Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུའི་མགོན་པོ་དཀར་པོ་སྒྲུབ་པའི་ཞལ་ཤེས་ཀྱི་ཟིན་བྲིས།
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུའི་མགོན་པོ་དཀར་པོ་སྒྲུབ་པའི་ཞལ་ཤེས་ཀྱི་ཟིན་བྲིས།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུའི་མགོན་པོ་དཀར་པོ་སྒྲུབ་པའི་ཞལ་ཤེས་ཀྱི་ཟིན་བྲིས།


CMR040_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུའི་མགོན་པོ་དཀར་པོ་སྒྲུབ་པའི་ཞལ་ཤེས་ཀྱི་ཟིན་བྲིས་བཞུགས་སོ༔


CMR040_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་པཱ་ཎི་ཡེ༔ གསང་བདག་མཆོག་ལ་ཕྱག་འཚལ་ལོ༔ ཀླུ་ཡི་མགོན་པོ་དཀར་པོ་ཡི༔ སྒྲུབ་ཐབས་གནམ་ཆོས་ཞལ་ཤེས་བྲི༔ ཀླུ་ཡི་མགོན་པོས་བཀའ་གནང་སྩོལ༔ འདི་ལ་རྒྱས་འབྲིང་བསྡུས་གསུམ་སྟེ༔ རྒྱས་པར་ས་སྟེགས་གྲུ་བཞིའི་སྟེང་༔ རྡུལ་ཚོན་པད་དཀར་འདབ་བརྒྱད་བྲི༔ དེ་རྒྱབ་ཆུ་རིས་སྔོན་པོ་ཟླུམ༔ དེ་རྒྱབ་སྤང་སྔོན་བསྒྲིགས་པ་ལ༔ ཤིང་རྩི་སྣ་ཚོགས་ར་བས་བསྐོར༔ འབྲིང་དུ་གཞི་དཀར་གཙང་མའི་སྟེང་༔ ནས་ཀྱི་པདྨ་བདབ་བརྒྱད་བྲི༔ བསྡུ་ན་དཀྱིལ་འཁོར་མི་དགོས་སོ༔ སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་སྟེ༔ ལུང་པ་ཤར་


CMR040_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གྱུའི་ས་སྣ་དང་༔ དེ་ཡི་ཉ་ལྕིབ་ཆུ་དང་བཅས༔ ཆུ་མིག་ཤར་གྱུའི་ཆུ་དང་ས༔ ཙན་དན་དཀར་པོ་ཀླུ་སྨན་དང་༔ རིན་ཆེན་སྣ་ཚོགས་ཞིབ་པར་བཏགས༔ བ་དམར་ར་དཀར་འོ་མས་སྦྲུས༔ ས་ནི་སྤྱིན་པོ་དང་བསྲེས་ལ༔ གླང་པོ་ཆེ་ཡི་གཟུགས་གཅིག་བྱ༔ མཁལ་ཁུང་གཉིས་སུ་འབྲུ་སྣ་བླུག༔ བསྒྲུབ་སྔགས་ཀུན་གྱི་ཤོག་དྲིལ་ནི༔ གང་འདོད་ཟས་ནོར་ལོངས་སྤྱོད་རྣམས༔ སྩོལ་ཞེས་ཤམ་བུ་དང་བཅས་ལ༔ རྒྱ་སྣག་གིས་ནི་གྲོ་གར་བྲིས༔ དར་སེར་བཏུམ་ལ་སྙིང་ཀར་བཅུག༔ གོང་གི་རྫས་དང་ས་སྣ་ལ༔ བང་བའི་གཟུགས་ནི་ཁྲུ་བཞི་ལ༔ ལོགས་རེར་ཁྲུ་


CMR040_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཡོད་པར་བྱ༔ དེ་ཡི་ནང་དུ་གླང་ཆེན་བཞག༔ ཀླུ་སྨན་འབྲུ་སྣ་རིན་པོ་ཆེ༔ དཀར་གསུམ་མངར་གསུམ་རྣམས་ཀྱིས་བཀང་༔ ཁ་ལེབ་སོར་གཅིག་ལྟེ་བ་ལ༔ འཁོར་ལོ་རྩིབས་བརྒྱད་བྲིས་པས་བཀབ༔ དེ་ལྟར་འཛོམ་པར་མ་གྱུར་ན༔ ཟངས་སམ་རིན་ཆེན་བུམ་པའམ༔ བསྲེ་ཡི་པར་བུ་གཙང་མ་འམ༔ མེད་ན་ཤིང་ངམ་རྫ་ཡི་ནི༔ སྒྲོམ་བུ་འམ་ནི་པར་བུའི་ནང་༔ ཀླུ་སྨན་རིན་ཆེན་སྣ་ཚོགས་དང་༔ བཟང་དྲུག་འབྲུ་སྣ་མངར་གསུམ་དང་༔ ཀླུ་སྨན་གླ་རིལ་ཙམ་པ་བདུན༔ མགྲོན་བུ་ལ་ནི་སྔགས་ཤོག་དྲིལ༔ དར་དཀར་ཁུག་མར་བློབཅུག་པ་དང་༔ སྒྲུབ་རྫས་དེ་གཉིས་གང་འཛོམ་པ༔ དཀྱིལ་འཁོར་དབུས་སུ་བཞག་པར་བྱ༔ གཙོ་བོ་དུང་སྐྱོང་ཡུམ་གསུམ་གྱི༔ ཙཀ་ལི་འམ་ནི་ཐང་སྐུ་ནི༔ དེ་ཡི་སྟེང་དུ་བཤམ་པར་བྱ༔ རིན་ཆེན་སྣོད་དམ་སྣོད་གཙང་དུ༔ གཏོར་མ་བཅས་པ་མདུན་དུ་བཞག༔ རྒྱས་པར་དབུས་སུ་ཆེ་བ་གཅིག༔ དེ་བས་ཆུང་ཙམ་གཡས་གཡོན་གཉིས༔ དཀར་གཏོར་རྩེ་རྒྱལ་ཡིན་པ་སྟེ༔ དེ་རྒྱབ་དུང་གི་དབྱིབས་འདྲ་བའི༔ བརྒྱད་ཀྱིས་མཐའ་ནི་བསྐོར་བ་བྱ༔ དཀྱིལ་འཁོར་ཆུ་རིས་སྟེང་དུ་ནི༔ སྦལ་སྦྲུལ་ཆུ་རྟ་ཆུ་ལུག་དང་༔ ཆུ་འབྲི་འམ་ཆུ་གནས་


CMR040_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་གཟུགས༔ ཐམས་ཅད་རྗེན་འཐག་ཟན་ལ་བཅའ༔ ཞོ་དང་འོ་མའི་མཆོད་ཡོན་དང་༔་ཕྱེ་མར་ཐུད་ཆུར་མར་སོགས་དང་༔ མེ་ཏོག་ཤིང་ཐོག་འབྲུ་སྣའི་རིགས༔ ཤ་ཁྲག་མ་གཏོགས་ཟས་སྣ་ནི༔ མཆོད་པ་ཅི་འབྱོར་གཟབ་ལ་བཤམས༔ སྣ་ཚོགས་དར་གྱིས་བརྒྱན་པ་ཡི༔ མདའ་ནི་རྒོད་སྒྲོ་མ་ཡང་བཙུགས༔ དེ་ལ་སྔགས་ཀྱི་ཤོག་དྲིལ་དང་༔ གཡུ་དུང་བྱུ་རུ་ཉ་ཕྱིས་བཏགས༔ དེ་ལྟར་སྒྲུབ་རྫས་འཛོམ་ན་བཟང་༔ གལ་ཏེ་ཅི་ཡང་མི་འཛོམས་ན༔ དཀར་གཏོར་ཆེ་བ་གཅིག་ལ་ནི༔ དུང་འདྲའི་རིལ་བུ་བརྒྱད་ཀྱིས་བསྐོར༔ དེ་ལ་ཀླུ་སྨན་བཏབ་པས་འཐུས༔ རང་ཉིད་ཁྲུས་དང་གཙང་སྦྲ་བྱ༔ སྒྲུབ་ཚེ་མཚམས་བསྡམས་ངག་མི་སྨྲ༔ ཤ་ཆང་སྤང་ལ་དཀར་གསུམ་བཟའ༔ ཁྱི་དང་བུད་མེད་མཛེ་ཡུགས་དང་༔ དམེ་ཅན་སྡིག་ཅན་གྲིབ་ཆེན་ནི༔ མཚམས་ཁང་ནང་དུ་མི་བཙུད་འཛེམས༔ དེ་ཚེ་འཁོན་དང་འཐབ་མོ་དང་༔ ཐབ་གཞོབ་སྤངས་བར་བྱ་བ་གཅེས༔ དུས་ནི་ཀླུ་ཐེབས་ཡོད་པའི་དུས༔ རབ་ཏུ་ཞག་བདུན་འབྲིང་ཞག་ལྔ༔ ཐ་མ་བཅུ་བཞི་ནས་བཟུང་སྟེ༔ བཅུ་དྲུག་བར་དུ་ཞག་གསུམ་བསྒྲུབ༔ རང་ཉིད་ཕྱག་ན་རྡོ་རྗེ་འམ༔ ཡང་ན་ཨོ་རྒྱན་


CMR040_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱ༔ བདག་གིས་སོགས་བསྙེན་ཞག་གསུམ་བྱ༔ དེ་ནས་རྒྱུན་དུ་ནོར་སྒྲུབ་སྔགས༔ དེ་ནི་རྒྱུན་དུ་འདོན་པར་བྱ༔ རྟགས་ནི་ཁ་ཆར་འབེབཨོཾས་པ་དང་༔ འབྲུག་དང་ཁུ་འཕངས་བབ་ན་བཟང་༔ ཉམས་སྣང་ངམ་ནི་རྨི་ལམ་དུ༔ མཚོ་དང་ཆུ་མིག་ནེའུ་སིང་དང་༔ མེ་ཏོག་རྒྱས་པའི་ཚལ་དུ་ཕྱིན༔ ཆུ་གནས་སྣ་ཚོགས་རྨིས་པ་དང་༔ རྒྱལ་པོ་བློན་པོ་མི་ཆེན་དང་ཁྱེའུ་བུ་མོ་མེས་མོ་དང་༔ འབྲོག་པའི་རུ་བ་ཚན་ཆེན་དང་༔ རྟ་ལུག་ནོར་ཁྱུ་ཚུར་བྱུང་དང་༔ རིན་ཆེན་གཏེར་ཁ་རྙེད་པ་དང་ལོ་ཐོག་རྒྱས་དང་འབྲུ་ལ་སྤྱོད༔ ཟས་ནོར་ལོངས་སྤྱོད་ཕུལ་བྱུང་དང་༔ མི་མང་ཕྱག་འཚལ་བཀུར་སྟི་བྱེད༔ དེ་སོགས་དཔག་མེད་རིགས་པས་དཔྱད༔ སྒྲུབ་པ་ཚར་ནས་སྒྲུབ་རྫས་རྣམས༔ གཞན་གྱིས་མ་མཐོང་ཕུགས་སུ་སྦས༔ ཆུ་གནས་གཟུགས་རྣམས་ཆུ་མིག་སྦས༔ ཡང་ན་ཆུ་ཆེན་ནང་དུ་བསྐྱལ༔ བྱ་དང་ཁྱི་ཡིས་མི་ལོན་བྱ༔ གཏོར་མཆོད་ཐམས་ཅད་ཆ་གསུམ་བསྒོས༔ ཆ་གཅིག་རི་མགོ་གཙང་སར་བསྐྱལ༔ ཆ་གཅིག་ཆུ་བོ་ཆུ་མིག་བསྐྱལ༔ ཆ་གཅིག་ཕུགས་སུ་སྦ་བ་དང་༔ ཅུང་ཟད་དངོས་གྲུབ་མོས་ན་བཟའ༔ རྗེས་ནས་སྐབས་སུ་མཆོད་གཏོར་ཕུལ༔ དེ་ཚེ་གཏོར་


CMR040_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མ་དངོས་གྲུབ་རོལ༔ ཕྱི་རྗེས་མི་ལ་སྦྱིན་མི་བྱ༔ བྱིན་ན་རང་གི་གཡང་ཁ་རལ༔ འདི་ནི་འཇམ་དབྱངས་སྤྲུལ་པ་སྟེ༔ ཕྱི་མའི་ས་ལམ་བར་ཆད་སེལ༔ འདི་ནི་ལན་གསུམ་སྒྲུབ་པ་ན༔ བསོད་ནམས་ནམ་མཁའ་དང་མཉམ་གསུངས༔ སྟོང་གསུམ་ལྷ་འདྲེ་མི་གསུམ་རྣམས༔ ཐམས་ཅད་དབང་དུ་འདུ་བར་གསུངས༔ རང་གི་རིགས་རྒྱུད་དར་ཞིང་རྒྱས༔ བུ་ཚ་བུ་མོ་ཐམས་ཅད་ཀྱང་༔ གཟུགས་བཟང་མདོག་དཀར་ཤེས་རབ་ཆེ༔ ལོ་ལེགས་འབྲུ་འཕེལ་ནོར་སྒབ་སོས༔ བང་མཛོད་འབྲུ་དང་རྐང་བཞི་ཕྱུགས༔ རྨ་གཡང་ཟས་ཀྱི་དངོས་གྲུབ་འབྱུང་༔ ལོངས་སྤྱོད་རྒྱ་མཚོ་ལུད་བཞིན་འབྱུང་༔ མི་འཕེན་རྟ་ཧྲག་བཙན་ཕྱུག་འཛོམས༔ འདི་ནི་ནོར་ལྷའི་མཆོག་ཡིན་ཏེ༔ རྒྱུད་འཇམ་འཁུ་ལྡོག་གནོད་པ་མེད༔ ནད་ཉུང་ཚེ་རིང་བསམ་དགུ་འགྲུབ༔ སྨར་ཁམས་སྒང་གི་ས་ཆ་ཀུན༔ ཁོ་ཡི་ཕོ་བྲང་ཡིན་པའི་ཕྱིར༔ བསྒྲུབ་ན་འགྲུབ་སླ་རྣོ་མྱུར་ཚེ༔ འདི་ཡི་མན་ངག་གནད་ཟབ་ནི༔ མ་གསང་ན་ནི་མི་འགྲུབ་པས༔ གཞན་ལ་ཤིན་ཏུ་གསང་ཞིང་བསྒྲུབ༔ དངོས་གྲུབ་ལོངས་སྤྱོད་ཅི་བྱུང་བ༔ དེ་ལ་ཆ་གསུམ་བགོས་བྱས་ལ༔ ཆ་གཅིག་བླ་མ་དཀོན་མཆོག་མཆོད༔ ཡང་


CMR040_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ན་དགེ་བའི་ཕྱོགས་སུ་བཏང་༔ ཆ་གཅིག་སྦྱིན་པ་བཏང་བའམ༔ དགེ་འདུན་རྣམས་ལ་ཚོགས་གསོག་བྱ༔ ཆ་གཅིག་རང་གི་ལོངས་སྤྱོད་བྱ༔ འདི་ཉིད་དབང་ལུང་ཞུ་བའི་དུས༔ རིན་པོ་ཆེ་ཡི་རིགས་གཅིག་ནི༔ སློབ་དཔོན་ལ་ཕུལ་དངོས་གྲུབ་མྱུར༔ དེ་དུས་འབུལ་རྒྱུ་མ་རྙེད་ན༔ རྗེས་ནས་ཕུལ་བའི་ཁས་བླང་བྱ༔ དེ་ལྟར་ཀླུ་ཡི་མགོན་པོ་ཡི༔ སྒྲུབ་ཐབས་ཞལ་ཤེས་ཟིན་བྲིས་ཏེ༔ གནམ་ཆོས་སྒྲུབ་ཐབས་ཁ་སྐོང་དུ༔ རྒྱ་གར་ཁྲག་འཐུང་ནག་པོ་ཡིས༔ ནག་པོ་ཀླུ་ཡི་ཟླ་གནས་ནས༔ མི་མགོན་དཀར་པོའི་སྒྲུབ་ཐབས་ནི༔ ནོར་སྒྲུབ་རིན་ཆེན་གཏེར་མཛོད་མཛད༔ ཆུ་བོ་གང་གཱའི་འགྲམ་དུ་ནི༔ བླ་མ་དཔལ་ཆེན་ཧྥ་ལོ་ལ༔ ཀླུ་ཡི་རྒྱལ་པོ་ཉིད་ཀྱིས་ཕུལ༔ ཕག་གྲུས་ཉག་རས་སེ་བོར་བརྒྱུད༔ གཞན་ཡང་མི་མགོན་དཀར་པོ་ཡི༔ སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ༔ པཎ་ཆེན་དྷི་པཾ་ཀ་ར་དང་༔ ཨ་ཝ་བཱི་རུ་པ་ནས་བརྒྱུད༔ མར་པ་མི་ལ་སྒམ་པོ་པ༔ ཕག་གྲུས་ཉག་རས་སེ་བོར་བརྒྱུད༔ དེ་དག་ཀུན་གྱི་དོན་བསྡུས་ནས༔ གནམ་ཆོས་ནས་བྱུང་ལྷན་ཐབས་སུ༔ ༧ སྔགས་འཆང་རཱ་ག་ཨ་སྱ་ཡིས་སྨར་ཁམས་ས་ཆར་གནས་པ་ཡི༔ ཉམས་ལེན་སྒྲུབ་པ་རྩེ་གཅིག་ཏུ༔


CMR040_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་སྐལ་ལྡན་མང་པོ་ལ༔ མཐུན་རྐྱེན་འཚོ་བས་མི་འཕོང་བར༔ འབྱོར་པ་ཕུན་སུམ་ཚོགས་པ་དང་༔ གསང་སྔགས་རྙིང་མའི་དགེ་འདུན་རྣམས༔ ལྟོགས་རྒུར་མུ་གེ་མི་མཐོང་བར༔ མངའ་ཐང་སྟོབས་འབྱོར་རྒྱས་ཕྱིར་བྲིས༔ འདི་བྲིས་ཉེས་འགལ་ལྷ་ལ་བཤགས༔ དགེ་བས་གནམ་ཆོས་ཉམས་ལེན་ཅིང་༔ ས་ཕྱོགས་དེ་རུ་སྒྲུབ་པ་རྣམས༔ ལོངས་སྤྱོད་རྒྱ་མཚོ་ལྟར་རྒྱས་ནས༔ ཨོ་རྒྱན་བསྟན་པ་རྒྱས་པར་ཤོག༔ མངྒ་ལཾ།། །།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུའི་མགོན་པོ་དཀར་པོ་སྒྲུབ་པའི་ཞལ་ཤེས་ཀྱི་ཟིན་བྲིས།next