Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
གནམ་ཆོས་ས་སྙིང་སྒྲུབ་ཐབས་འཁྲུགས་བཅོས་ཀྱི་ཕྱག་འཚལ་དང་བཤགས་པ་ཕན་བདེ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousགནམ་ཆོས་ས་སྙིང་སྒྲུབ་ཐབས་འཁྲུགས་བཅོས་ཀྱི་ཕྱག་འཚལ་དང་བཤགས་པ་ཕན་བདེ།next

གནམ་ཆོས་ས་སྙིང་སྒྲུབ་ཐབས་འཁྲུགས་བཅོས་ཀྱི་ཕྱག་འཚལ་དང་བཤགས་པ་ཕན་བདེ།


CMR040_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ས་སྙིང་སྒྲུབ་ཐབས་འཁྲུགས་བཅོས་ཀྱི་ཕྱག་འཚལ་དང་བཤགས་པ་ཕན་བདེ་བྱ་བ་བཞུགས་སོ།


CMR040_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ཆོས་རྣམས་ལ་ཕྱག་འཚལ་ལོ། །དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ།


CMR040_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྲིན་གྱི་སྒྲོན་མེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྔ་བཅུ་རྩ་ལྔ་ལ་ཕྱག་འཚལ་ལོ། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིགས་གསུམ་མགོན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ། །བྱང་སེམས་དཔའ་ས་ཡི་སྙིང་པོ་ལ་


CMR040_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །ཀླུ་ཡི་རྒྱལ་པོ་ཆེན་པོ་བཅུ་གསུམ་ལ་ཕྱག་འཚལ་ལོ། །དེ་དག་གི་བཙུན་མོ་དང་འཁོར་གཡོག་ཐམས་ཅད་ལ་ཕྱག་འཚལ་ལོ། །གཞན་ཡང་ཀླུ་རིགས་བཞི་སྟེ། རྒྱལ་རིགས་རྗེ་རིགས་བྲམ་ཟེ་གདོལ་པའི་རིགས་ཐམས་ཅད་ལ་ཕྱག་འཚལ་ལོ། །དམངས་རིགས་གཡོག་འཁོར་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀླུ་རིགས་བུ་མོ་སྟེ་སྤྲིན་བདག་ཀླུ་མོ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་སྲིད་པའི་ཀླུ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྲིད་པའི་གཉན་རྗེ་གོང་སྔོན་ལ་ཕྱག་འཚལ་ལོ། །ཁྲི་འཇམ་དང་སྟོང་སྟབས་ལ་ཕྱག་འཚལ་ལོ། །གཉན་རྗེ་བཙན་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །གཞན་ཡང་གཉན་ས་ཡ་འབུམ་སྡེ་ལ་ཕྱག་འཚལ་ལོ། །གཉན་གྱི་བཙུན་མོ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཉན་གྱི་བུ་དང་བུ་མོ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་ལ་ཕྱག་འཚལ་ལོ། །གཉན་ཕྲན་བཞི་བཅུ་རྩ་གཉིས་ལ་ཕྱག་འཚལ་ལོ། གཞན་ཡང་ཁྲ་བོའི་གཉན་རིགས་ཐམས་ཅད་ལ་ཕྱག་འཚལ་ལོ། །ས་བདག་གི་རྒྱལ་པོ་དབང་ཆེན་ལ་ཕྱག་འཚལ་ལོ། །བཙུན་མོ་ས་ཡི་ལྷ་མོ་ལ་ཕྱག་འཚལ་ལོ། །འབྱུང་བའི་ལྷ་


CMR040_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལ་ཕྱག་འཚལ་ལོ། །ས་འཛིན་ལག་པ་ཆེན་པོ་ལ་ཕྱག་འཚལ་ལོ། །ས་བདག་ལྟོ་འཕྱེ་ཆེན་པོ་ལ་ཕྱག་འཚལ་ལོ། །ས་བདག་རྟ་སྐད་ཅན་ལ་ཕྱག་འཚལ་ལོ། །ས་བདག་སྟག་གི་རྐང་ལག་ལ་ཕྱག་འཚལ་ལོ། །ཕྱོགས་བཞི་མཚམས་བརྒྱད་ས་བདག་ལ་ཕྱག་འཚལ་ལོ། །སྤར་ཁ་བརྒྱད་ཀྱི་ས་བདག་ལ་ཕྱག་འཚལ་ལོ། །སྨེ་བ་དགུ་ཡི་ས་བདག་ལ་ཕྱག་འཚལ་ལོ། །ལོ་སྐོར་བཅུ་གཉིས་ས་བདག་ལ་ཕྱག་འཚལ་ལོ། །ས་བདག་རྗེ་བློན་བཅུ་བདུན་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །སྲིད་པའི་གཉན་རིགས་ས་ཐམས་ཅད་ལ་ཕྱག་འཚལ་ལོ། །གཞན་ཡང་ཡུལ་ཕྱོགས་འདི་ལ་གནས་པའི་ས་བདག་ཀླུ་གཉན་ཐམས་ཅད་ལ་ཕྱག་འཚལ་ལོ། །གནས་འདིའི་གཡས་གཡོན་མདུན་རྒྱབ་ལ་གནས་པའི་ས་བདག་ཀླུ་གཉན་ཡིད་གཟུགས་ཅན་རྣམས་ལ་ཕྱག་འཚལ་ལོ། །ཕྱོགས་བཞི་སྒོ་སྲུང་བཞི་ཡི་ས་བདག་ལ་ཕྱག་འཚལ་ལོ། །གཞན་ཡང་ཉེ་སྐོར་འདི་ལ་གནས་པའི་རེ་རེ་ལྟ་བ་ཀྲོག་གེ་ཉན་པའི་ས་བདག་ཐམས་ཅད་ལ་ཕྱག་འཚལ་ལོ། །ཁྱེད་རྣམས་ལ་རིན་པོ་ཆེ་སྣ་ཚོགས་དར་སྣ་འབྲུ་སྣ་སྐྱེམས་ཕུད་ཕྱེ་མར་ཤིང་རྩི་དཀོར་ནོར་ཤེལ་ཚིགས་སོགས་འདོད་དགུའི་


CMR040_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཀྱི་མཆོད་པ་འདི་འབུལ་ལོ། །འོ་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདིར་གནས་ས་བདག་ཀླུ་གཉན་ཐམས་ཅད་སྙན་གསན་ཅིང་དགོངས་སུ་གསོལ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་ལུས་འདི་ཡན་ཆད་དུ། མི་དགེ་བཅུ་དང་། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། ཕྱི་སོ་ཐར། བར་བྱང་སེམས། ནང་གསང་སྔགས་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་ལ་འགལ་བའི་ལས་ཅི་བགྱིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །དེང་ཕྱིན་ཆད་ནས་ནམ་ཡང་བགྱིད་པར་མ་གྱུར་ཅིག །བདག་ཅག་རྣམས་ཀྱི་ཕ་མྱེས་ཡང་མྱེས་ཚུན་ཆད་ནས། བུ་དང་ཚ་བོ་ཡན་ཆད་དུ། ལོ་དང་ཟླ་བ་ཞག་དང་ཟ་མ་དུས་ཚོད་རྣམས་ལ། སྐྱེ་མི་རུང་བ་ལ་སྐྱེས་པ་དང་། ཤི་མི་རུང་བ་ལ་ཤི་ནས། ས་བདག་འཁྲུགས་པའི་ཉེས་སྐྱོན་ཐམས་ཅད་མཐོལ་ལོ་བཤགས་སོ། །ལོ་དང་ཞག་དུས་ཚོད་སོ་སོའི་དུས་སུ་བྱ་བ་མི་རུང་པའི་ལས་ཀྱིས་ཀླུ་གཉན་ས་བདག་འཁྲུགས་པའི་ལས་ཐམས་


CMR040_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཐོལ་ལོ་བཤགས་སོ། །དམག་ཇག་མདོས་དང་གཏོར་ཟོར་རྣམས། ས་བདག་བཞུགས་ཕྱོགས་སུ་ཐུག་པའི་ཉེས་སྐྱོན་ཐམས་ཅད་མཐོལ་ལོ་བཤགས་སོ། །གཞན་ཡང་ཤིང་གཉན་བཅད་པ་དང་། ས་གཉན་བརྐོས་པ་དང་། བྲག་གཉན་བཤིགས་པ་དང་། རྡོ་གཉན་སློག་པ་དང་། ཆུ་གཉན་ཡུར་དུ་དྲངས་བ་དང་། ནེའུ་སིང་བརྐོས་པ་དང་། ཞིང་མུ་སྤང་རྒོད་ཕེད་པ་དང་། འཕྲུལ་འདུལ་བ་དང་། ཁང་ནག་བཤུས་པ་དང་། བཀབ་པ་དང་། མཁར་ལས་ཀྱིས་ས་བདག་རྣམས་ལ་ཕོག་ཐུག་བྱུང་བ་ལ་ཐམས་ཅད་མཐོལ་ལོ་བཤགས་སོ། །རི་གཉན་ལ་མེ་བཀྱེས་པ་དང་། ཀུས་བཏབ་པ་དང་། བྱ་དང་རི་དྭགས་གཅན་གཟན་བསད་པ་དང་། མནའ་གཉན་བསྐྱེལ་ལེན་དང་། དཔང་པོ་བྱས་པ་དང་། རྡོ་དང་ལྕགས་ལེན་གནུར་དང་ཐབ་གཞོབ་ཀྱིས། ས་བདག་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས་སོ། །རྨེ་དང་རྨུགས་དང་རྩོག་ནལ་གྱིས། ཀླུ་གཉན་ས་བདག་ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས་སོ། །མདོར་ན་བདག་དང་ཡོན་བདག་འཁོར་གཡོག་ཐམས་ཅད་ཀྱིས། མ་ཤེས་པ་དང་། མ་


CMR040_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་འཁྲུལ་དབང་གིས། ཀླུ་གཉན་ས་བདག་ཁྱེད་རྣམས་ཀྱི་སྐུ་ལ་མནོལ་བ་དང་། གསུང་འགག་པ་དང་། ཐུགས་རྨུགས་པའི་ལས་ཅི་བགྱིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །བདག་ཆོ་ག་མཁན་གྱིས་ཀྱང་ཐུགས་དང་འགལ་བའི་ལས་བསྐྱེད་རིམ་མ་གསལ་བ་དང་། རྫོགས་རིམ་མ་རྟོགས་པ་དང་། བཟླས་བརྗོད་མ་ཤེས་པ་དང་། ལག་ལེན་ནོར་བ་དང་། ལེ་ལོ་དང་བག་མེད་པས་མི་གཙང་བ་དང་ཆད་པ་དང་ལྷག་པ་དང་། ནོར་འཁྲུལ་ཅི་བགྱིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །གནོང་ངོ་། །འགྱོད་དོ། །དེ་ལྟར་མཐོལ་ཞིང་བཤགས་ན་བཟོད་པ་ཆེན་པོའི་ངང་དུ་བཞེས་ནས་ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་ནས། ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཀློང་དུ་དག་པར་གྱུར་ཅིག འོ་དེ་ལྟར་མཆོད་ཅིང་བཤགས་པ་ཕུལ་བས་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་མཉེས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི་ཚེ་བསོད་ནམས་དཔལ་འབྱོར་ཉམས་རྟོགས་འཕེལ་ཞིང་ཕྱི་མ་བདེ་ཆེན་དག་པའི་ཞིང་


CMR040_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བགྲོད་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཅིག །ཨེ་མ་ཧོ། མཆོག་གསུམ་རྩ་གསུམ་ཆོས་སྐྱོང་དང་། །སྣང་སྲིད་སྡེ་བརྒྱད་ཀླུ་གཉན་དང་། །ས་བདག་རྣམས་ཀྱི་ཐུགས་མཉེས་ནས། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །འཇིགས་པ་ཀུན་ལས་སྐྱོབ་པ་དང་། །རྟག་ཏུ་ལོ་ལེགས་དངོས་གྲུབ་སྩོལ། །འཇིག་རྟེན་ས་བཅུད་འདིར་བསྡུས་ལ། །ལོ་ལེགས་འབྲུ་འཕེལ་དངོས་གྲུབ་སྩོལ། །གཅོད་རལ་གཡོ་འཁྲུགས་ཞི་བ་དང་། །ཡུལ་བདེ་ལུས་ལ་ནད་མེད་མཛོད། །ས་རི་བྲག་ཞིག་མཁར་ཁང་རྡིབ། །ས་ཡི་གནོད་པ་མེད་པར་མཛོད། །སྤར་ཁའི་སྐག་དང་འགྲམས་འཁྲུགས་སོལ། །དཔལ་བརྒྱད་གཡང་བརྒྱད་དངོས་གྲུབ་སྩོལ། །རེ་འདོད་དབུ་གཙུག་སྨེ་བ་ཅན། ། མི་མཐུན་གནོད་ཞི་བདེ་ལེགས་སྩོལ། །ལོ་ཟླ་ཞག་དུས་ལོག་མན་གྱིས། །སྐག་ཟློག་ཚེ་འཕེལ་ལོ་ལྷ་མཛོད། །ལོ་ཟླའི་ཀོ་ལོང་ཉེས་སྐྱོན་རྣམས། །མེད་ཅིང་བདེ་ལེགས་ཕུན་༔ ཚོགས་མཛོད། །གག་ལྷོག་གཟེར་སྐྲང་སྐྱང་ལོས་སོགས། །གཉན་རིགས་ནད་རྣམས་མེད་པར་མཛོད། །ཕྱོགས་བཞི་སྲུང་བཞིས་དཔལ་བཞི་བསྐྱེད། །འགྱུར་མེད་སྲ་བརྟན་


CMR040_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ལ། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། ཀྱཻ། ས་བདག་ཀླུ་གཉན་ཁྱེད་རྣམས་ཀྱིས། །དཀོན་མཆོག་གསུམ་གྱི་བཀའ་ལ་ཉོན། །སྔགས་འཆང་བདག་གི་བཀའ་མ་གཅོག །ཡོན་བདག་རྒྱུ་རྐྱེན་ཆུད་མ་གསན། །ཅི་བཅོལ་མྱུར་དུ་འགྲུབ་པར་མཛོད། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་སྩོལ་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱད་སྟེམས་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པ་འདི་ཡང་ས་སྙིང་གི་ཡན་ལག་ཏུ་འདོན་བདེར་རཱ་གའི་མིང་གིས་བྲིས་པའོ། །སརྦ་མངྒ་ལཾ།། །།


previousགནམ་ཆོས་ས་སྙིང་སྒྲུབ་ཐབས་འཁྲུགས་བཅོས་ཀྱི་ཕྱག་འཚལ་དང་བཤགས་པ་ཕན་བདེ།next