Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ས་བདག་དབང་ཆེན་གྱི་བཤོས་བུ་བཀོད་ལུགས་དང་ཙཀ་ལི་དང་མཐུན་རྫས་རྣམས་བཤམས་ལུགས།
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousས་བདག་དབང་ཆེན་གྱི་བཤོས་བུ་བཀོད་ལུགས་དང་ཙཀ་ལི་དང་མཐུན་རྫས་རྣམས་བཤམས་ལུགས།next

ས་བདག་དབང་ཆེན་གྱི་བཤོས་བུ་བཀོད་ལུགས་དང་ཙཀ་ལི་དང་མཐུན་རྫས་རྣམས་བཤམས་ལུགས།


CMR040_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་དབང་ཆེན་གྱི་བཤོས་བུ་བཀོད་ལུགས་དང་ཙཀ་ལི་དང་མཐུན་རྫས་རྣམས་བཤམས་ལུགས་བཞུགས་སོ།། ཨོཾ་སྭ་སྟི། ས་བདག་དབང་ཆེན་ལ་བཤོས་བུ་པད་སྡོང་སུམ་ལ་བརྩེགས་ཅན་རྩེ་རྒྱལ། གཡས་གཡོན་གཉིས་ན་སྣ་ཚོགས་བཤོས་བུའོ། །བརྟན་མ་ལ་པད་ཕོར་རྩེ་རྒྱལ་རིལ་བུས་བསྐོར་བའོ། །ཁམས་ལྔའི་རྒྱལ་པོ་ལ་མཁར་ཐབས་རྩེ་ལྔ། དེའི་ཡུམ་རྣམས་ལ་པད་ཕོར་རེ། མཚམས་བཞི་ལ་མཁར་ཐབས། དེ་རྒྱབ་ཕྱོགས་བཞིར་ས་བདག་བཞི་ལ་གྲུ་བཞི་དགུ་ལིང་ཅན། དུས་བཞིའི་རྒྱལ་མོ་བཞི་ལ་པད་ཕོར་ལྟེ་བ་ཅན། དེ་རྒྱབ་གཟའ་ལ་ལག་བསྣོལ་རྩེ་དགུ། ཚངས་པ་ལ་ལྷ་བཤོས། ཀླུ་ལ་པད་ཕོར་རྩེ་རྒྱལ། གཉན་ལ་ཟླུམ་པོ་རྩེ་ལྔ། མཚམས་ཀྱི་ལྷ་རྣམས་དང་ས་བདག་ལ་པད་ཕོར། སྤར་ཁ་བརྒྱད་ལ་པད་ཕོར་འབྲང་རྒྱས་ཅན། སྨེ་བ་དགུ་ལ་འབྲང་རྒྱས་སྟེང་ལིང་དགུ་ཡོད་པ། ལོ་སྐོར་བཅུ་གཉིས་ལ་འབྲང་རྒྱས། སྟེང་འོག་ཕྱོགས་བཞིར་ཟློག་པའི་དཀྱིལ་དུ་རིལ་བུ་ཡོད་པ། ཐེ་སེ་རྟ་ཞོན་ལ་སོགས་པ་ས་བདག་ཐམས་ཅད་ལ་ནི་པད་ཕོར། ལྷ་རྣམས་ལ་ལྷ་བཤོས། ཕྱོགས་སྐྱོང་ལ་ཟླུམ་པོ་རྩེ་ལྔ། ལོ་རྒན་དྲུག་ཅུ་ལ་མྱུ་གུ། སྒོ་གཉེན་བཞི་ལ་ཟླུམ་པོ་


CMR040_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལྔ། རྒྱལ་ཆེན་བཞི་ལ་མཁར་ཐབས། རྒྱུ་སྐར་ལ་འབྲང་རྒྱས། ༈ ད་ནི་ཕྱོགས་སོ་སོའི་དངར། ཕྱོགས་བཞིར་སྤྱིའི་མཐུན་རྫས་རྣམས་བཤད་དེ། དེའང་ཤིང་རྩི་གཉེན་པའི་གསོབ་དང་སྐྲ་དང་བ་སྤུའི་གླུད་ལ་ཤིང་བརྒྱད་ནི། ཤར་དུ་ཐང་ཤིང་། ལྷོར་སྨྱུག་མ། ནུབ་ཏུ་སྐྱེར་པ། བྱང་ན་ལྕང་མ། ཤར་ལྷོར་སུར་བུ། ལྷོ་ནུབ་ཏུ་འོམ་བུ། ནུབ་བྱང་དུ་སེ་ཤིང་། བྱང་ཤར་དུ་དེ་བ། ༈ དཀོར་ནོར་གྱི་གསོབ་དང་གླུད་ལ། ནོར་བརྒྱད་ནི། ཤར་དུ་སྟག །ལྷོར་གཡུ། ནུབ་ཏུ་ཁྲབ་རྨོག །བྱང་དུ་ཁྲ་ཆུ། ཤར་ལྷོར་དངུལ། ལྷོ་ནུབ་ཏུ་ཐག་ཤ །ནུབ་བྱང་དུ་རལ་གྲི། བྱང་ཤར་དུ་གསེར། ༈ ས་བདག་གི་པགས་པ་ཉམས་པའི་གསོབ་དང་གོས་ཀྱི་གླུད་བརྒྱད་ནི། ཤར་དུ་རོ་རས། ལྷོ་རུ་ཞྭ། ནུབ་ཏུ་སློག་པ། བྱང་དུ་ལྷམ་དང་དོར་མ། ཤར་ལྷོར་གཟིག་ཐུལ། ལྷོ་ནུབ་ཏུ་གོ་ཟུ། ནུབ་བྱང་དུ་བོན་གོས། བྱང་ཤར་དུ་ངུར་སྨྲིག ༈ །ཞལ་ཟན་འབྲུའི་གསོབ་དང་གླུད་བརྒྱད་ནི། ཤར་དུ་ཁྲེ་རྩི། ལྷོར་གྲོ། ནུབ་ཏུ་བྱི་རྩེ། བྱང་དུ་ཡུངས་ཀར། ཤར་ལྷོར་སྲན་མ། ལྷོ་ནུབ་ཏུ་ཟར་མ། ནུབ་བྱང་དུ་སྲན་མ། བྱང་ཤར་དུ་སྤེལ་བུའོ།། ༈ ནོར་


CMR040_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་ཉམས་པའི་གསོབ་དང་གླུད་བརྒྱད་ནི། ཤར་དུ་བོང་བུ། ལྷོར་རྟ། ནུབ་ཏུ་ར། བྱང་དུ་ཕག །ཤར་ལྷོར་མཛོ། ལྷོ་ནུབ་ཏུ་ལུག །ནུབ་བྱང་དུ་ཁྱི། བྱང་ཤར་དུ་གླང་། ༈ སྤྱད་ནག་གི་ཉེས་པ་ཞི་བར་བྱེད་པའི་ཕྱིར་ཁྱིམ་ཆ་བརྒྱད་ནི། ཤར་དུ་ཁོག་མ། ལྷོར་སྐྱེད་པུ། ནུབ་ཏུ་རྫ་མ། བྱང་དུ་བུམ་པ། ཤར་ལྷོར་གླུད་བུ། ལྷོ་ནུབ་ཏུ་བྱ། ནུབ་བྱང་དུ་གཞོང་པ། བྱང་ཤར་དུ་སྒྲོ་བའོ། ༈ །སྤྱན་གཟིགས་ཉམས་པའི་གསོབ་ཞལ་ཟས་བརྒྱད་ནི། ཤར་དུ་བེ་རག །ལྷོར་མན་ཏིལ། ནུབ་ཏུ་ཧོ་སེང་། །བྱང་དུ་འཇམ་ལེགས། ཤར་ལྷོར་ཁུར་བ། ལྷོ་ནུབ་ཏུ་འཇམ་སོབ། ནུབ་བྱང་དུ་ཞོ། བྱང་ཤར་དུ་སྐུད་པའོ། ༈ །ཐབ་ཉེས་བཅོས་པའི་གཡོས་བརྒྱད་ནི། ཤར་དུ་ནང་ཆ། ལྷོར་ཞོ་སྨན། ནུབ་ཏུ་ཏིལ་མར། བྱང་དུ་ཚྭ་ཆུ། ཤར་ལྷོར་ཆང་། ལྷོ་ནུབ་ཏུ་ཤ་ཁུ། ནུབ་བྱང་དུ་ཐུད། བྱང་ཤར་དུ་འོ་མངར། ༈ ཆུ་གཉན་དཀྲུག་པའི་ཉེས་པ་། བཅོས་པའི་སྤྱོད་བརྒྱད་ནི། ཤར་དུ་བཅའ་བ། ལྷོར་ཚྭ། ནུབ་ཏུ་གཡེར་མ། བྱང་དུ་ལ་ཕུག །ཤར་ལྷོར་ཕོ་ཚིལ། ལྷོ་ནུབ་ཏུ་པི་པི་ལིང་། ནུབ་བྱང་དུ་གུ་གུལ་དཀར་པོ། །


CMR040_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཤར་དུ་མངར་སྣབ། ༈ ཕྱུགས་ཀྱི་གོད་གཅོད་པའི་ཐོད་པ་བརྒྱད་ནི། ཤར་དུ་བོང་ཐོད། ལྷོར་རྟ་ཐོད། ནུབ་ཏུ་ར་ཐོད། བྱང་དུ་ཕག་ཐོད། ཤར་ལྷོར་མཛོ་ཐོད། ལྷོ་ནུབ་ཏུ་ལུག་ཐོད། ནུབ་བྱང་དུ་གླང་ཐོད། བྱང་ཤར་དུ་ཁྱི་ཐོད། ༈ ཐབ་འཁོན་གྱི་ཉེས་པ་གཅོད་པའི་རྭ་བཅོ་བརྒྱད་ནི། ཤར་དུ་གཙོད། ལྷོ་རུ་ཤྭ་བ། ནུབ་ཏུ་གཡག །བྱང་དུ་གླང་། ཤར་ལྷོར་རྡོལ་པའི་རྭ། ལྷོ་ནུབ་ཏུ་ཐུག་ལེའི་རྭ། ནུབ་བྱང་དུ་་་ར་གང་ཡིན་མ་གསལ། བྱང་ཤར་དུ་མཛོ་རྭ། ༈ ས་རྐོས་རྡོ་སློག་གི་ཉེས་པ་བཅོས་པའི་ཤིང་བརྒྱད་ནི། གཉའ་ཤིང་། དབྱག་པ། ཐོང་ཆ། སྡུད་མོ། འཇོར། བྲད་མ། དབྱག་དཀར། ༈ མཚོན་གྱི་ཉེས་པ་བཟློག་པའི་མཚོན་བརྒྱད་ནི། མདལ། གཞུ། རལ་གྲི། སྟ་རེ། སྟེའུ། ཆུ་གྲི། མདུང་། ཐོ་བ། ༈ མི་གཉན་པ་བསྒྱུར་བའི་སྒྲ་སྙན་བརྒྱད།་་་སྒྲ་སྙན་བརྒྱད་མ་གསལ། ནད་ཐོར་ཞི་བའི་དབང་པོའི་གླུད་བརྒྱད། །མཆིན་པ། སྙིང་། གློ་བ། མཁལ་མ། མཚེར་པ། ཕོ་བ། གཉའ་མ། སུལ་མོ། ༈ །འབྱུང་བའི་ནད་ཞི་བའི་ཤ་སྣ་ནི། ཝ་ཤ །བྱ་ཤ །ར་ཤ །ཉ་ཤ །གནག་


CMR040_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཤ་དང་ལྔའོ། ༈ །མི་ནོར་གྱི་བཀྲག་མདངས་བསྐྱེད་པའི་དར་སྣ་ལྔ་ཕྱོགས་བཞི་དབུས་དང་ལྔ་ལ་བཏགས་སོ། བཀྲ་ཤིས་བདེ་ལེགས་འཕེལ་བར་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousས་བདག་དབང་ཆེན་གྱི་བཤོས་བུ་བཀོད་ལུགས་དང་ཙཀ་ལི་དང་མཐུན་རྫས་རྣམས་བཤམས་ལུགས།next