Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཤེལ་ཚིགས་རྒྱན་འབུལ།
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousཤེལ་ཚིགས་རྒྱན་འབུལ།next

ཤེལ་ཚིགས་རྒྱན་འབུལ།


CMR040_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་ཚིགས་རྒྱན་འབུལ་ནི་འདི་སྐད་དོ། །ན་མོ་བཛྲ་པཱ་ཎི་ཡེ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། སྟོང་པའི་ངང་ལས་རིན་ཆེན་ལྷོ་ངོས་བཟང་ལས། བྱ་རིགས་རྣམ་པ་སྣ་ཚོགས། །གཅན་གཟན་རྣམ་པ་སྣ་ཚོགས། རི་དྭགས་རྣམ་པ་སྣ་ཚོགས། དུད་འགྲོ་རྣམ་པ་སྣ་ཚོགས། དེ་དག་ཐམས་ཅད་གཟུགས་མཛེས་རྒྱན་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། ཧཱུྃ། ཕྱག་ན་རྡོ་རྗེའི་བཀའ་བྱུང་བས། །སྲིད་པའི་ས་བདག་ཀླུ་གཉན་ཉོན། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །མེད་པ་དེ་ནི་མི་ལས་བཙལ། །དཀོན་པ་དེ་ནི་རིན་གྱིས་ཉོས། །སྲ་བ་དེ་ནི་བྲག་ལས་བརྐོས། །རྒྱུ་ནི་རྒྱལ་པོའི་མཛོད་ནས་བཏོན། །མྱེས་པོ་གནམ་རྗེ་གོང་སྔོན་ཡིན། །ཕྱི་མདོས་སྨན་གྱི་འཕྲུལ་མོ་ཡིན། །ཕ་ནི་བདུད་རྩི་རྒྱལ་པོ་ཡིན། །མ་ནི་དྲོད་ཀྱི་རྒྱལ་མོ་ཡིན། །ཞིང་པ་རྒན་པོས་འདུ་བྱེད་ཀྱིས། །དཔྱིད་ཟླ་གསུམ་ལ་རྫུ་འཕྲུལ་བསྡེབས། །དབྱར་ཟླ་གསུམ་ལ་ཆབ་ཀྱིས་བྲན།། སྟོན་ཟླ་གསུམ་ལ་འབྲས་བུ་སྨིན། །མིང་པོ་རྒྱ་འབྲེལ་འཕེལ་ཆེན་ཡིན། །སྲིང་མོ་སྔོན་མོ་འབྲུ་བདུན་ཡིན། །སྐུ་གསུམ་ཐབ་ཀྱི་སྒྱེད་པུ་ལ། །ཐེག་པ་ཆེན་པོའི་སླ་ང་བཙུགས། །


CMR040_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོའི་མེ་སྦར་ནས། །ཐབས་མཆོག་ཆེན་པོའི་ཡོག་པས་དཀྲུགས། །ཤེས་རབ་ཆེན་པོའི་སྐམ་པས་ཕོག །དཀར་བ་གཡང་མོ་ལུག་བརྒྱ་འབའ། །ནག་པོ་ཟལ་མོ་འབྲི་བརྒྱ་ངུར། །སེར་པོ་ཅང་ཤེས་རྟ་བརྒྱ་འཚེར། །ཁམ་པ་འགྱིང་བ་གཡག་བརྒྱ་ངར། །གླང་ཆེན་བརྒྱ་དང་མ་ཧེ་སྟོང་། །བ་ཟོག་བརྒྱ་དང་བེའུ་ཁྲི་སྟོང་། །ཤེལ་ལུག་བརྒྱ་དང་གཡུ་རལ་སྟོང་། །དཀར་བརྒྱ་གནག་སྟོང་བེའུ་ལུག་ཁྲི། །སྲིད་པའི་ས་བདག་ཀླུ་གཉན་ལ། །མ་བསད་པ་ཡི་སྟོང་དུ་འཇལ། །མ་རྐུས་པ་ཡི་ཆད་དུ་འཇལ། །མ་འཕྲོག་པ་ཡི་རིན་དུ་འབུལ། །འཁོན་པ་དུམ་ལ་འགྲས་པ་སྦྱངས། །འགྲས་པ་བསལ་ལ་འཁྲུག་པ་གསོ། །ཚེ་གླུད་སྲོག་གི་སྐྱིན་དུ་འབུལ། །སྐྱེས་པ་ཕོ་ཡི་སྲོག་གླུད་འབུལ། །ཟ་མ་མོ་ཡི་སྲིད་གླུད་འབུལ། །བྱིས་པ་ཆུང་གི་ཚེ་གླུད་འབུལ། །སྒོ་ཡི་ནོར་གྱི་གཡང་གླུད་འབུལ། །བཞེས་སོ་ཚེ་གླུད་སྲོག་སྐྱིན་མཛོད། །དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །ཁྲ་བོ་ཀུ་རུ་རྟ་བརྒྱ་ཡིན། །ཁམ་པ་འགྱིང་བ་གཡག་བརྒྱ་ཡིན། །ཟིལ་ཆུང་ཐུ་ལེ་འབྲི་བརྒྱ་ཡིན། །དཀར་བ་གཡང་མོ་ལུག་


CMR040_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཡིན། །གཡུ་ར་བརྒྱ་དང་ཤེལ་ར་སྟོང་། །བ་ཟོག་བརྒྱ་དང་བེའུ་ཁྲི་སྟོང་། །ས་བདག་ཀླུ་གཉན་རྣམས་ལ་འབུལ། །རྟ་ནོར་ལུག་གི་དངོས་གྲུབ་སྩོལ། །རྟ་ཁྲ་བརྒྱ་དང་རྟེའུ་ཆུང་སྟོང་། །ས་བདག་ཀླུ་གཉན་རྣམས་ལ་འབུལ། །མི་ནོར་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །གཡུ་གཡག་བརྒྱ་དང་དུང་གཡག་སྟོང་། །ས་བདག་ཀླུ་གཉན་རྣམས་ལ་མཆོད་པ་འབུལ། །ཟས་ནོར་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །གསེར་གླང་བ་དང་མ་ཧེ་སྟོང་། །ཡིད་ལ་འདོད་པའི་དཀོར་ནོར་རྣམས། །ས་བདག་ཀླུ་གཉན་རྣམས་ལ་མཆོད་པ་འབུལ། །ལོངས་སྤྱོད་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །ས་བདག་ཀླུ་གཉན་ཁྱེད་རྣམས་ལ། །འདོད་པའི་ལོངས་སྤྱོད་རྟ་ནོར་འདི་འབུལ་བས། །དགའ་མགུ་སྐུ་གསུང་ཐུགས་མཉེས་ནས། །ཕྲག་དོག་རུ་ང་མ་མཛད་ཅིག །ཡུལ་ལ་ངའི་ཡུལ་མ་ཟེར་ཅིག །རི་ལ་ངའི་རི་མ་ཟེར་ཅིག །ས་ལ་ངའི་ས་མ་ཟེར་ཅིག །བྲག་ལ་ངའི་བྲག་མ་ཟེར་ཅིག །རྡོ་ལ་ངའི་རྡོ་མ་ཟེར་ཅིག །ཤིང་ལ་ངའི་ཤིང་མ་ཟེར་ཅིག །སྤང་ལ་ངའི་སྤང་མ་ཟེར་ཅིག །ཆུ་ལ་ངའི་ཆུ་མ་ཟེར་ཅིག །མཚོ་ལ་ངའི་མཚོ་མ་


CMR040_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཅིག །ལམ་ལ་ངའི་ལམ་མ་ཟེར་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ལས་ཐབས་བཟང་ངན་ཅི་བྱས་ཀྱང་། །གདུག་རྩུབ་ཀོ་ལོང་མ་མཛད་ཅིག །ས་རྐོ་རྡོ་སློག་རྩི་ཤིང་བཅད། །རྦབ་བསྒྲིལ་ཆུ་དྲང་དར་ཕྱུར་དང་། །དུང་འབུད་རོ་དང་བག་མ་ལེན། །ཐབ་གཞོབ་འཁོན་དང་དྲག་ལས་དང་། །འགལ་དང་གནོད་པ་ཅི་མཆིས་པ། །ས་བདག་ཀླུ་གཉན་མི་མཐུན་པའི། །ཕྲག་དོག་གདུབ་རྩུབ་གནོད་སེམས་མ་མཛད་ཅིག །ར་ཡི་རྩེ་ལ་ཕོག་ཀྱང་མ་རྡུངས་ཤིག །ལྟ་བའི་མིག་ལ་ཕོག་ཀྱང་སྡང་མིག་མ་བསྒྲད་ཅིག་་བསམ་པའི་སྙིང་ལ་ཕོག་ཀྱང་ངན་སེམས་མ་འཆང་ཞིག །ཕྱི་ཡི་སྤུ་ལ་ཕོག་ཀྱང་མ་སྤྲུག་ཅིག །རྨིག་པའི་རྩེ་ལ་ཕོག་ཀྱང་མ་ཁྲོ་ཞིག །གདུག་པའི་སེམས་ངན་མ་འཆང་ཞིག །ཕན་བདེ་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཤེལ་ཚིགས་མཆོད་འབུལ་རཱ་ག་ཨ་སྲས་སྦྱར་བའོ།། །།


previousཤེལ་ཚིགས་རྒྱན་འབུལ།next