Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
ས་བདག་འཁྲུགས་བཅོས་གནད་ཀྱི་གདམས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousས་བདག་འཁྲུགས་བཅོས་གནད་ཀྱི་གདམས་པ།next

ས་བདག་འཁྲུགས་བཅོས་གནད་ཀྱི་གདམས་པ།


CMR040_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་འཁྲུགས་བཅོས་གནད་ཀྱི་གདམས་པ་ཟབ་ཅིང་སྟབས་བདེ་བ་ཡོད།། བྱང་སེམས་ས་ཡི་སྙིང་པོ་ལ་བཏུད་དེ། །གནས་ཆོས་ས་སྙིང་སྒྲུབ་པའི་མདུན་བསྐྱེད་དང་། །འཁྲུགས་བཅོས་སྦྲག་སྒྲུབ་ཉེར་མཁོ་ཉུང་བསྡུས་བྲི། །འཁོར་འདས་ལྷ་རྣམས་ཀུན་གྱིས་གནང་བ་སྩོལ། །ས་བདག་འཁྲུགས་བཅོས་གྲངས་མང་གསོག་གསུངས་ཀྱང་། །དེང་སང་ཀུན་གྱི་གྲངས་མང་བསོགས་དཀའ་བས། །བཅའ་ཚོགས་རྒྱས་པ་གཙང་ཞིང་བཟང་བ་རུང་། །མཆོད་གཏོར་བཤམས་ལ་སྤོས་རིམ་ཆབ་ཀྱིས་བྲན། །གནམ་ཆོས་པད་འབྱུང་བསྒྲུབས་པས་བདག་བསྐྱེད་བྱ། །གཞུང་ལྟར་རྒྱས་པ་ཚར་གཅིག་བཏང་ནས་སུ། །འདི་ཉིད་བསོགས་པས་མ་ཚང་སྐྱོང་མི་འགྱུར། ཀྱཻ། །རྣམ་དག་སྐུ་གསུམ་ཆོས་དབྱིངས་ཁྱབ་གདལ་བའི། །རྡུལ་བྲལ་ཞིང་དང་གནས་ཆེན་གྱི་མི་ཤན། །གླིང་བཞི་རི་རབ་སྟེང་འོག་ཕྱོགས་མཚམས་ནས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ས་ཡི་སྙིང་། །བརྟན་མ་དབང་ཆེན་ས་འཛིན་ལྟོ་འཕྱེ་སོགས། །ལོ་ཟླ་ཞག་དུས་ཚེས་ལ་དབང་བ་ཡི། །སྲིད་པའི་ས་བདག་མཆོད་ཕྱིར་སྤྱན་འདྲེན་ནོ། །ཁྱད་པར་ཡུལ་འདིའི་ཉིན་སྲིབ་ཕུ་མདའ་ཡི། །སྤང་ལྗོངས་རི་བྲག་ནགས་ཚལ་ཆུ་ཀླུང་ལ། །གནས་པའི་ཡུལ་ལྷ་དགེ་བསྙེན་གཞི་བདག་ལ། །མཆོད་ཕྱིར་སྤྱན་འདྲེན་བདེ་བའི་སེམས་ཀྱིས་


CMR040_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་། །རང་རང་གཙོ་འཁོར་འཚམས་པའི་གདན་ལ་བཞུགས། །གཉིས་མེད་ཡེ་ཤེས་རོལ་པས་གུས་ཕྱག་འཚལ། །གནས་ཡུལ་ཕོ་བྲང་རྒྱན་བཀོད་ཕུན་ཚོགས་དང་། །ཁྲུས་རྫིང་བདུད་རྩིའི་ཆུ་རྒྱན་མ་རྨོས་འབྲུ། །དཔག་བསམ་ནགས་ལས་འདོད་དགུའི་ཡོན་ཏན་འཕྲོ། །རྟ་གླང་ནོར་ལུག་འདོད་འཇོའི་བ་ཕྱུགས་ཁྱུ། །ལྔ་ཕྲག་ལྔ་ཡི་བཅུད་ཀྱིས་ཡོངས་ཁེངས་བའི། །མཆོད་སྤྲིན་གཏེར་གྱི་བུམ་བཟང་ནམ་མཁའི་མཛོད། །མཐའ་ཡས་ཞིང་ཀུན་གང་བས་རྒྱལ་རྣམས་མཆོད། །གནས་སྐབས་རྐྱེན་ཞི་དཔལ་འབྱོར་ཕུན་ཚོགས་ཀྱིས། །སྣོད་བཅུད་ཡུལ་ཕྱོགས་གནས་འདིར་བྱིན་ཆེན་ཕོབ། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་དང་། །རྒྱལ་སྲིད་རིན་ཆེན་བྱ་གཅན་རེ་ཕྱུག་འབུལ། །བདེ་ཟགཤེགས་རྣམས་ཀྱིས་ཐུགས་བསྐྱེད་བྱིན་རླབས་པའི། །ཤེར་ཚིགས་རྟ་དྲེལ་གནག་ལུག་བ་གླང་ར། །དཀོར་ནོར་དཔག་མེད་གྲངས་འདས་དཀོར་དུ་འབུལ། །འབྲུ་སྣ་རིན་ཆེན་དར་ཟབ་ཕྱེ་མར་གསུར། །ཇ་ཆང་འོ་ཞོ་ཤིང་སྣའི་དུད་པས་བསང་། །རིག་འཛིན་བདག་དང་བསྲུང་བྱར་གྱུར་རྣམས་ཀྱི། །རི་ཞིང་ཐང་ཞིང་ས་བོན་ལྗང་བུ་དང་། །སྙེ་མ་འབྲུ་


CMR040_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་མཆོད་པ་འབུལ། །དཀར་གསུམ་གཏོར་མ་ཟག་མེད་རོ་བརྒྱའི་མཚོ། །ཟག་མེད་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་དང་། །གསེར་དངུལ་གཡུ་ཕྱེ་དང་སྦྱར་སྐྱེམས་བཟང་འདི། །བྱང་སེམས་ས་སྙིང་ལྷ་མོ་བརྟན་མ་སོགས། །ས་བདག་ཀླུ་གཉན་ཡུལ་ལྷ་རྣམས་ལ་འབུལ། །བདག་སོགས་སྒོ་གསུམ་རབ་གུས་དང་བས་བསྟོད། །སྐུ་གསུང་ཐུགས་རྒྱུད་རབ་ཏུ་མཉེས་གྱུར་ནས། །བཀྲག་མདངས་གཟི་བརྗིད་མཐུ་སྟོབས་ཆེར་རྒྱས་ཤོག །ཐུགས་ཕོག་འགལ་འཁྲུལ་གང་མཆིས་མཐོལ་ལོ་བཤགས། །རྒྱལ་བའི་བསྟན་སྲུང་མཆོག་གསུམ་ཆེ་བ་ཐོན། །མི་ཕྱུགས་ནད་ཡམས་འཇིགས་པ་བརྒྱད་སོགས་ཞི། །ཚེ་རིང་འབྱོར་སྟོབས་རབ་རྒྱས་བསམ་དོན་བསྒྲུབ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཚུན་ཆད་ཀྱི། །འཁོར་འདས་གཉིས་ཀྱི་དཔལ་ཡོན་ནུས་རྩལ་བཅུད། །ཁབ་ལེན་རྡོ་དང་ལྕགས་ཀྱི་སྣང་ཚུལ་ལྟར། །དགའ་བའི་གར་དང་བཅས་ཏེ་ཐོགས་མེད་ཁུག་ཡུལ་ཞིང་བང་ཁང་རྣམས་ལ་ཐིམ་པར་མཛོད། །མི་ཕྱུགས་ཁ་ཟས་ལོ་ཐོག་ལྗང་བུ་ལ། །སད་སེར་འབུ་སྲིན་ཁྲ་ཐན་གནོད་པ་རྣམས། །ཞི་ཞིང་ཕྱིན་ཆད་ཉེས་བྲལ་


CMR040_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཚོགས་སྤེལ། །རྫོགས་ལྡན་ཡོན་ཏན་གསར་འཆར་ཕྲིན་ལས་མཛོད། །འདི་ལ་གྲངས་བཟུང་འབྲུ་སྣ་མཐེབ་སྐྱུ་དགོས། །ཤིང་རྩི་རྗེས་ཆོག་བཀྲ་ཤིས་གཞུང་ལྟར་བྱ། །འདི་ཉིད་དར་བའི་ཡུལ་ནི་ལོ་ལེགས་ཤིང་། །མི་ཕྱུགས་བདེ་ཞིང་སྤེལ་བའི་རྒྱུར་གྱུར་ཅིག །འདི་སྐད་དབུ་མཛད་མ་ཧཱ་སུ་ཁ་ཡིས། །བསྐུལ་བའི་གཡར་ངོར་རྟོག་པ་བྲལ་བའི་སླད། །པདྨ་འཆི་མེད་ངེས་དོན་གྲུབ་དབང་གིས། །ལྕགས་ཡོས་ཟླ་བ་དྲུག་པའི་ཚེས་བཅུར་བྲིས། །དགེ་བས་འགྲོ་ཕན་ཚད་མེད་ཡོངས་བར་ཤོག། །། ༈ ཨོཾ་ཀིཾ་ཧི་ར་ཙ་པྲི་ཐི་དྷེ་ཝཱི་སྭཱ་ཧཱ། བརྒྱ་རྩ་བརྒྱད། ཨོཾ་ཀིཾ་ཧི་ར་ཙ་སྲི་ཟི་དྷེ་ཝཱི་སརྦ་སིདྡྷི་སྭཱ་ཧཱ། བརྒྱ་རྩ་བརྒྱད། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མན་དྷ་ལེ་མན་ཌ་ལེ་སྭཱ་ཧཱ། བདུན་གསུམ། ཨོཾ་ཨ་ལས་སུ་རཀྟ་འདུས། ཨ་ལས་མ་རཀྟ་འདུས། ཧཱུྃ་ཧཱུྃ་དྷ་དྷ་དུ་དྷ་མ་ཡེ་ཏ་ཀེ་ཙ་ཀེ་ཧཱུྃ་ཕཊ། ས་བདག་ཀླུ་གཉན་གྱི་གདུག་པ་ཞི་བར་གྱུར་ཅིག །བདུན་ཕྲག་གཅིག་བཟླ། ཨོཾ་ཀིཾ་ཧི་ར་ཙ་པྲི་ཐི་དྷེ་ཝཱི་བྷུ་མི་པ་ཏི་སརྦ་རོ་ག་ཤཱནཾ་ཀུ་རུ་སྭཱ་ཧཱ། ལྔ་བདུན་ཙམ་བཟླས་པས་འགྲུབ།།


previousས་བདག་འཁྲུགས་བཅོས་གནད་ཀྱི་གདམས་པ།next