Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
སྟོང་གསུམ་འཁྲུགས་པ་ཡོ་བཅོས་ཀྱི་ས་བདག་བསང་།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousསྟོང་གསུམ་འཁྲུགས་པ་ཡོ་བཅོས་ཀྱི་ས་བདག་བསང་།next

སྟོང་གསུམ་འཁྲུགས་པ་ཡོ་བཅོས་ཀྱི་ས་བདག་བསང་།


CMR040_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་འཁྲུགས་པ་ཡོ་བཅོས་ཀྱི་ས་བདག་བསང་གི་དབུ་ཕྱོགས་བཞུགས། པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོ། །འདིར་ས་བདག་བསང་བར་འདོད་ན། བཟང་ཤིང་འཚོགས་ཚད་དུད་པ་བཏང་ལ། དེ་ནས་གསེར་སྐྱེམས་དར་ཟབ་དང་། །དཀར་གསུམ་མངར་གསུམ་བཟང་དྲུག་དང་། །ཞོ་ཕུད་འོ་ཕུད་ཇ་ཕུད་དང་། །ཕྱེ་མར་ལ་སོགས་མཆོད་བྱས་ལ། །རང་ཉིད་མ་ཧཱ་གུ་རུར་གསལ། །དེ་ཡི་ངང་༡ལས་འདི་སྐད་དོ།། ཀྱཻ། སྲིད་པ་ཆགས་ནས་ས་ཡི་བདག །ས་ཡི་ལྷ་མོ་བརྟན་མ་དང་། །ས་བདག་དབང་ཆེན་ལྟོ་འཕྱེ་སོགས། །ས་ལ་དབང་བའི་ལྷ་རྣམས་དང་། །ཁྱད་པར་ཡུལ་འདིའི་གཞི་བདག་དང་། །ས་བདག་རི་བདག་ཆུ་ཡི་བདག །ཤིང་བདག་བྲག་བདག་རྡོ་བདག་དང་། །ཉིན་སྲིབ་ཕུ་མདའ་གཡས་གཡོན་དང་། །ཕ་རི་ཚུ་རི་ལ་གནས་དང་། །ཁྱད་པར་ས་སྐོར་ས་མིག་འདིར། །གཉུག་མར་གནས་པ་ཐམས་ཅད་དང་། །ཡུལ་ལྷ་ས་བདག་ཀླུ་གཉན་རྣམས། །སྐད་ཅིག་ཉིད་ལ་འདིར་གཤེགས་ལ། །རང་རང་མོས་པའི་གདན་ལ་བཞུགས། །ས་བདག་ཀླུ་གཉན་དགའ་བས་གསོན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །དཀར་གསུམ་


CMR040_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མངར་གསུམ་མཆོད་པར་འབུལ། །གསེར་སྐྱེམས་དར་ཟབ་སྣ་ཚོགས་དང་། །ཇ་ཆང་ཞོ་ཕུད་འོ་ཕུད་དང་། །ཕྱེ་མར་བཟང་ཤིང་དུད་པ་དང་། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་དང་། །རྟ་བརྒྱ་གནག་སྟོང་བེའུ་ལུག་ཁྲི། །གཡག་ལུག་ར་གསུམ་གཟུགས་འགྲོས་རྣམས། །ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་པ། །དེ་འདྲའི་མཆོད་རྫས་ངོ་མཚར་ཅན། །ལྷ་ཀླུ་ས་བདག་ཐམས་ཅད་ལ། །འབུལ་ལོ་མཆོད་དོ་བསང་ངོ་བརྔན། །ཁྱེད་རྣམས་མཉེས་ཤིང་ཚིམ་པར་མཛོད། །སྔགས་འཆང་བདག་གི་ཚིག་ལ་གསོན། །ཁྱོད་ཀྱི་ཕོ་བྲང་གནས་མལ་དུ། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །མ་ཤེས་པ་ཡི་དབང་གིས་ནི། །ས་གཉན་བརྐོས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་ཞི་བས་ཟླུམས། །ཕྱེ་མར་དཀར་གསུམ་མཆོད་པས་བསང་། །རྡོ་གཉན་རློག་པ་མ་མཆིས་སོ། །གལ་ཏེ་མཆིས་ན་ཞི་བས་ཟླུམས། །ཕྱེ་མར་དཀར་གསུམ་མཆོད་པས་བསང་། །ཆུ་མིག་བསྒྱུར་བ་མ་མཆིས་སོ། །གལ་ཏེ་མཆིས་ན་ཞི་བས་ཟླུམས། །ཕྱེ་མར་དཀར་གསུམ་མཆོད་པས་བསང་། །ཤིང་གཉན་བཅད་པ་མ་མཆིས་སོ། །གལ་ཏེ་མཆིས་ན་ཞི་བས་ཟླུམས། །


CMR040_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་མར་དཀར་གསུམ་མཆོད་པས་བསང་། །རི་བོའི་རྩེ་ནས་ཀུས་བཏབ་དང་། །རྫིང་དང་ཡུར་བ་དྲངས་བ་དང་། །ཆུ་མིག་གཉན་པོ་རློག་པ་དང་། །རི་ལ་མེ་ཆེན་ཤོར་བ་དང་། །གཉན་ཤ་བསད་དང་རི་དྭགས་བསད། །ཕོ་བྲང་གནས་ཁང་བཤིགས་པ་དང་། །གཉན་སར་ཤ་ཁྲག་ཐོར་བ་དང་། །དཀར་ཐབ་དམར་ཐབ་ཆུ་ཐབ་ཟླཤོར། །ཕོ་བྲང་མིག་ཏུ་ཉལ་བ་དང་། །གཉན་སར་གཅེར་བུར་བུད་པ་དང་། །ཡེངས་བའི་ལམ་ལ་ཕཊ་སྒྲ་དང་། །རྔ་དང་དུང་གིས་བསླང་བ་དང་། །ནུབ་མོ་མེ་འོད་ལྡང་བ་དང་། །གཉན་སར་རླངས་ཅན་ཕོས་པ་དང་། །ས་ཡི་མིག་ཏུ་མེ་བུས་དང་། །ས་གཉན་སློག་དང་ཁང་ལས་བྱས། །ཟབ་རྒོད་གཉེན་པོ་བསྒྲིལ་བ་དང་། །ཡུལ་ལྷ་གཉན་ལ་ཕོག་པ་དང་། །ས་གཉན་རི་གཉན་ཐམས་ཅད་ལ། །འཇོར་གྱིས་བརྐོས་དང་ཐོང་བཙུགས་པ། །བརྒྱལ་དང་སྔངས་དང་བསླངས་པ་དང་། །སྨྲས་དང་བསད་དང་ཕོག་ཐུག་སོགས། །འགྲམ་འཁྲུགས་འགལ་བ་བྱུང་གྱུར་ན། །རྩི་སྨན་སྣ་ཚོགས་མཆོད་པས་བསང་། །དར་ཟབ་སྨན་སྣ་ཚང་བས་བསང་། །ཇ་ཆང་འོ་ཕུད་ཚང་བས་བསང་། །བཟང་


CMR040_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྣ་ཚོགས་དུད་པས་བསང་། །རྣལ་འབྱོར་དག་པའི་སེམས་ཀྱིས་བསང་། །ཡེ་ཤེས་ལྷ་ཡི་ཐུགས་རྗེས་བསང་། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཀྱིས། །འགྲས་པ་ཡོད་ན་ཞི་གྱུར་ཅིག །ཁྲོས་པ་ཡོད་ན་ཞི་གྱུར་ཅིག །ཕོག་ཐུག་འགྲམ་འཁྲུགས་ཞི་གྱུར་ཅིག །འཁོན་འགྲས་ཐམས་ཅད་ཞི་གྱུར་ཅིག །ཀོ་ལོང་ཆེ་བའི་ས་བདག་ཀླུ། །འདིར་གནས་ས་བདག་ཀླུ་གཉན་ལ། །ལུས་ཀྱིས་གུས་བཏུད་ངག་གིས་གསོལ། །ཡིད་ཀྱིས་གཡོ་སྒྱུ་མེད་པར་བསྟོད། །ཟས་ཕུད་རིན་ཆེན་མཆོད་རྫས་འབུལ། །ས་རྡོ་ཤིང་ལ་རིན་ཚབ་འབུལ། །གོ་བའི་གཏམ་དང་བདེན་པའི་ཚིག །ས་འདིར་བྱ་བ་གང་བསྒྲུབ་ཀྱང་། །ས་ལ་ངའི་ཡིན་མ་ཟེར་ཞིག །རྡོ་ལ་ངའི་ཡིན་མ་ཟེར་ཞིག །ཤིང་ལ་ངའི་ཡིན་མ་ཟེར་ཞིག །ཆུ་ལ་ངའི་ཡིན་མ་ཟེར་ཞིག །ཕོག་ཐུག་འགལ་བ་བྱུང་ན་ཡང་། །བཟོད་པ་དམ་པ་མཛད་དུ་གསོལ། །གདུག་རྩུབ་བསམ་ངན་ཀུན་སྤོངས་ལ། །བཟོད་པ་དམ་པ་མཛད་དུ་གསོལ། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་


CMR040_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདིར་མ་ལུས་པ། །ཐོགས་པ་མེད་པར་འབྱུང་བར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་དུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜ་ལ་མ་ཡེ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འགྲམ་འཁྲུགས་བཅོས་ན་འདི་ཅི་མང་བརྗོད། ཡིག་བརྒྱ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད་དོ། །ཞེས་ས་བདག་བསང་རཱ་ག་ཨ་སྱས་མཛད་པའོ། ས་བདག་ཀླུ་གཉན་གདུག་རྩུབ་ཞི་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། །།


previousསྟོང་གསུམ་འཁྲུགས་པ་ཡོ་བཅོས་ཀྱི་ས་བདག་བསང་།next