Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ས་བདག་གསོལ་མཆོད།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousས་བདག་གསོལ་མཆོད།next

ས་བདག་གསོལ་མཆོད།


CMR040_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ས་བདག་གསོལ་མཆོད་ལ་སོགས་པའི། །ཡུལ་ལྷ་གཞི་བདག་གསོལ་མཆོད་ལ། །དཀར་གསུམ་གཏོར་མ་གསེར་སྐྱེམས་གཡག་ལུག་དང་། །བྱ་ཕོ་སོགས་ཀྱིས་བཀོད་དེ་བྲན། །སྦ་སྨྱུག་དར་ཚོན་ཕྱེ་མར་སོགས། །བྱིན་བརླབས་བྱས་ཏེ་མ་ཡེངས་བར། ཀྱཻ། སྟོང་གསུམ་སྲིད་པའི་འཇིག་རྟེན་དང་། །ས་ཕྱོགས་ཡུལ་རིས་འདི་དག་ན། །གནས་པའི་གཞི་བདག་ཀླུ་གཉན་དང་། །ཡུལ་ལྷ་གཞི་བདག་འཁོར་བཅས་རྣམས། །འཁོར་དང་བཅས་པ་མ་ལུས་ཀུན། །རྣལ་འབྱོར་བདག་གིས་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཁྱེད་ནི་རྫུ་འཕྲུལ་སྟོབས་དང་ལྡན། །བར་སྣང་ས་གཞི་ཀུན་གྱི་བདག །ལེགས་ཉེས་ཀུན་གྱི་ཤན་བྱེད་པ། །འགྲོ་བ་མི་དང་ལྷན་ཅིག་གནས། །ཁྱད་པར་ཡུལ་རིས་ས་ཕྱོགས་འདིར། །ཡུལ་ལྷ་གཞི་བདག་འཁོར་དང་བཅས། །གནས་འདིར་མྱུར་དུ་སྤྱན་འདྲེན་ནོ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཁྱོད་ལ་མཆོད་པ་འབུལ་བ་ནི། །རིན་ཆེན་འབྲས་ཀྱི་གཡག་ལུག་ར། །སྦ་སྙུག་རིན་ཆེན་མདའ་དར་དང་། །དར་སྣ་ལ་སོགས་མཆོད་པ་འབུལ། །ཕྱེ་མར་མཁན་ཤུག་བལ་བུ་


CMR040_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཆང་ཕུད་གསེར་སྐྱེམས་འབྲུ་སྣ་དང་། །འབྲས་ཀྱི་བཤོས་བུ་རྒྱན་ཅན་དང་། །བྱ་ཕོ་མཚལ་བུའི་གསུང་སྙན་དང་། །དཀར་གསུམ་མངར་གསུམ་སྨན་མཆོད་དང་། །དག་ཅིང་གཙང་མར་བཤམས་པ་ཡི། །མཆོད་པའི་བྱེ་བྲག་བསམ་མི་ཁྱབ། །བདག་གི་བསམ་པ་དག་པ་ཡི། །བདེ་གཤེགས་རྣམས་ཀྱི་བྱིན་རླབས་དང་། །སྔགས་དང་ཕྱག་རྒྱའི་ཏིང་འཛིན་གྱིས། །ཁྱོད་ཀྱི་དབང་པོའི་སྤྱོད་ཡུལ་དུ། །ཅི་འདོད་ཡིད་བཞིན་ཚིམས་གྱུར་ཅིག །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །མདའ་དར་བལ་ཚོན་མཆོད་པ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །འབྲང་རྒྱས་ཆང་ཕུད་འོ་མ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཐུག་པ་མཁན་དཀར་སུར་དཀར་གྱིས། །བསང་ཆེན་དུད་པའི་མཆོད་པ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །གཞི་བདག་ཁྱེད་རྣམས་སྤྱན་ལམ་དུ། །མཁོ་དགུ་ཅི་འདོད་ལྡན་གྱུར་ཅིག །ཁྱེད་རྣམས་ཅི་འདོད་ཚིམ་གྱུར་ཅིག །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྔོན་ཚེ་གཞི་བདག་ཁྱེད་རྣམས་ཀྱིས། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རྣལ་འབྱོར་བདག་ཅག་


CMR040_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ། །བསམ་པ་ཡིད་བཞིན་མྱུར་དུ་སྒྲུབས། །འདོད་པའི་དངོས་གྲུབ་མྱུར་དུ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་འདོད་པའི་དོན་ལ་གསོལ་བ་བཏབ་པ་དང་ལོ་རྟག་ཏུ་བསང་འདི་བཏང་བའི་འདོད་དོན་ལྷུན་གྱིས་གྲུབ་ཅིང་། ཡུལ་ཕྱོགས་བཀྲ་ཤིས་བདེ་ལེགས་སུ་གྱུར་ཅིག །ཨོཾ་ལྷ་མིའི་ཕན་བདེའི་ལོངས་སྤྱོད་རྒྱས། །ཟས་ནོར་གཏེར་དང་བདུད་རྩི་འབྱུང་། །ཚེ་རིང་ནད་མེད་དགྲ་རྒོལ་གཞོམ། །ཐམས་ཅད་ཡིད་བཞིན་འགྲུབ་པར་གྱུར། །གནས་གཙང་དཀྱིལ་འཁོར་བྱ་བ་དང་། །ཁྲུས་གཙང་གོས་གསར་གྱོན་བྱས་ནས། །སྐུ་གསུམ་རྣམ་དག་རྟེན་དྲུང་འདུག །སྤོས་དང་མེ་ཏོག་ཁ་ཟས་མཆོད། །རྣལ་འབྱོར་དམ་ཚིག་གཙང་ན་འགྲུབ། །ཅེས་བྲིས་ལ་བཅུག །འདི་ནི་ས་ཡི་ལྷ་མོའི་ས་བདག་པདྨ་ལ་དངོས་སུ་གསུངས་པས་བྱིན་རླབས་ཆེ། མཆོད་གསོལ་སྒྲུབ་པའི་སྐབས་སུ་བརྗོད་དོ། །དེ་སྐད་ལྷ་མོའི་ཞལ་བཞེས་ལྟར། །ཁྱོད་ལ་བསང་མཆོད་ཕུལ་བའི་མཐུས། །བདག་དང་ཡོན་བདག་འཁོར་བཅས་ལ། །ནད་མེད་ཚེ་དང་ལྡན་པ་དང་། །ལོ་ཡག་ནོར་ཕྱུགས་འཕེལ་བ་དང་། །རྨང་པོ་བུ་དང་ལྡན་པ་དང་། །རྟག་ཏུ་བཙན་ཞིང་ཕྱུག་པ་དང་། །རྒྱུན་དུ་འཕེལ་ཞིང་དར་


CMR040_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །རང་སེམས་འདོད་དགུའི་ནོར་དང་སྤྱོད། །བྱེས་སུ་འགྲོ་ན་ལམ་སྣ་མཛོད། །གཞི་ལ་འདུག་ན་ཡུལ་དཔོན་མཛོད། །མཐུ་དཔུང་རྒྱབ་རྟེན་སྡོང་གྲོགས་མཛོད། །རྣལ་འབྱོར་བདག་གི་བསམ་པ་སྒྲུབས། །ཡོན་བདག་དྲིན་ལེན་ཆུད་མ་གསན། །བདག་དང་ཡོན་བདག་འཁོར་བཅས་རྣམས། །སྔོན་ནས་བསུས་ནས་རྒྱབ་ནས་སྐྱོལ། །ལེགས་ཁ་ཟུངས་ལ་རྒྱལ་ཁ་བསྟོད། །ཚེ་དང་བསོད་ནམས་སྤེལ་བར་མཛོད། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །ལོ་ཟླ་ཞག་དང་ཟ་མའི་ཀག །ཡེ་འདྲོག་གློ་བུར་བཟློག་ཏུ་གསོལ། །བསྟན་པ་སྲུང་ཞིང་བསམ་པ་སྒྲུབས། །མཐུན་པའི་སྡོང་གྲོགས་མཛད་དུ་གསོལ། །བཀྲ་ཤིས་བདེ་ལེགས་འཕེལ་བར་མཛོད། །ཡུལ་ལྷའི་བསངས་མཆོད་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།། །།


previousས་བདག་གསོལ་མཆོད།next