དང་གདོན་བགེགས་རྣམས། །སྐུ་གླུད་ངར་མི་ཁྱོད་ལ་སྤྲོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །འོན་ཞིང་འཐིབ་པ་རྣ་བའི་ནད། །ཚ་ཞིང་བྱི་བ་སྐུ་ཡི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །གཟེར་ཞིང་ཁོལ་བ་ཀླད་པའི་ནད། །ལོང་ཞིང་འགྲིབ་པ་མིག་གི་ནད། །སྐུ་གླུད་དུར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །འཚུབས་ཤིང་འཚང་བ་སྣ་ཡི་ནད། །རེག་པར་བྱེད་པ་ལྕེ་ཡི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤྲོ། །རྒྱུནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །འགགས་པར་བྱེད་པ་མགུལ་པའི་ནད། །རིམས་ནད་ཁྲག་ནད་མ་མོའི་ནད། །སྐུ་གླུད་ངར་མི་ཁྱོད་


CMR039_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །ཞ་ཞིང་འཁུམ་པ་རྐང་པའི་ནད། །ན་ཞིང་སྒྲུང་པ་གཉན་གྱི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །དམྱ་ཞིང་མྱོས་པ་འབྱུང་པོའི་ནད། །འཕྱོ་ཞིང་མྱོས་པ་གཡོ་སྒྱུའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །གཟུགས་ཀྱི་ཕུང་པོ་སྐུ་ཡི་ནད། །ལུས་ཀྱི་ཕུང་པོའི་ཚ་གྲང་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤྲོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །བཀྲག་གསལ་མདོང་པ་སྤྱན་གྱི་ནད། །མྱོས་ཞིང་བྱིང་བ་འབྱུང་བའི་ནད། །སྐུ་་གླུད་ངར་མི་ཁྱོད་ལ་སྤྲོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །ཁོང་ཁྲག་དམར་པོ་རྩ་ཡི་ནད། །གཡེང་ཞིང་རིང་བ་གཞུང་པའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །རྒྱས་ཤིང་སྦོས་པ་ཕོ་བའི་ནད། །ལུ་ཞིང་བརྒྱལ་བ་གློ་བའི་


CMR039_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ནད། །གཟེར་ཞིང་མཁུན་པ་མཆིན་པའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །སྨྱོ་ཞིང་བརྒྱལ་བ་སྙིང་གི་ནད། །ལྐུགས་ཤིང་རིང་བ་སྲོག་རྩའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །ཤ་སེར་མིག་སེར་མཁྲིས་པའི་ནད། །ཞ་ཞིང་གྲུམ་པ་མཁལ་མའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤྲོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །བཤལ་ཞིང་འཁྲུ་བ་རྒྱུ་མའི་ནད། །འཁྲོག་ཅིང་སྦོས་པ་ལོང་མཚེར་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤྲོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །གཟེར་ཞིང་འཕོ་བ་རྩ་ཡི་ནད། །ནད་རིགས་སུམ་བརྒྱ་དྲུག་ཅུའི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །སྤྱི་བོ་ཀླད་པའི་རྒྱ་སྲུབ་ནད། །སྤྱན་མིག་གཡས་གཡོན་སྣ་ཡི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤྲོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་


CMR039_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོང་། །རྣ་བ་གཡས་དང་གཡོན་པ་དང་། དུང་སོ་སུམ་ཅུ་ཀན་གྱི་ནད། །སྐུ་གླུད་ངར་མི་ཁྱོད་ལ་སྤྲོ། །ནད་ཀྱི་མདངས་ཕྱུངས་ཚེར་མ་དྲོངས། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང། །གླུད་བདག་ཆེན་པོས་གླུད་ལོངས་ཤིག །གྲིབ་བདག་ཆེན་པོས་གྲུབ་ལོངས་ཤིག །ཡས་བདག་ཆེན་པོས་ཡས་བཞེས་ཤིག །རྐྱེན་བདག་ཆེན་པོས་རྐྱེན་སོལ་ཅིག །ནད་བདག་ཆེན་པོས་ནད་སོལ་ཅིག །ཡམས་བདག་ཆེན་པོས་ཡམས་སོལ་ཅིག །མི་འདི་ཐོངས་ལ་ནད་འདི་ཁྱེར། །ཉི་མ་དེ་རིང་ཕྱིན་ཆད་ནས། །ཡོན་བདག་འདི་ལ་གནོད་མ་བྱེད། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །རིམས་ནད་ཡམས་ནད་གྲིབ་བདག་རྣམས། །གླུད་ཀྱི་གཏོར་མ་འདི་ལོངས་ལ། །དེ་བཞིན་གཤེགས་པའི་བཀའ་ལ་ཉོན། །གལ་ཏེ་བཀའ་ལ་མི་ཉན་ན། །ཤིན་ཏུ་སྟོབས་ཆེན་གཟི་བརྗིད་ཆེ། །སྨེ་བ་བརྩེགས་པ་ཁྲོས་ནས་ནི། །ཕྱག་མཚན་རྡོ་རྗེ་འབར་བ་ཡིས། །ལུས་ནི་དུམ་བུ་སྟོང་དུ་བཏང་། །མགོ་ནི་ཚལ་པ་བརྒྱ་རུ་འགས། །སེམས་ནི་རྡོ་རྗེ་དམྱལ་བར་ལྟུང་། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །དེ་བས་གྲིབ་བདག་གྲིབ་སོལ་


CMR039_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ནད་བདག་རྣམས་ཀྱིས་ནད་སོལ་ཅིག །ཡམས་བདག་རྣམས་ཀྱིས་ཡམས་སོལ་ཅིག །རྐྱེན་བདག་རྣམས་ཀྱིས་རྐྱེན་སོལ་ཅིག །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །ཨོཾ་ཨརྩི་མར་ཙི་བྷཆུ་ཞེས་སོགས། གཏོར་མ་ཁ་ཕྱིར་བསྒྱུར་ལ། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་མོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་དང་། །ལྗོན་ཤིང་གེལ་པ་ལ་སོགས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་དང་། །འབྲས་ཆེན་འབྲས་བུ་མང་པོ་ཡི། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་སེམས། །དེ་རིང་ཕན་ཆད་བསྐྱེད་པར་བགྱི། །ཞེས་དང་། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་དོན་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤང་བ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེ་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་


CMR039_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་པགནོད་བྱེད་པའི། །ནད་དེ་ཉེ་བར་ཕྱུངས་ནས་སུ། །གདོན་ཁྱོད་རང་གི་གནས་སུ་སོང་། །དེ་ལྟར་བདག་གིས་ཅི་ནུས་སུ། །མཆོད་ཅིང་བསྙེན་བཀུར་བྱས་པ་ཡི། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གི་རེ་བ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ནས། །འདིར་ནི་སྦྱིན་པའི་བདག་པོ་ཡི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་དེ་རང་གི་གནས་སུ་སོང་། །ཨོཾ་སརྦ་བྷིགྷ་ནཱན་གཙྪ། ཨོཾ་སུམ་བྷ་ནི་སོགས་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད་པར་བྱའོ། །གུ་གུལ་བདུག །སྲུང་འཁོར་བསྒོམ། ཐམས་ཅད་སྒྱུ་མ་ལྟ་བུའི་ངང་ལ་བཞག །ནད་པ་མིན་ན་ནད་སྤྱི་དེ་བསྒྱུར། མིའི་རིམ་གྲོ་མིན་ན་ཡི་གེ་གཞན་རྣམས་འདོན། སེར་བརྒྱབ་པ་དེ་བསྐྱུར་བས་འཐུས་སོ། ཀུན་ཁྱབ་ཀློང་ཡངས་ངང་ནས་མ་གཡོས་བཞིན། །རྟ་བདུན་དཀྱིལ་འཁོར་ཚ་ཟེར་ཕྱོགས་བཅུར་འཕྲོས། ཉོན་མོངས་འོད་སྐེམ་སྒྲིབ་ཚོགས་རླན་དང་བྲལ། །ཚད་ནད་ཅན་ལ་བསིལ་སྨན་འཕྲོད་དང་འདྲ། །ཡང་དག་ཆོ་ག་འདི་ནི་ཤིན་ཏུ་དགེ །ལེགས་ན་འཕགས་པའི་ཚོགས་ལ་མཆོད་པ་འབུལ། །ཉེས་ན་སྣང་སྲིད་མགྲོན་ལ་བཟོད་པར་གསོལ། །འགྲོ་བར་བདེ་ལེགས་ཆོས་ཀྱི་སྦྱིན་པར་ཤོག །ཅེས་པ་ཨ་རཱ་གས་བཀོད་པ་ཡི་གེ་པ་ནི་དགེ་སློང་བཱིརྱ་སྟེ། ཉེས་འགལ་མཆིས་ན་ཡི་དམ་ལྷ་


CMR039_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཤགས། །མངྒ་ལཾ།། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རྭ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཀའ་གཏེར་གཉིས་ནས་བསྡེབས་པའི་གླུད་གཏོར་ལན་ཆགས་བརྒྱ་བསྔོ།no next