Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནམ་ཆོས་ས་བདག་འཁྲུགས་བཅོས་དང་། བུམ་གཏེར་སྦྲགས་སྒྲུབ་དང་འདོན་འགྲིགས་ཀྱི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousགནམ་ཆོས་ས་བདག་འཁྲུགས་བཅོས་དང་། བུམ་གཏེར་སྦྲགས་སྒྲུབ་དང་འདོན་འགྲིགས་ཀྱི་ཟིན་བྲིས།next

གནམ་ཆོས་ས་བདག་འཁྲུགས་བཅོས་དང་། བུམ་གཏེར་སྦྲགས་སྒྲུབ་དང་འདོན་འགྲིགས་ཀྱི་ཟིན་བྲིས།


CMR040_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ས་བདག་འཁྲུགས་བཅོས་དང་། བུམ་གཏེར་སྦྲགས་སྒྲུབ་དང་འདོན་འགྲིགས་ཀྱི་ཟིན་བྲིས་བཞུགས་སོ།།


CMR040_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། །འདིར་གནམ་ཆོས་ལས་བྱུང་བའི་སེམས་དཔའ་ས་ཡི་སྙིང་པོ་དང་། སའི་ལྷ་མོ་བརྟན་མ་གཉིས་ཀྱི་སྦྲགས་སྒྲུབ་ལ་བརྟེན་ནས་ས་བདག་འཁྲུགས་བཅོས་དང་ས་བདག་སྙིང་གཏེར་སྦས་ཚུལ་ནི། ས་བདག་འཁྲུགས་བཅོས་ཀྱི་དཀྱིལ་འཁོར་མཆོད་གཏོར་རྣམས། གཞུང་ནས་འབྱུང་བ་ལྟར་བཤམས། བུམ་པ་བཅས་ལ་བགེགས་བསྐྲད་པ། གཏེར་བུམ་གྱི་རྫས་རྣམས་ཚང་བར་བསགས་ལ། བུམ་པ་དཀྱིལ་འཁོར་གྱི་དབུས་ཀྱི་རྒྱབ་ནས་བཤམས་ལ་ཁ་བཅད་ལ། ཨ་མྲྀ་ཏ་སོགས་ཀྱིས་བསངས་ལ། ཀླུ་སྨན་བཏབ་པའི་བུམ་པ་ཆུ་གཙང་གིས་བྲན་ལ་བཞག །འཁྲུགས་བཅོས་ཀྱི་མངོན་རྟོགས་འདོན་པ་འདི་ལྟར་རོ། །སྒོ་བཞི་སྲུང་བཞི་དང་བཅས་གསལ། །ཅེས་


CMR040_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མངོན་རྟོགས་རྫོགས་སྐབས་བུམ་བསྐྱེད་ལ་དམིགས་བུམ་གཏེར་གཞུང་ལྟར་བྱ། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་། །ཧཱུྃ་ལས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །ཕྱི་ནི་བུམ་པ་ནང་ནི་གཞལ་ཡས་ཁང་། །ཤིན་ཏུ་ཉམས་དགའ་སོགས། བུམ་བསྐྱེད་མངོན་རྟོགས་འདོན་པའི་མཐར། །རྒྱ་ཆེན་རྒྱུན་མི་འཆད་པའི་གཏེར་དུ་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། ཞེས་པའི་བར་འདོན། དེ་ནས་འཁྲུགས་བཅོས་གཞུང་གཙོ་བོ་གསུམ་གྱི་གནས་གསུམ་འབྲུ་གསུམ་གྱི། །ཡིག་འབྲུ་གསུམ་གྱི་སོགས་ནས། སྤྱན་དྲངས་པར་གྱུར། ཧོཿ དེང་འདིར་མཆོད་པ་རྒྱ་ཆེན་སྙན་གསན་


CMR040_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དབབ། དུང་དང་རོལ་མོ་བསྒྲག །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །བསྐུལ་ལོ་སོགས་ནས། ས་མ་ཡ་ཧོ། སོགས་གཞུང་ལྟར་འདོན། དེ་ནས་བུམ་གཏེར་གྱི་གཞུང་གི་སྤྱན་འདྲེན་པ་ནི། ཧོཿ གསོན་ཅིག་དགོངས་ཤིག་མངོན་ཤེས་ཅན། །ཡེ་ཤེས་སྤྱན་དང་ལྡན་པ་སོགས། དགོངས་གསོལ་དང་། སྤྱན་འདྲེན་བྱས་ལ། ན་མསརྦ་ཏ་ཐཱ་ག་ཏ་བྷོ་བྷི་ཤྭ་མུ་ཁེ་བྷྱཱ་སོགས། བར་བུམ་བསྐྱེད་།གཞུང་ལྟར་འདོན་ལ། བུམ་པ་ལ་བསྟིམ། དེ་ནས་བུམ་པ་སྦས་དུས། འདོན་པ་བསྒྱུར་ལ། ཧཱུྃ། རྒྱལ་བ་ཀུན་གྱི་སོགས། སྤྱན་འདྲེན་སོགས་འཁྲུགས་བཅོས་གཞུང་ལྟར་འདོན་ལ། མདུན་བསྐྱེད་བུམ་བསྐྱེད། །རྣམས་ལ་མཆོད་པ་རྣམས་དུས་གཅིག་བྱ། བསྟོད་པའི་གོང་དུ་དཀར་གཏོར་འབུལ། བཤགས་པ་ཚར་ནས་བསྙེན་པ་ནི། ས་སྙིང་ཐུགས་ཀར་ཟླ་བའི་སྟེང་། །ཀྵི་མཐར་སྔགས་ཀྱིས་བསྐོར་བ་སོགས། འཛབ་བཟླས་བསྐུལ་བ་བྱས་པ་ལ། ཨོཾ་ཀྵི་ཧི་ར་ཙ་པྲི་ཐི་དྷེ་ཝི་སྭཱ་ཧཱ། ས་སྙིང་བརྟན་མའི་སྦྲགས་སྒྲུབ་སྙིང་པོ་ཅི་རིགས་བཟླས་སོ། །དེ་ཡང་ཤིན་ཏུ་གལ་ཆེ་ཕན་ཐོགས་ཆེ་བར་བྱེད་ན། བདུན་གཉིས་གསུམ་ཞག་གསུམ་དགུ་སོགས་ལ་སྒྲུབ་པ་བྱེད་དེ་འཁྲུགས་བཅོས་ཀྱི་མཆོད་གཏོར་གསོས་ལ། ཚར་གྲངས་བསོགས་ཏེ། རབ་སྟོང་ཚར། འབྲིང་ལྔ་བརྒྱ། ཐ་མ་སུམ་བརྒྱ། ཡང་མཐའ་བརྒྱའམ་ཉེར་གཅིག་བདུན་ལས་མི་ཉུང་བར་བྱ། དེ་ཞོར་བུམ་པ་བསྒྲུབས་ཏེ་


CMR040_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གྲངས་བདུན་ནམ་གཉིས་ཐ་མ་བདུན་གཅིག་སོགས་བསྒྲུབ་ཅིང་སྦས་པའི་རིམ་གྲོ་མཆོག་སྟེ། ཡུལ་ཕྱོགས་དེར་ལོ་ལེགས་ཤིང་ཆར་ཆུ་དུས་སུ་འབབས་པ། བཙའ་སད་སེར་བའི་གནོད་པ་ཞི་ཞིང་། མི་ནད་ཕྱུགས་ནད་འཆད་ཅིང་ས་བཅུད་རྒྱུས་ལ་ནོར་ཕྱུགས་འཕེལ་ལོ། །དེ་ལ་ཡང་སྔགས་འདི་རབ་འབུམ་ཚོ། འབྲིང་ཁྲི་ཚོ་ལྔ། ཐ་མ་ཡང་ཁྲི་ཚོ་གསུམ་བཟླས་པས་ལོ་ལེགས། ཕོག་ཐུག་ཤོར་བ། ནད་ཞི་བ་སོགས་ཤམ་བུ་འདི་རྣམས་གང་དགོས་པ་དེ་བཟླས་པས། དེར་སྦས་མཆོག་ཏུ་ཕན་ཡོན་ཆེ་བའོ། །དེ་ཡང་ཕན་ཐོགས་ཤིན་ཏུ་ཆེ་བར་བྱེད་ཅིང་བསྒྲུབ་པའོ། །ཞག་གྲངས་ཅི་མང་བདུན་གསུམ་གཉིས་གཅིག་སོགས་ལ་ཚར་གྲངས་བསོགས་ལ་བསྙེན་པ་ཅི་མང་བཟླས་ཏེ་མཆོད་། གཏོར་གསོས་ལ། རབ་སྟོང་ཚར། འབྲིང་ལྔ་བརྒྱ། ཐ་མ་སུམ་བརྒྱ། ཉུང་བསྡུས་བརྒྱ་རྩ་སོགས་བྱས་ན་ཕན་ཆེ། སྔགས་གྲངས་ཀྱང་ས་སྙིང་བརྟན་མ། སྦྲགས་སྒྲུབ་ལ་རབ་འབུམ་ཚོ། འབྲིང་ཁྲི་ཚོ། ཐ་མ་ཡང་སྟོང་ཚོ་བཟླས་ཤིང་། ལས་སྦྱོར་ཤམ་བུ་ལ་སོགས་རྣམས་གང་དགོས་བཟླས་ཤིང་། དེ་ལྟར་འབྲས་བུ་འབྱུང་ངོ་། །དམིགས་པ་ནི། འདོན་འགྲིགས་གཞུང་ལྟར་དཔྱད་ལ་བཟླས་སོ། །བསྙེན་པའི་དུས། ས་སྙིང་ཐུགས་ཀར་ཟླ་བའི་གདན་ལ་ཐིག་ལེ་དཀར་པོ་མིང་ཡིག་དང་པོས་མཚན་པ་དེ་མཐར་ཨོཾ་དང་མིང་ཡིག་སྔགས་སུ་བསམ་པ་སྭཱ་ཧཱ་ཕོ་རྣམས་གཡས་སྐོར་མོ་རྣམས་གཡོན་དུ་འཁོར་བ་ལས་རང་ཡི་དམ་གྱི་


CMR040_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལ་ཕོག་དེ་ལས་སྔགས་ཕྲེང་གཡས་གཡོན་དུ་འཁོར་བ་ངོ་བོ་བདུད་རྩི་ཡིན་པ་ལ། རྣམ་པ་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་བདག་དང་ཡོན་བདག་མི་ནོར་ཐམས་ཅད་ལ་ཕོག །སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་བ་མོར་ཉི་ཟེར་ཕོག་པ་ལྟར་དག་པ་དང་། སླར་ཡང་འོད་ཟེར་བདུད་རྩི་ཚངས་བུག་ནས་ཞུགས་པས་བདུད་རྩིས་ལུས་ཀུན་ལྡེམས་སེ་གང་ནས། ས་བདག་ཀླུ་གཉན་གྱི་གནོད་པའི་ནད་ཐམས་ཅད་དབང་པོའི་སྒོ། །བ་སྤུའི་བུ་ག་དང་སེན་ཕྲག་ཐམས་ཅད་ནས་འབུ་སྲིན་གྱི་ཚུལ་དུ་ཕྱིར་ཐོན་ནས། བར་སྣང་ཁམས་སུ་འཇའ་ལྟར་ཡལ་བར་བསམ། སླར་ཡང་མདུན་གྱི་ལྷ་རྣམས་ལས། །གསེར་གྱི་མདོག་ཅན་འོད་འཕྲོས་པས། །བདག་དང་ཡོན་བདག་ཉིད་ལ་ཕོག་པས་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཕྱུགས་དང་ལོངས་སྤྱོད་ཐམས་ཅད་རྒྱས་པ་དང་། སླར་ཡང་འོད་ཟེར་སེར་པོ་འཕྲོས་པས་དཔག་ཚད་བརྒྱད་ཁྲི་བརྒྱད་སྟོང་གི་ས་ཡི་བཅུད་ཐམས་ཅད་དང་། འབྲུ་དང་རྩི་ཤིང་ནགས་ཚལ་གྱི་བཅུད་ཐམས་ཅད་བསྡུས་ནས་འབྲོག་པའི་སྦྲ་ལྷས་དང་།


CMR040_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་པའི་ཞིང་ས་ཁང་པ་རྣམས་ལ་ཐིམ་པས་ས་བཅུད་ཐམས་ཅད་རྒྱས་ཤིང་ལོ་ཏོག་རྩི་ཤིང་ཐམས་ཅད་རྒྱས་ཏེ་ས་བཅུད་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཨོཾ་ཀྵིཾ་ཧི་རཱ་ཙ་པྲི་ཐི་དྷེ་ཝི་སྭཱ་ཧཱ། ཞེས་ས་སྙིང་དང་བརྟན་མའི་སྦྲགས་སྒྲུབ་ཀྱི་སྔགས་འདི་འབུམ་ཚོ་གསུམ་མམ་གཅིག །འབྲིང་ཁྲི་ཚོ་ལྔ། ཐ་མ་ཁྲི་ཚོ་གསུམ་བསྒྲུབ་པའོ། །ལས་སྦྱོར་ཤམ་བུ་ལོ་ལེགས་པའི་སྔགས་སམ་འཁྲུགས་པ་བཅོས་པ་ལ་སྣང་བརྒྱད་ཀྱི་སྔགས། ཕོག་ཐུག་ཤོར་བ་ལ་གོང་དེའི་བཅུ་ཆ་གཅིག་སྔགས་བཏགས་དགོས། ས་བདག་གི་ནད་གདོན་ཞི་བའི་སྔགས་རྣམས་ཁྲི་ཚོ་རེ་བཟླས་པས་འདོད་དོན་རྣམས་འགྲུབ་བོ། །རང་གི་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ཀྱི་ལས་བྱང་ཉུང་བསྡུས་ཙམ་བཏོན་ནས་གཞན་ཡང་བསང་མཆོད་ཉུང་བསྡུས་དང་། ས་བདག་འཁྲུགས་བཅོས་ཀྱི་བསང་མཆོད་བསྡུས་པ་རྣམས་མ་གཏོགས་གཞན་འདོན་བྱ་མང་པོ་བསྒྱུར་ལ། འཁྲུགས་བཅོས་ཉིད་དང་སྔགས་རྣམས་ལ་འབད་ན་རིམ་གྲོའི་མཆོག་ག། །ས་བདག་ཀླུ་གཉན་ཡུལ་ལྷ་མཉེས་ཤིང་དར་རྒྱས་ཆེ་ཡུལ་ཕྱོགས་དེར་མི་ནད་ཕྱུགས་ནད་ཆད་ཅིང་ཆར་ཆུ་དུས་སུ་འབབས་ཏེ་རྩི་བཅུད་རྒྱས་ནོར་ཕྱུགས་འཕེལ་ཞིང་བཙའ་སད་སེར་གསུམ་ཞི་ནས་ལོ་ལེགས་པར་ཡྻའགྱུར་རོ། །ས་བཅུད་རྒྱས་ནས། ཡུལ་དེར་མི་རྣམས་ལོངས་སྤྱོད་ཆེ་ཞིང་དར་རྒྱས་ཆེ་ལ་བཀྲ་ཤིས་བདེ་ལེགས་འབྱུང་ངོ་། །དེ་ནས་གྲོལ་དུས་མཆོད་བསྟོད་བསྡུས་པ་དང་བཤགས་པ་བྱས་ལ། ཤིང་རྩི་རྣམས་ཕྱོགས་སུ་འབུལ་བཅུག་


CMR040_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ནས་བུམ་བསྐྱེད་མི་གཤེགས་པར་བརྟན་བཞུགས་བྱའོ། །བུམ་བསྐྱེད་ཡེ་ཤེས་པ་དང་འཇིག་རྟེན་པ་ཐམས་ཅད་བུམ་རྫས་རྟེན་འདི་རྣམས་འབྱུང་བ་བཞིའི་གནོད་པས་མ་ཞིག་བར་བུམ་པ་གཞལ་ཡས་ཁང་འདོད་ཡོན་ལོངས་སྤྱོད་ཀྱིས་གང་བ་འདི་ལ་བརྟན་པར་བཞུགས་པར་མཛོད་ཅིག །ཨོཾ་ཀྵིཾ་ཧི་རཱ་ཙ་བྲི་ཐི་དྷེ་ཝི་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཡེ་དྷརྨ་སོགས༔ མདུན་བསྐྱེད་ས་བདག་འཁྲུགས་བཅོས་གཞུང་ལྟར་གཤེགས་གསོལ་བྱེད། དེ་ནས་བུམ་པ་རྒྱབ་རི་ས་དཔལ་བཟང་སར་ཁྲུ་གང་དང་སོར་བཞི་སོགས་གྲུ་བཞིར་རྡོ་ཁྲོལ་སོལ་བ་ཤུག་ཤུན་རྣམས་ཀྱིས་ལྕིབ་ལ་བཞག་འོ་ཆབ་ཀྱིས་བྲན་ལ་སྙིང་གཏེར་སྦས་ཚུལ་འདོན་འགྲིགས་ལྟར་ཚར་བདུན་ནམ་གསུམ་སོགས་དལ་ཁོམ་དང་བསྟུན་ལ་འདོན། ས་རྡོ་བཅག་ལ་རྗེས་མི་མངོན་པར་བྱའོ། །ཞེས་པ་ས་བདག་སྙིང་གཏེར་དང་འཁྲུགས་བཅོས་ཀྱི་སྦྲགས་སྒྲུབ་ཀྱི་འདོན་འགྲིགས་སྔགས་ཆུང་གསར་བུ་རྣམས་ལ་ཕན་པའི་བསམ་པས་ཨ་རཱ་གས་བྲིས་པ། དགེ་བས་སེམས་ཅན་རྣམས་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་ཞིང་། འཇིག་རྟེན་གྱི་ཁམས་སུ་མི་ནད་དང་ཕྱུགས་ནད་རྒྱུན་ཆད་ཅིང་། ཆར་ཆུ་དུས་སུ་བབ་ཅིང་། བདེ་ལེགས་ལོངས་སྤྱོད་དངོས་གྲུབ་ཀྱི་གཏེར་ལ་ལོངས་སྤྱོད་པར་ཤོག་ཅིག །སརྦ་མངྒ་ལཾ། དགེའོ། །དགེ་ལེགས་འཕེལ།། །།


previousགནམ་ཆོས་ས་བདག་འཁྲུགས་བཅོས་དང་། བུམ་གཏེར་སྦྲགས་སྒྲུབ་དང་འདོན་འགྲིགས་ཀྱི་ཟིན་བྲིས།next