Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་བཅོས་ལས། སྙིང་གི་གཏེར་སྦས་རིན་ཆེན་བང་མཛོད་བཀྲ་ཤིས་དོན་གྲུབ།
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousས་བདག་དབང་ཆེན་སྟོང་གསུམ་འཁྲུགས་བཅོས་ལས། སྙིང་གི་གཏེར་སྦས་རིན་ཆེན་བང་མཛོད་བཀྲ་ཤིས་དོན་གྲུབ།next

ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་བཅོས་ལས། སྙིང་གི་གཏེར་སྦས་རིན་ཆེན་བང་མཛོད་བཀྲ་ཤིས་དོན་གྲུབ།


CMR040_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་བཅོས་ལས། སྙིང་གི་གཏེར་སྦས་རིན་ཆེན་བང་མཛོད་བཀྲ་ཤིས་དོན་གྲུབ་བཞུགས་སོ།།


CMR040_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འགྲོ་ལ་ཕན་ཕྱིར་རིན་ཆེན་གཏེར་སྦས་འདི། །དབུལ་ཕོངས་རྨོངས་པ་སེལ་ཕྱིར་འཇམ་དབྱངས་ཀྱིས། །ས་སྐྱོང་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ། །སྙིང་གི་དྭངས་མ་བདུད་རྩིའི་བུམ་པ་བསྟན། །ཕྱི་ནང་གནོད་སྦྱིན་ཀླུ་དང་གཞི་བདག་གཉན། །གསས་མཁར་གསར་རྙིང་གང་ལ་ཅི་དགོས་བཏག །ས་བདག་ཀླུ་གཉན་རྣམས་ལ་གཏེར་སྦས་པས། །འདི་ཡི་བཅའ་ཀ་བྱ་བ་འདི་ལྟར་རོ། །རིན་ཆེན་བུམ་པ་སྦ་སྨྱུག་ཤིང་ཤུན་དང་། །ནང་དུ་གསེར་དངུལ་མུ་མེན་བྱུ་རུ་ཤེལ། །གཟི་མཆོང་མུ་ཏིག་དུང་དང་སྙིང་ཞོ་ཤ །མཁལ་མ་གླ་གོར་ཞོ་ཤ་དབང་ལག་དང་། །ཆུ་སྲིན་སྡེར་མོ་ཀླུ་སྨན་བཟང་པོ་དྲུག །དཀར་གསུམ་མངར་གསུམ་དར་སྣ་འཛོམ་པར་བྱས། །རི་བོང་སྙིང་


CMR040_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིན་པོ་ཆེ་ཡི་རིགས། །མཚོ་འམ་རི་བཟང་ཆུ་སྣ་བཟང་པོ་རུ། །གསས་མཁར་ས་མིག་བཟང་པོའི་ནང་རྫོངས་བྱས། ༈ །འཇམ་དབྱངས་ས་སྙིང་ཉེ་སྲས་སྙིང་པོ་ས་བདག་ཀླུ་གཉན་གཞི་བདག་རྣམས་ཀྱི་གཟུངས། །རྫས་རྟགས་བཀྲ་ཤིས་སྙིང་པོ་རྣམས་བྲིས་ལ་བཅུག །གཞུང་དང་མཐུན་པར་ས་མིག་བཟང་པོ་རུ། །ཁྲོ་བོའི་བགེགས་བསྐྲད་བསང་དང་ཆབ་གཏོར་བྱ། །དེ་ནས་སྙན་པའི་དབྱངས་ཀྱིས་འདི་སྐད་དོ། ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །རིན་པོ་ཆེ་ཡི་ཡར་སྟེང་དུ། །ཨ་མོ་ལི་ཀའི་རྡོ་ལེབ་སྟེང་། །རྣམ་པར་རྒྱལ་བའི་ཁང་བཟང་དུ། །རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །རུས་སྦལ་ཆེན་པོའི་ལྟོ་བ་རུ། །རིན་པོ་ཆེ་ཡི་གཏེར་སྦས་


CMR040_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པས། །གཏེར་བདག་ཆེན་པོ་སྤྱན་འདྲེན་ནོ། །དབུས་ཕྱོགས་པདྨའི་གདན་སྟེང་ནས། །མཁྱེན་རབ་བདག་པོ་འཇམ་དཔལ་དབྱངས། །གསེར་གྱི་མདོག་ཅན་སྤྱན་འདྲེན་ནོ། །རིན་ཆེན་སྣ་ལྔའི་གཏེར་ལ་བཞུགས། །སྐུ་ཡི་རྟེན་དང་གནས་མཛོད་ལ། །དེ་ཡི་བཀའ་ཉན་བརྟན་སྐྱོང་མ། །ས་ཡི་ལྷ་མོ་བརྟན་མ་ཡུམ། །ས་འཛིན་ལག་པ་སྲས་འཁོར་བཅས། །ཡབ་ཡུམ་སྲས་དང་བཀའ་བློན་བཅས། །གཏེར་ཆེན་འདི་ལ་སྤྱན་འདྲེན་ནོ། །དད་པའི་ཚུལ་གྱིས་གཤེགས་སུ་གསོལ། །རིན་ཆེན་སྣ་ལྔའི་གཏེར་སྦས་པས། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །ནམ་ཟླ་དུས་བཞི་མངའ་མཛད་པ། །འབྱུང་བ་བཞི་ཡི་རྒྱལ་མོ་བཞི། །སོ་སོར་རང་རང་འཁོར་བཅས་རྣམས། །གཏེར་ཆེན་འདི་ལ་སྤྱན་འདྲེན་ནོ། །དད་པའི་ཚུལ་གྱིས་གཤེགས་སུ་གསོལ། །རིན་ཆེན་སྣ་ལྔའི་གཏེར་སྦས་པས། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །སྨེ་བ་དགུ་ཡི་ལྷ་རྣམས་དང་། །སྤར་ཁ་བརྒྱད་ཀྱི་ལྷ་རྣམས་དང་། །ལོ་སྐོར་བཅུ་གཉིས་ས་བདག་དང་། །ལྷ་ཀླུ་གཉན་དང་གཟའ་ཆེན་བརྒྱད། །ཐེ་སེ་ལ་སོགས་ལོ་སྐོར་བཅས། །འབྲུག་རྗེ་ལ་སོགས་ཟླ་འཁོར་


CMR040_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །གསེར་མཛོད་གཡུ་མཛོད་ལ་སོགས་པ། །ཞག་དང་དུས་ཚོད་འཛིན་པ་ཡི། །ས་བདག་གདུག་པ་ཅན་རྣམས་དང་། །ཡུལ་ལྷ་གཞི་བདག་ཐམས་ཅད་དང་། །བར་སྣང་ཁམས་གསུམ་འགྲིམས་པ་ཡི། །སྣང་སྲིད་ལྷ་འདྲེ་མཐུ་བོ་ཆེ། །གཏེར་ཆེན་འདི་ལ་སྤྱན་འདྲེན་ནོ། །དད་པའི་ཚུལ་གྱིས་གཤེགས་སུ་གསོལ། །རིན་ཆེན་སྣ་ལྔའི་གཏེར་སྦས་པས། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །རྣམ་པར་རྒྱལ་བའི་ཁང་བཟང་དབུས། །ཨ་མོ་ལི་ཀའི་རྡོ་ལེབ་སྟེང་། །རིན་ཆེན་སྣ་ཚོགས་གཏེར་སྦས་པས། །ལྷ་རྣམས་གཟི་བརྗིད་མདངས་དང་ལྡན། །ལྷ་རྣམས་བཀྲ་ཤིས་དོན་ཀུན་གྲུབ། །ཡོན་བདག་བཀྲ་ཤིས་ཕུན་སུམ་ཚོགས། །འོག་ཕྱོགས་རྒྱ་མཚོ་འཁྱིལ་པའི་དབུས། །མ་གྲོས་མཚོ་ཡི་ཀློང་དཀྱིལ་ནས། །ཀླུ་ཡི་རྒྱལ་པོ་འཁོར་བཅས་ལ། །རིན་ཆེན་སྣ་ཚོགས་གཏེར་ཆེན་འབུལ། །གཏེར་ཆེན་འདི་ལ་སྤྱན་འདྲེན་ནོ། །དད་པའི་ཚུལ་གྱིས་གཤེགས་སུ་གསོལ། །རིན་ཆེན་སྣ་ལྔའི་གཏེར་སྦས་པས། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །རིན་ཆེན་སྣ་ལྔའི་གཏེར་ཆེན་འབུལ། །ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག །


CMR040_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ཡི་འཕེལ་གཡང་དངོས་གྲུབ་སྩོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཀླུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ས་བདག་གདུག་པའི་དབལ་ཟེར་དང་། །མི་ནད་ཕྱུགས་ནད་སྣ་ཚོགས་དང་། །ཞིང་གི་བཙའ་སད་སེར་གསུམ་དང་། །དལ་ཡམས་གཡུལ་འཁྲུགས་ལང་བ་སོགས། །ལྷ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡིས། །རྒྱལ་པོ་གྱིམ་ཤིང་དོན་ཆེད་དུ། །རིན་ཆེན་སྣ་ཚོགས་གཏེར་ཆེན་སྦས། །གཏེར་བདག་ཆེན་པོ་སྤྱན་འདྲེན་ནོ། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །དེ་ལྟར་རྒྱལ་པོ་གྱིམ་ཤིང་བདེ་སྐྱིད་ལྡན། །ནག་པོ་རྒྱ་ཡི་འཕེལ་གཡང་ལེན། །བསོད་ནམས་དཔལ་འབྱོར་དར་རྒྱས་འབྱུང་། །སྔོན་ཚེ་སྲིད་པའི་དཔེ་བཞིན་དུ། །དེ་རིང་རྣལ་འབྱོར་བདག་ཅག་ལ། །ཡིད་བཞིན་དངོས་གྲུབ་འཕེལ་གཡང་སྩོལ། །དེ་རིང་རྣལ་འབྱོར་བདག་ཅག་གི །ལོ་སྐག་ཟླ་སྐག་བཟློག་པ་དང་། །མོ་ངན་ལྟས་ངན་བསྒྱུར་བ་དང་། །གཞི་བདག་རྟེན་ལ་དགྱེས་པ་དང་། །ཀླུ་རྣམས་མཉེས་ཕྱིར་གཏེར་འདི་འབུལ། །བུ་ནོར་དབང་ཐང་འཕེལ་བའི་ཕྱིར། །རིན་ཆེན་སྣ་ཚོགས་གཏེར་ཆེན་འབུལ། །སྐུ་ཡི་རྟེན་


CMR040_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནས་མཛོད་ཅིག །ཞག་དང་དུས་ཚོད་འཛིན་པ་དང་། །ཀླུ་དང་ས་བདག་གཉན་རྣམས་དང་། །ནོར་ལྷ་གཏེར་བདག་ཐམས་ཅད་དང་། །ཡུལ་ལྷ་གཞི་བདག་ཐམས་ཅད་དང་། །སྔགས་འཆང་བདག་ཅག་འཁོར་བཅས་ལ། །མགོན་སྐྱབས་ཕན་འདོགས་བྱེད་པ་རྣམས། །རིན་ཆེན་གཏེར་ལ་སྤྱན་འདྲེན་ནོ། །དད་པའི་ཚུལ་གྱིས་གཤེགས་སུ་གསོལ། །རིན་ཆེན་སྣ་ཚོགས་གཏེར་སྦས་པས། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །ས་གཞི་འདི་ལ་གནས་པ་ཡི། །གཞི་བདག་གནས་བདག་ཀླུ་གཉན་ལ། །རྟེན་བཙུགས་རྟེན་བཅའ་མཆོད་པ་འབུལ། །ཕྱག་འཚལ་བསྟོད་དོ་དབུ་འཕང་བསྟོད། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །འབྲུ་དྲུག་ནས་ཀྱི་གཏེར་སྦས་པས། །མི་འབྲུ་ནས་བས་འཕེལ་བར་ཤོག །རིན་ཆེན་གསེར་གྱི་གཏེར་སྦས་པས། །མི་རྒྱུད་གསེར་བས་བཟང་བར་ཤོག །རིན་ཆེན་གཡུ་ཡི་གཏེར་སྦས་པས། །མི་བཀྲ་གཡུ་བས་བཀྲ་བར་ཤོག །རིན་ཆེན་དུང་གི་གཏེར་སྦས་པས། །ལྷ་ཞལ་དུང་བས་དཀར་བར་ཤོག །རྩི་བཅུད་མར་གྱི་གཏེར་སྦས་པས། །མི་སྣུམ་མར་བས་སྣུམ་པར་ཤོག །རིན་ཆེན་ཟངས་ལྕགས་འདི་


CMR040_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བས། །མི་སྲོག་ལྕགས་བས་སྲ་བར་ཤོག །བཙན་ཕྱུག་འཕེན་དར་འཛོམ་པར་ཤོག །བསྟན་པའི་བཀྲ་ཤིས་བདེ་ལེགས་ཤོག །ཅེས་པ་གཏེར་སྦས་རིན་ཆེན་བང་མཛོད་འདི། །འཕགས་པ་འཇམ་དཔལ་གྱིས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་གདམས་པའོ། །ཀོང་ཙེ་འཕྲུལ་རྒྱལ་གྱིས་གྱིམ་ཤིང་པའི་དོན་དུ་མཛད་པ་བདེ་སྐྱིད་དང་ལྡན་པ་འབྱུང་ངོ་། །ཨ་རཱ་གས་ས་བདག་དབང་ཆེན་འཁྲུགས་བཅོས་སུ་བཞག་པའོ། །སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousས་བདག་དབང་ཆེན་སྟོང་གསུམ་འཁྲུགས་བཅོས་ལས། སྙིང་གི་གཏེར་སྦས་རིན་ཆེན་བང་མཛོད་བཀྲ་ཤིས་དོན་གྲུབ།next