Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
ས་སྙིང་འཁྲུགས་བཅོས་ཀྱི་བསང་ཕན་བདེ་རེ་སྐོང་དངོས་གྲུབ་ཀུན་འབྱུང་།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousས་སྙིང་འཁྲུགས་བཅོས་ཀྱི་བསང་ཕན་བདེ་རེ་སྐོང་དངོས་གྲུབ་ཀུན་འབྱུང་།next

ས་སྙིང་འཁྲུགས་བཅོས་ཀྱི་བསང་ཕན་བདེ་རེ་སྐོང་དངོས་གྲུབ་ཀུན་འབྱུང་།


CMR040_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྙིང་འཁྲུགས་བཅོས་ཀྱི་བསང་ཕན་བདེ་རེ་སྐོང་དངོས་གྲུབ་ཀུན་འབྱུང་བཞུགས་སོ། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སྡུག་བསྔལ་མ་ལུས་བསལ་བའི་ཕྱིར༔ ཀླུ་གཉན་ས་བདག་བསང་མཆོད་བརྩམ་པར་བྱ༔ རང་ཉིད་སྐད་ཅིག་ཁ་སར་པཱ་ཎིའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ཆུ་ཤེལ་མདོག༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་དཀར་འཛིན༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན༔ ཞབས་གཉིས་ཕྱེད་སྐྱིལ་པདྨ་ཟླ་སྟེང་བཞུགས༔ དམ་ཡེ་དབྱེར་མེད་ཐུགས་ཀར་ཟླ་སྟེང་ཧྲཱིཿ དེ་ལས་ཡི་གེ་གསུམ་འཕྲོས་མཆོད་རྫས་ཐིམ༔ ཉེས་སྐྱོན་བསྲེགས་གཏོར་སྦྱངས་བཀྲུས་བདུད་རྩིར་བསྒྱུར༔ ཀླུ་གཉན་ས་བདག་ཀུན་གྱི་སྤྱན་ལམ་དུ༔ འདོད་དགུའི་ལོངས་སྤྱོད་མཁོ་དགུའི་ལོངས་སྤྱོད་ཚོགས༔ དཔལ་འབྱོར་ཕུན་སུམ་ཚོགས་པར་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ་འཕྲོས་འཇིག་རྟེན་ཁྱབ་པར་སྤེལ༔ བསང་ཁང་དབུས་སུ་དྷི་ལས་ལྷ་མོ་སྔོ༔ ༔ མཐིང་གསལ་དྲན་རྫོགས་ཕྱག་གཡས་ཁྲུས་བུམ་བསྣམས༔ བདུད་རྩིའི་རྒྱུན་གྱིས་ལྷུང་བཟེད་ཉམས་གྲིབ་འཁྲུ༔ གཡོན་པས་སྨན་སྤོས་དུད་སྤྲིན་སངས་རྒྱས་ཞིང་༔ རབ་


CMR040_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་འཇིག་རྟེན་ཁམས་ཁྱབ་དུ་བའི་དྲིས༔ ཀླུ་གཉན་ས་བདག་རྨུགས་སངས་ཟག་མེད་ཀྱི༔ བདེ་བས་ལུས་སེམས་གང་བྱེད་བསྐྱེད་ནུས་འདིས༔ ཀྱཻ༔ སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི༔ ཀླུ་གཉན་ས་བདག་ནད་སེལ་བླ་མ་བསང་༔ སེམས་ཅན་ཀུན་ལ་སྐྱོབ་མཛད་ཐུབ་པའི་དབང་༔ སངས་རྒྱས་སྟོང་གིས་བསྐོར་བ་འཁོར་བཅས་བསང་༔ ཀླུ་རྣམས་ཀུན་ལ་ཕན་མཛད་བཅོམ་ལྡན་འདས༔ སངས་རྒྱས་ཀླུ་དབང་རྒྱལ་པོ་འཁོར་བཅས་བསང་༔ འཇིག་ཏེན་དབང་བསྒྱུར་ཀླུ་ཆེན་དགུ་པོ་རྣམས༔ ཀླུ་བྲན་གྲངས་མེད་འཁོར་དང་བཅས་པ་བསང་༔ ཀླུ་ཡི་བཙུན་མོ་བུ་དང་བུ་མོ་སོགས༔ མ་ལུས་སྡེ་རིགས་ཀླུ་རྣམས་ཐམས་ཅད་བསང་༔ གཉན་ཆེན་ས་ཡ་དགུ་འབུམ་འཁོར་བཅས་དང་༔ བཙུན་མོ་གཉན་ཟ་ལྕམ་མོ་ཐམས་ཅད་བསང་༔ ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་གཉན་ཕྲན་དང་༔ ཡུལ་འདིས་གཉན་རིགས་མ་ལུས་ཐམས་ཅད་བསང་༔ ཀྱཻ༔ བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་༔ ས་བདག་དབང་ཆེན་འཁོར་དང་བཅས་པ་བསང་༔ བཙུན་མོ་ས་ཡི་ལྷ་མོ་བརྟན་མ་དང་༔ ས་འཛིན་ལག་པ་ལྟོ་འཕྱེ་ཆེན་པོ་བསང་༔


CMR040_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལྔའི་ལྷ་མོ་སྤར་བརྒྱད་སྨེ་བ་དགུ༔ ལོ་ཟླ་ཞག་དུས་ས་བདག་ཐམས་ཅད་བསང་༔ ས་བདག་རྒྱལ་པོ་ཆེན་པོ་རྟ་སྐད་དང་༔ སྟག་གི་རྐང་ལག་སྟོང་ཁྲི་བཙན་པོ་སོགས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ས་བདག་བསང་༔ སྣང་ཞིང་སྲིད་པའི་ས་བདག་ཐམས་ཅད་བསང་༔ ཁྱད་པར་ཡུལ་ཕྱོགས་འདིར་གནས་ས་བདག་དང་༔ ས་གཞི་ཞིང་གནས་ས་བདག་ཐམས་ཅད་བསང་༔ མཆོག་ཏུ་ཁང་གནས་འདི་ཡི་ཟུར་ལོགས་བརྒྱད༔ ལྟག་འོག་ར་བར་གནས་པའི་ས་བདག་བསང་༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འགོ་ཞིང་སྲུང་༔ ཁ་འཛིན་སྡོང་གྲོགས་མཛད་པའི་ས་བདག་བསང་༔ ཀྱཻ༔ ཀླུ་ཆེན་ས་བདག་གནས་བདག་ཐམས་ཅད་ལ༔ དཀར་གསུམ་མངར་གསུམ་འབྲུ་སྨན་དར་ཟབ་དང་༔ རིན་ཆེན་སྣ་ཚོགས་འདོད་དགུའི་བསང་མཆོད་འབུལ༔ ཁྱེད་རྣམས་ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག༔ ཀླུ་ཤིང་བཅོ་ལྔའི་བསང་དུད་ཕྱེ་མར་དང་༔ དཀར་གསུམ་འབྲུ་སྨན་ཇ་ཞོ་འོ་ཕུད་གསུར༔ ཀླུ་སྨན་ས་གཉན་ནད་རིགས་ཀུན་ལས་ཐར༔ བཀྲག་མདངས་གཟི་བརྗིད་མཐུ་སྟོབས་རྒྱས་གྱུར་ཅིག༔ ཀྱཻ༔ ཀླུ་


CMR040_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ས་བདག་མ་ལུས་བདག་ལ་དགོངས་སུ་གསོལ༔ བདག་དང་ཡོན་བདག་འཁོར་དང་བཅས་པ་རྣམས༔ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར༔ ཕ་མྱེས་བདུན་རྒྱུད་ཚུན་ནས་ཡང་ཚའི་བར༔ ས་བདག་ཀླུ་གཉན་ཐུགས་དང་འགལ་བའི་ལས༔ ས་རྐོས་ཤིང་བཅད་ན་བྲུས་བྲག་གཉན་བཤིག༔ རི་གཉན་མེ་བཀྱེས་ཕ་ཝང་གཉེན་པོ་གསེས༔ གཞུང་ཆུ་ཡུར་དྲངས་ཆུ་མིག་གཅར་གསུབ་བྱས༔ ཀླུ་ཤིང་བྲེག་བསྲེགས་མནའ་བསྐྱེལ་ཐབ་གཞོབ་བྱས༔ གཏད་ཁྲམ་དྲག་ལས་གཏོར་ཟོར་ཆུ་གནས་བསད༔ ཞིང་མུ་སྤང་རྒོད་ཁང་ལས་བཙོག་ནལ་དང་༔ རི་དྭགས་བསད་སོགས་གང་བྱས་མཐོལ་ཞིང་བཤགས༔ བྱམས་པའི་ཐུགས་ཀྱིས་དེ་དག་བཟོད་པར་གསོལ༔ བསང་མཆོད་ཕུལ་བས་ཀླུ་ཆེན་ས་བདག་ཀུན༔ ནད་དང་སྡུག་བསྔལ་ཉམས་རྨུགས་ཀུན་བྱང་ནས༔ བཀྲག་མདངས་གཟི་བརྗིད་མཐུ་སྟོབས་ནུས་པ་འཕེལ༔ མངའ་ཐང་དཔལ་འབྱོར་ལོངས་སྤྱོད་རྒྱས་གྱུར་ཅིག༔་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ ཁ་འཛིན་སྡོང་གྲོགས་མེལ་ཚེ་སྐྱེལ་བསུ་དང་༔ ལེགས་པ་བརྒྱ་སྤྱོད་ཉེས་པ་སྟོང་དང་བསྣོལ༔ བསམ་པ་སྒྲུབས་ལ་རེ་བ་


CMR040_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྐོངས༔ ཉིན་དུས་བྱ་ར་མཚན་དུས་མེལ་ཚེ་མཛོད༔ མི་ལ་ན་ཚ་ཕྱུགས་ལ་གོད་ཁ་དང་༔ ཞིང་ལ་བཙའ་སད་མ་བཏང་ཐུབ་པར་སྲུངས༔ ལས་དང་རྐྱེན་དབང་སྔོན་ཆད་གནོད་ན་ཡང་༔ ནད་སོལ་དུག་ཕྱུངས་ཕྱིན་ཆད་མ་གནོད་ཅིག༔ རང་རང་སར་བཞུགས་རྟག་ཏུ་སྤུན་གྲོགས་ལྟར༔ བྱམས་པ་དགོངས་མཛོད་ཁ་འཛིན་རྒྱབ་རྟེན་མཛོད༔ བཀྲ་ཤིས་བདེ་ལེགས་རྒྱས་པར་མཛད་དུ་གསོལ༔ རྒྱལ་རིགས་ཀླུ་ཡི་མི་འཕེལ་རྟ་ཧྲིག་སྩོལ༔ རྗེ་རིགས་ཀླུ་ཡི་ནོར་ལུག་རྟ་དྲེལ་སྩོལ༔ བྲམ་ཟེ་ཀླུ་ཡི་བཙན་ཕྱུག་དར་གསུམ་སྩོལ༔ གདོལ་པ་ཀླུ་ཡི་རྨ་གཡང་ཕུན་ཚོགས་སྩོལ༔ གཞན་ཡང་ཀླུ་རིགས་ཕལ་པ་ཐམས་ཅད་ཀྱི༔ ཕྱྭ་དང་གཡང་གི་དངོས་གྲུབ་དཔལ་འབྱོར་ཀུན༔ ཉིན་གསུམ་མཚན་གསུམ་དུས་དྲུག་གཡེལ་མེད་སྩོལ༔ ཅེས་པ་ས་སྙིང་འཁྲུགས་བཅོས་ཀྱི་བསང་ཉུང་བསྡུས་ཤིག་དགོས་ཞེས་སྔགས་ཆུང་ཚེ་དབང་མགོན་ཞེས་པས་བསྐུལ་ཕྱིར་སྔགས་འཆང་ཀརྨ་རཱ་གས་སྦྱར་བ་ལ་ཉེས་འགལ་མཆིས་ན་བཤགས་ཤིང་དགེ་བས་འབྲེལ་ཐོགས་བཀྲ་ཤིས་ཞལ་དྲོ་བར་ཤོག༔ སརྦ་མངྒ་ལཾ། །


previousས་སྙིང་འཁྲུགས་བཅོས་ཀྱི་བསང་ཕན་བདེ་རེ་སྐོང་དངོས་གྲུབ་ཀུན་འབྱུང་།next