Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་པ་ཡོ་བཅོས་ལས་དུར་ཁ་རྒྱས་འདེབས་གསལ་བའི་སྒྲོན་མེ།
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousས་བདག་དབང་ཆེན་སྟོང་གསུམ་འཁྲུགས་པ་ཡོ་བཅོས་ལས་དུར་ཁ་རྒྱས་འདེབས་གསལ་བའི་སྒྲོན་མེ།next

ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་པ་ཡོ་བཅོས་ལས་དུར་ཁ་རྒྱས་འདེབས་གསལ་བའི་སྒྲོན་མེ།


CMR040_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་པ་ཡོ་བཅོས་ལས་དུར་ཁ་རྒྱས་འདེབས་གསལ་བའི་སྒྲོན་མེ་བཞུགས་སོ། །


CMR040_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བཀའ་འདི་ནི་དུར་ཁ་རྒྱས་འདེབས་ལགས་སོ།། ཀྱཻ། དང་པོ་ཡེ་མེད་སྟོང་པ་ལས། འཕགས་པ་འཇམ་དཔལ་ཐུགས་རྗེ་དང་། །སེམས་ཅན་ལས་ཀྱི་སྤྱི་མཐུན་ལས། །མ་ཧཱ་གསེར་གྱི་རུས་སྦལ་སྲིད། །མ་ཧཱ་གསེར་གྱི་རུས་སྦལ་ལས། །འབྱུང་བ་རྣམ་པ་ལྔ་རུ་ཆགས། །འབྱུང་བའི་དྭངས་མ་རླུང་དུ་སྲིད། །རླུང་ལས་རླུང་ཆགས་འབྱུང་བའི་རྒྱུ། །མེ་ཆུ་ས་རླུང་རྣམ་པ་ལྔ། །ཁད་དང་རིམ་གྱིས་ཆགས་པ་ལས། །འབྱུང་བའི་དྭངས་མ་ནམ་མཁའ་ཆགས། །མ་ཧཱ་གསེར་གྱི་རུས་སྦལ་འདི། །མ་ཞེས་བྱ་བར་


CMR040_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་པ་ནི། །སྐྱེ་འགྲོ་མ་ལྟར་གསོ་བ་ཡིན། །ཧཱ་ཞེས་བྱ་བར་སྨོས་པ་ནི། །ཐམས་ཅད་ཀུན་ལ་ཁྱབ་པ་ཡིན། །ཁ་དོག་གསེར་ལྟར་སྣང་བ་ནི། །དོན་ལ་འགྱུར་བ་མེད་པ་ཡིན། །རུས་ཞེས་བྱ་བར་སྨོས་པ་ནི། །ཡང་དག་དོན་ལ་རུས་པ་ཡིན། །སྦལ་ཞེས་བྱ་བར་སྨོས་པ་ནི། །ཆོས་ཉིད་དོན་ལ་སྦལ་བ་ཡིན། །རྒྱ་མཚོའི་ནང་དུ་འདུག་པ་ནི། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །འཁོར་བ་མཐའ་ནས་སྒྲོལ་བ་ཡིན། །མ་ཧཱ་གསེར་གྱི་རུས་སྦལ་ཆེ། །དེ་ཡི་གདུང་རྒྱབ་དཀར་པོ་ལས། །ཕ་ཁེན་པ་རྒན་བུ་གནམ་དུ་སྲིད། །སྐུ་ནི་ལྕགས་


CMR040_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སྔོན་པོ་ལ། །ཉི་ཟླ་གཟའ་སྐར་རྒྱན་དུ་བྱས། །ལྷོ་སྤྲིན་ཕྱུག་མོ་གོས་སུ་གྱོན། །ཆིབས་སུ་གནམ་ཁྱི་ནག་པོ་ཆིབས། །གནམ་ལྕགས་རལ་གྲི་ལག་ན་ཐོགས། །འཁོར་དུ་རྒྱལ་བདུད་བསེན་མོས་བསྐོར། །ཁྱོད་ལ་མཐུན་པའི་ཡས་འབུལ་བས། །ཁེན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །མ་ཧཱ་གསེར་གྱི་རུས་སྦལ་གྱི། །ལྟོ་བ་ཁ་དོག་སེར་པོ་ལས། །ཁོན་མ་རྒན་མོ་ས་རུ་སྲིད། །སྐུ་ནི་གསེར་མདོག་སེར་པོ་ལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །གསེར་སླག་སེར་པོ་སྐུ་ལ་གསོལ། །ཆིབས་སུ་ས་མོ་ལུག་ལ་ཆིབས། །ཕྱག་ན་གསེར་གྱི་ཐག་ཟངས་ཐོགས། །འཁོར་དུ་ས་བདག་ས་སྲིན་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །ཁོན་གྱི་དུར་ཁ་རྒྱས་ཐོབ་ཅིག ཤི་ཁ་ཆོད་ལ་རལ་ཁ་དྲུབ། །གནམ་ས་རྫུ་འཕྲུལ་བསྡེབས་པ་ལས། །བུ་ཚ་མིང་སྲིང་བཞི་རུ་སྲིད། །བུ་ཆེན་གིན་རི་ས་བདག་སྒོམ་ཆེན་ཡིན། །སྐུ་ནི་གསེར་གྱི་འོད་ལྟར་མཛེས། །ན་བཟའ་རྒྱ་བེར་སྔོན་པོ་གསོལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཆིབས་སུ་གླང་བུ་ཁམ་པ་ཆིབས། །ལག་ན་དངུལ་གྱི་འགྱིང་དཀར་ཐོགས། །ཐེའུ་


CMR040_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རང་ས་བདག་འཁོར་གྱིས་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །གིན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བུ་གཉིས་ནུ་བོ་ཆུང་བ་དེ། །དྭ་ཞེས་བྱ་བ་ལྕགས་ཀྱི་བུ། །ལྕགས་ཀྱི་མི་ཕོ་ནག་པོ་ལ། །སྐུ་ལ་ལྕགས་ཁྲབ་སྔོན་པོ་གསོལ། །ལག་ན་གནམ་ལྕགས་སྟ་རེ་ཐོགས། །ལྕགས་ཀྱི་སྲིན་བུས་ལུས་ལ་ཁྱབ། །ཆིབས་སུ་ལྕགས་ཀྱི་བྱ་ཁྲ་ཆིབས། །འཁོར་དུ་བདུད་ཕོ་འབུམ་གྱིས་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །དྭ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བུ་མོ་གཉིས་ཀྱི་ཆེ་བ་དེ། །རླུང་གི་བུ་མོ་ཟོན་ཞེས་བྱ། །གཡུ་ཡི་བུད་མེད་སྔོན་མོ་ལ། །གཡུ་ཡི་གོ་ཟུ་ལུས་ལ་གྱོན། །ལག་ན་རླུང་གི་ཞགས་པ་ཐོགས་། །ཆིབས་སུ་འབྲུག་ཆེན་ལྡིར་བ་ཆིབས། །རླུང་ནག་འཚུབ་མས་ལུས་ལ་བརྒྱན། །འཁོར་དུ་ཀླུ་སྨན་འབུམ་གྱིས་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །ཟོན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བུ་མོ་གཉིས་ཀྱི་ཆུང་བ་དེ། །མེ་ཡི་བུ་མོ་ལི་ཞེས་བྱ། །ཟངས་གྱི་བུད་མེད་དམར་མོ་ལ། །ལུས་ལ་ཟངས་ཀྱི་གོ་ཟུ་གྱོན། །


CMR040_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཡི་འཕྲུ་ཏོག་མགོ་ལ་བཙུགས། །ལག་ན་ཟངས་ཀྱི་རལ་གྲི་ཐོགས། །ཆིབས་སུ་རྒོད་མ་དམར་ཞུར་ཆིབས། །ཟངས་ཀྱི་དྲྭ་བ་ཁལ་དུ་བཀལ། །འཁོར་དུ་བཙན་དམག་མང་པོས་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །ལི་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །གིན་ཟོན་གཉིས་པོ་བསྡེབས་པ་ལས། །མིང་སྲིང་གཉིས་སུ་སྲིད་པ་ནི། །ཆུ་ཡི་མི་ཕོ་ཁཾ་ཞེས་བྱ། །སོལ་བའི་མི་ཕོ་ནག་པོ་ལ། །ལུས་ལ་རེ་ལྡེ་ནག་པོ་གྱོན། །ཆིབས་སུ་དུར་ཕག་ནག་པོ་ཆིབས། །ལག་ན་ནད་ཀྱི་རྐྱལ་པ་ཐོགས། །འཁོར་དུ་ཆུ་བདུད་བྱེ་བས་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །ཁཾ་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །མིང་སྲིང་གཉིས་ཀྱི་ཆུང་བ་དེ། །ཤིང་གི་བུ་མོ་ཟིན་ཞེས་བྱ། །བུད་མེད་སྔོན་མོ་འཚང་བ་ལ། །བེར་ཆེན་སྔོ་ཁྲ་ལུས་ལ་གྱོན། །ས་སྟག་སེར་ཁྲ་ཆིབས་སུ་ཆིབས། །ལག་ན་ཐང་ཤིང་རྩེ་ཕྱུག་ཐོགས། །འཁོར་དུ་ཀླུ་སྲིན་བྱེ་བས་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །ཟིན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། ཤིང་ཕོ་བྱི་བ་ལོ་ཡི་མགོ །མེ་ཕོ་བྱི་བ་དེ་


CMR040_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བུ། །ས་ཕོ་བྱི་བ་དེ་ཡི་གྲོགས། །ལྕགས་ཕོ་བྱི་བ་དེ་ཡི་དགྲ། །ཆུ་ཕོ་བྱི་བ་དེ་ཡི་མ། །བྱང་སྨད་གནས་པའི་བྱི་བ་ལྔ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །བྱི་ལྔའི་དུར་ཁ་རྒྱུས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་མོ་གླང་ནི་ལོ་ཡི་ཕ། །མེ་མོ་གླང་ནི་དེ་ཡི་བུ། །ས་མོ་གླང་ནི་དེ་ཡི་གྲོགས། །ལྕགས་མོ་གླང་ནི་དེ་ཡི་དགྲ། །ཆུ་མོ་གླང་ནི་དེ་ཡི་མ། །བྱང་ཤར་མཚམས་ཀྱི་གླང་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གླང་གི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་ཕོ་སྟག་ནི་ལོ་ཡི་ཕ། །མེ་ཕོ་སྟག་ནི་དེ་ཡི་བུ། །ས་ཕོ་སྟག་ནི་དེ་ཡི་གྲོགས། །ལྕགས་ཕོ་སྟག་ནི་དེ་ཡི་དགྲ། །ཆུ་ཕོ་སྟག་ནི་དེ་ཡི་མ། །ཤར་སྟོད་གནས་པའི་སྟག་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །སྟག་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་མོ་ཡོས་ནི་དེ་ཡི་ཕ། །མེ་མོ་ཡོས་ནི་དེ་ཡི་བུ། །ས་མོ་ཡོས་ནི་དེ་ཡི་གྲོགས། །ལྕགས་མོ་ཡོས་ནི་དེ་ཡི་དགྲ། །ཆུ་མོ་ཡོས་ནི་དེ་ཡི་མ། །ཤར་སྨད་གནས་པའི་ཡོས་བུ་ལྔ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ཡོས་ལྔའི་


CMR040_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་ཕོ་འབྲུག་ནི་ལོ་ཡི་ཕ། །མེ་ཕོ་འབྲུག་ནི་དེ་ཡི་བུ། །ས་ཕོ་འབྲུག་ནི་དེ་ཡི་གྲོགས། །ལྕགས་ཕོ་འབྲུག་ནི་དེ་ཡི་དགྲ། །ཆུ་ཕོ་འབྲུག་ནི་དེ་ཡི་མ། །ཤར་ལྷོ་མཚམས་ཀྱི་འབྲུག་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །འབྲུག་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་མོ་སྦྲུལ་ནི་ལོ་ཡི་ཕོ། །མེ་མོ་སྦྲུལ་ནི་དེ་ཡི་བུ། །ས་མོ་སྦྲུལ་ནི་དེ་ཡི་གྲོགས། །ལྕགས་མོ་སྦྲུལ་ནི་དེ་ཡི་དགྲ། །ཆུ་མོ་སྦྲུལ་ནི་དེ་ཡི་མ། །ལྷོ་སྟོད་གནས་པའི་སྦྲུལ་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །སྦྲུལ་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་ཕོ་རྟ་ནི་ལོ་ཡི་ཕ། །མེ་ཕོ་རྟ་ནི་དེ་ཡི་བུ། །ས་ཕོ་རྟ་ནི་དེ་ཡི་གྲོགས། །ལྕགས་ཕོ་རྟ་ནི་དེ་ཡི་དགྲ། །ཆུ་ཕོ་རྟ་ནི་དེ་ཡི་མ། །ལྷོ་སྨད་གནས་པའི་རྟ་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་ལོ། །རྟ་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་མོ་ལུག་ནི་ལོ་ཡི་ཕ། །མེ་མོ་ལུག་ནི་དེ་ཡི་བུ། །ས་མོ་ལུག་ནི་དེ་ཡི་གྲོགས། །ལྕགས་མོ་ལུག་ནི་དེ་ཡི་དགྲ། །ཆུ་མོ་ལུག་ནི་དེ་


CMR040_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་མ། །ལྷོ་ནུབ་མཚམས་ཀྱི་ལུག་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ལུག་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་ཕོ་སྤྲེའུ་ལོ་ཡི་ཕ། །མེ་ཕོ་སྤྲེའུ་དེ་ཡི་བུ། །ས་ཕོ་སྤྲེའུ་དེ་ཡི་གྲོགས། །ལྕགས་ཕོ་སྤྲེའུ་དེ་ཡི་དགྲ། །ཆུ་ཕོ་སྤྲེའུ་དེ་ཡི་མ། །ནུབ་སྟོད་གནས་པའི་སྤྲེལ་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །སྤྲེལ་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་མོ་བྱ་ནི་ལོ་ཡི་ཕ། །མེ་མོ་བྱ་ནི་དེ་ཡི་བུ། །ས་མོ་བྱ་ནི་དེ་ཡི་གྲོགས། །ལྕགས་མོ་བྱ་ནི་དེ་ཡི་དགྲ། །ཆུ་མོ་བྱ་ནི་དེ་ཡི་མ། །ནུབ་སྨད་གནས་པའི་བྱ་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །བྱ་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་འ་དྲུབ། །ཤིང་ཕོ་ཁྱི་ནི་ལོ་ཡི་ཕ། །མེ་ཕོ་ཁྱི་ནི་དེ་ཡི་བུ། །ས་ཕོ་ཁྱི་ནི་དེ་ཡི་གྲོགས། །ལྕགས་ཕོ་ཁྱི་ནི་དེ་ཡི་དགྲ། །ཆུ་ཕོ་ཁྱི་ནི་དེ་ཡི་མ། །ནུབ་བྱང་མཚམས་ཀྱི་ཁྱི་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ཁྱི་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་མོ་ཕག་ནི་ལོ་ཡི་ཕ། །མེ་མོ་ཕག་ནི་དེ་ཡི་བུ། །ས་མོ་ཕག་


CMR040_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེ་ཡི་གྲོགས། །ལྕགས་མོ་ཕག་ནི་དེ་ཡི་དགྲ། །ཆུ་མོ་ཕག་ནི་དེ་ཡི་མ། །བྱང་སྟོད་གནས་པའི་ཕག་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ཕག་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། གཅིག་དཀར་ལྷ་ཡི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །ལྷ་མདེའུ་ཐུང་དཀར་པོ་བྱ་བ་ཡིན། །གཅིག་དཀར་དེ་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཅིག་དཀར་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །གཉིས་ནག་བདུད་ཀྱི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །བདུད་ཧལ་ཁྱི་ནག་པོ་བྱ་བ་ཡིན། །གཉིས་ནག་རོ་བག་དག་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཉིས་ནག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །སུམ་མཐིང་དམུ་ཡི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །དམུ་ཡི་བྱི་བ་ནག་པོ་ཡིན། །དེ་ནི་བཤས་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །སུམ་མཐིང་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བཞི་ལྗང་ཀླུ་ཡི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །ཀླུ་


CMR040_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བྱི་བ་སྔོན་པོ་བྱ་བ་ཡིན། །བྱི་ལོང་འཕྲུལ་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །བཞི་ལྗང་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ལྔ་སེར་རྒྱལ་པོའི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །རྒྱལ་པོ་གསེར་གྱི་བ་དན་ཅན། །དེ་ཡང་བཞོན་མ་རྣམས་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ལྔ་སེར་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་ར་ཁ་དྲུབ། །དྲུག་དཀར་སྨན་གྱི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །རྒྱ་མ་བསྐྱེད་པའི་ལྷ་ཡང་ཡིན། །དེ་ཡང་སྐྱས་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །དྲུག་དཀར་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བདུན་དམར་བཙན་གྱི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །ལོ་ལྷ་སེར་པོ་དགྲ་ལ་སྡང་། །དེ་ནི་བཤོས་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །བདུན་དམར་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བརྒྱད་དཀར་དགྲ་ལྷའི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །ལྷ་ཡི་མེ་ཏོག་བྱ་བ་ཡིན། །དེ་ཡང་བློན་ལ་ཀོ་ལོང་


CMR040_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །བརྒྱད་དཀར་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །དགུ་དམར་གཡང་གི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །གཡང་གཟའ་སྤུན་དགུ་བྱ་བ་ཡིན། །འཇལ་ལེན་བྱེད་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །དགུ་དམར་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། ཤར་ཕྱོགས་ཤིང་གི་གཞལ་ཡས་ནས། །ཕུར་བུ་སྐུ་མདོག་ལྗང་ནག་ལ། །ཕྱག་ན་ཤིང་གི་ཕུར་བུ་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། ལྷོ་ཕྱོགས་མེ་ཡི་གཞལ་ཡས་ནས། །དམག་དཔོན་མདོག་དམར་མེ་ལྕེ་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། ནུབ་ཕྱོགས་ལྕགས་ཀྱི་གཞལ་ཡས་ནས། །པ་ཝ་སངས་ནི་དཀར་པོ་སྟེ། །སྐར་མ་སྨིན་དྲུག་ལག་ན་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། བྱང་ཕྱོགས་ཆུ་ཡི་གཞལ་ཡས་


CMR040_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཟླ་བ་མདོག་སྔོན་ཟླ་བ་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། བྱང་ཤར་མེ་ཡི་གཞལ་ཡས་ནས། །ཉི་མ་མདོག་དམར་ཨུཏྤལ་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། ཤར་ལྷོ་ས་ཡི་གཞལ་ཡས་ནས། །སྤེན་པ་ལག་ན་སླ་ང་ཐོགས། །ཁྱེད་ལ་ཀླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ༔ ལྷོ་ནུབ་མེ་ཡི་གཞལ་ཡས་ནས། །ལྷག་པ་སྔོ་ལྗང་མདའ་གཞུ་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། ནུབ་བྱང་ལྕགས་ཀྱི་གཞལ་ཡས་ནས། །དུ་བ་མཇུག་རིང་སྦྲུལ་ཞགས་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། སྨིན་དྲུག་ཁ་དགུ་གནམ་དུ་བལྟ། །སྣར་མ་མེ་ཏོག་པདྨ་བསྣམས། །མགོ་ནི་མི་བཟད་གནམ་གྱི་མདའ་གཞུ་བསྣམས། །ལག་ན་མི་སྙིང་


CMR040_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རློན་པ་གནམ་དུ་ཕྱར། །ནབས་སོ་སྟོང་ཁམས་དབང་དུ་བསྡུས། །རྒྱལ་ནི་གཡུ་རུ་སྔོན་མོ་ཅན། །སྐག་ནི་ཐལ་མདོག་གསེར་གྱི་རྣ་ཆ་ཅན། །ཤར་ཕྱོགས་ཤིང་ལ་དབང་བའི་སྐར་མ་བདུན། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ཤར་སྐར་བདུན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །རྟ་ཆེན་མི་བཟད་སྤྱང་མོའི་མགོ །རྟ་ཆུང་རྩལ་འབྱིན་ཁྲ་ཡི་མགོ །དབོ་ནི་མི་བཟད་རླུང་གི་འཁོར་ལོ་ཅན། །མེ་བཞི་རྒྱལ་པོ་གནམ་དུ་སྟ་རེ་ཕྱར། །ནག་པ་སྤྱི་མིག་གཟའ་སྐར་རྟ་ལ་ཞོན། །ས་རི་ཀླུ་འདུལ་བྱ་ཁྱུང་ག་རུ་ཊ། །ས་ག་གཡུང་དྲུང་འཁྱིལ་བ་དེ་དང་བདུན། །ལྷོ་ཕྱོགས་མེ་ལ་དབང་བའི་སྐར་མ་སྟེ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ལྷོ་སྐར་བདུན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ལྷ་མཚམས་སྲིན་གྱི་མེ་ལོང་སྟེ། །ལག་སོར་སྤྲིན་དམར་གནམ་དུ་ཕྱར། །གྲུ་མོ་ས་བླ་བདུད་རྩིའི་སྐར་མ་སྟེ། །བྲེ་ནི་ས་འཛིན་བདུད་ཀྱི་སྐར་མ་ཡིན། །ཆུ་སྟོད་གནམ་ལག་གྱེན་དུ་ཕྱར། །ཆུ་སྨད་ས་ལག་ཐུར་དུ་བཤལ། །བྱི་བཞིན་མགྱོགས་བྱེད་ཁྲ་ཡི་གདན། །ནུབ་ཕྱོགས་ལྕགས་ལ་དབང་བའི་སྐར་མ་བདུན། །


CMR040_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ནུབ་སྐར་བདུན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །མོན་གྲེ་གནམ་ལ་རང་ཐག་བསྐོར། །མོན་གྲུ་གནམ་སྨན་སྟ་རེ་ཕྱར། །ཁྲུམས་སྟོད་ཁྲུམས་སྨད་ས་འཛིན་ས་བདག་གནོན། །ནམ་གྲུ་རྒན་མོ་མགྱོགས་བྱེད་རྟ་ཡི་གདན། །ཐ་སྐར་གནམ་གྱི་དབྱུ་གུ་འཕེན། །བྲ་ཉེ་ཕུང་གསུམ་གནམ་ཁྱི་ནག་པོ་འགྱེད། །བྱང་ཕྱོགས་ཆུ་ལ་དབང་བའི་སྐར་མ་བདུན། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ནུབ་སྐར་བདུན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། དབུས་ཀྱི་ས་བདག་ཧང་ཕན་སྦྲུལ་སེར་མདངས་དང་ལྡན། །གསེར་གྱི་བ་དན་ཕྱུར་ནས་དཔྱིད་ཟླ་ར་བའི་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཐེ་སེ་རྒྱལ་པོ་རྣོ་མཚོན་འབར་བའི་དབུས། །གཡུ་འབྲུག་བཟུང་ནས་སྟོན་ཟླ་ཐ་ཆུང་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ལྷོ་ནས་ཙང་ཀུན་གསེར་གྱི་གོ་ཆ་ཅན། །རལ་གྲི་ཐོགས་ནས་དགུན་ཟླ་ར་བའི་


CMR040_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ནུབ་ནས་ཧང་ཕན་ནག་པོ་ནི། །མི་ལུས་གཡུ་ཡི་ལ་ཐོད་ཅན། །མདུང་ཐུང་ཐོགས་ནས་དཔྱིད་ཟླ་འབྲིང་པོའི་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བྱང་ནས་བེའུ་སྣ་གཟིག་གི་མཇུག་མ་ཅན། །སྦྲུལ་ཞགས་ཐོགས་ནས་དབྱར་ཟླ་གསུམ་གྱི་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བྱང་ཤར་དགྲ་འདུལ་གསེར་གྱི་སླག་པ་ཅན། །ཤེལ་གྱི་རུ་མཚོན་ཕྱར་ནས་དཔྱིད་ཟླ་ཐ་ཆུང་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤར་ལྷོ་སེ་ཤར་སྲིད་ཀྱི་ཕུར་པ་ཅན། །མི་རྣམས་སྲོག་འཕྲོག་སྟོན་ཟླ་ཐ་ཆུང་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ལྷོ་ནུབ་བུང་བ་ལྟ་བདུད་གཡུ་ཡི་མགོ་བོ་ཅན། །སྦྲུལ་ཞགས་ཐོགས་ནས་དབྱར་ཟླ་ཐ་ཆུང་བདག །


CMR040_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ནུབ་བྱང་གནམ་བདུད་གཡུ་ཡི་མགོ་བོ་ཅན། །གནམ་མདའ་འཕེན་ནས་དགུན་ཟླ་ར་བའི་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཐེ་ཁྱིམ་བཙུན་མོ་ཉི་མའི་ལུས་པོ་ཅན། །གོ་ཟུ་གྱོན་ནས་ཁྲམ་ཤིང་ལག་ན་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བླ་མཁྱེན་མི་ལུས་ལྕགས་ཀྱི་མདའ་གཞུ་འཕེན། །དགུན་ཟླ་གསུམ་གྱི་བདག་པོ་བྱེད། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བླ་མཁྱེན་བདུད་དུ་མ་འབེབས་ཤིག །ཧལ་ཁྱི་ནག་པོ་མི་ལུས་ཁྱི་མགོ་སྦྲུལ་མཇུག་ཅན། །ལྗགས་ནི་མེ་ཡི་ཞགས་པ་བརྐྱངས་བ་འདྲ། །ཁ་རླངས་ནག་པོ་སྤྲིན་དང་མེ་རུ་འཁྲིགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཁྱེད་རྣམས་སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་ཚོགས། །


CMR040_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བྱ་བ་ངན་ཏེ་ཕུང་བར་བྱེད། །རོ་སྐྱས་བག་མ་རྣམས་ནི་ཕུང་བར་བྱེད། །དམག་དང་མཁར་ལས་དོན་གཉེར་སྔོན་ན་སྡོད། །སྣ་ཚོགས་ལས་རྣམས་ཀུན་ལ་ཕུང་བར་བྱེད། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །གནམ་ས་གཉིས་ཀྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ལོ་རྒན་དྲུག་ཅུ་སྤར་ཁམས་བརྒྱད། །གཟའ་ཆེན་བརྒྱད་དང་རྒྱུ་སྐར་ནི། །ཉི་ཤུ་རྩ་བརྒྱད་གནམ་ས་བཅུ་གཉིས་དང་། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་རྣམས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཕོ་ཡི་ཚེ་བསྲིང་མོ་ཡི་དཔལ་བསྐྱེད་ཅིག །གཏོ་འདི་ཡག་པའི་ཡག་ཁ་ཟུང་། །དཔྱད་འདི་ཡག་པའི་གཞི་ཐིང་ཞིག །འགྲམས་གཏོའི་དུར་ཁ་རྒྱས་ཐོབ་ཅིག །འགྲམས་བཅོས་ཕྲིན་ལས་གྲུབ་པར་མཛོད། །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བཀྲ་ཤིས་དར་རྒྱས་དངོས་གྲུབ་སྩོལ། །འཕགས་པ་འཇམ་དཔལ་གྱིས་མཛད་པའི་དུར་ཁ་རྒྱས་འདེབས་རྫོགས་སོ། ༈ །ཞེས་པ་ཤིང་རིས་དཀྱིལ་འཁོར་ལ་བརྒྱན་པའོ། །ཕྱེ་


CMR040_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མར་དཀར་གསུམ་མངར་གསུམ་དར་ཟབ་སྣམ་རས་སྐྱེམས་རྣམས་མཆོད། དགེའོ། །དགེའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousས་བདག་དབང་ཆེན་སྟོང་གསུམ་འཁྲུགས་པ་ཡོ་བཅོས་ལས་དུར་ཁ་རྒྱས་འདེབས་གསལ་བའི་སྒྲོན་མེ།next