Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཀླུའི་བསང་མཆོད་ཕན་བདེའི་རྒྱ་མཚོ་ཀླུ་གཡང་དངོས་གྲུབ་ཀྱི་རླབས་ཕྲེང་རབ་ཏུ་གཡོ་བ།
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousཀླུའི་བསང་མཆོད་ཕན་བདེའི་རྒྱ་མཚོ་ཀླུ་གཡང་དངོས་གྲུབ་ཀྱི་རླབས་ཕྲེང་རབ་ཏུ་གཡོ་བ།next

ཀླུའི་བསང་མཆོད་ཕན་བདེའི་རྒྱ་མཚོ་ཀླུ་གཡང་དངོས་གྲུབ་ཀྱི་རླབས་ཕྲེང་རབ་ཏུ་གཡོ་བ།


CMR040_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུའི་བསང་མཆོད་ཕན་བདེའི་རྒྱ་མཚོ་ཀླུ་གཡང་དངོས་གྲུབ་ཀྱི་རླབས་ཕྲེང་རབ་ཏུ་གཡོ་བ་ཞེས་བྱ་བ་བཞུགས་སོ།།


CMR040_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འཇིག་རྟེན་དབང་ཕྱུག་ཞབས་ལ་ཕྱག་འཚལ་ནས། །འཇིག་རྟེན་ཀུན་ལ་ཕན་བདེ་འབྱུང་བའི་ཕྱིར། །འཇིག་རྟེན་འཇིག་རྟེན་འདས་པའི་ཀླུརྣམས་ལ། །འཇིག་རྟེན་དྲེགས་པའི་བསང་མཆོད་འབུལ་འདོད་ན། །འཇིག་རྟེན་འདིར་སྐྱེས་བཟང་ཤིང་སྣ་ཚོགས་དང་། །དཀར་གསུམ་མངར་གསུམ་ཕྱེ་མར་ལ་སོགས་པ། །ཤ་ཁྲག་སྤང་བའི་འཇིག་རྟེན་ཟས་ཕུད་བསྲེག །བདག་ཉིད་བྱམས་ཆེན་གཉུག་མའི་ཏིང་འཛིན་གྱིས། །ངག་གིས་གང་བརྗོད་ཡིད་ཀྱིས་གྱེར་བསྒོམ་བྱ། །ཨེ་མ་ཧོ༔ བདག་དང་ཀླུ་ཡི་གཙོར་བྱས་སེམས་ཅན་ཀུན། །བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཀླུ་དང་ས་བདག་ལ་སོགས་སེམས་ཅན་ཀུན། །བདེ་ལ་


CMR040_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་ཕྱིར་བྱང་ཆུབ་སེམས་བསྐྱེད་དོ། །སྟོང་པའི་རང་མདངས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ། །དཀར་གསལ་ཞལ་གཅིག་ཞི་འཛུམ་ཐོར་ཙུགས་ཅན། །དར་དང་རིན་ཆེན་རྒྱན་ལྡན་ཕྱེད་སྐྱིལ་བཞུགས། །ཀྲིཥྛ་ས་རིའི་པགས་པས་ནུ་གཡོན་བཀབ། །ཕྱག་གཡས་མཆོག་སྦྱིན་བདུད་རྩི་སྨན་ཆར་འབེབས། །གཡོན་པས་པད་དཀར་ཡུ་བ་ཐུགས་ཀར་འཛིན། །ཡེ་ནས་དམ་ཡེ་དབྱེར་མེད་ཉིད་དུ་གསལ། །ཐུགས་ཀའི་ཧཱུྃལས་བྱམས་པའི་འོད་ཟེར་འཕྲོས། །འཇིག་རྟེན་འདས་དང་མ་འདས་ཀླུ་ཡི་ཚོགས། །ནམ་


CMR040_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ས་གཞི་གང་བར་སྤྱན་དྲངས་གྱུར། །རི་རབ་སྟེང་ཤོད་རོལ་མཚོ་རྒྱ་མཚོ་ཆེ། །གླིང་བཞི་གླིང་ཕྲན་སྟོང་གསུམ་འཇིག་རྟེན་ཁམས། །འཛམ་གླིང་མཐའ་དབུས་ཁྱད་པར་གངས་རིའི་ལྗོངས། །ཆུ་བོ་ཆུ་བྲན་འབབ་ཆུ་གདེངས་ཀ་དང་། །ལུ་མ་ཁྲོན་པ་ཆུ་མིག་ཆུ་ཡི་མདོ། །རི་བོ་ལྗོན་ཤིང་བྲག་རི་སྐྱེད་མོས་ཚལ། །སྤང་ལྗོངས་ནགས་ཚལ་ནེའུ་སིང་ལ་སོགས་ལ། །གནས་པའི་ཀླུ་གཉན་ས་བདག་མ་ལུས་ཀུན། །བདག་གིས་བསང་མཆོད་འབུལ་ཕྱིར་སྤྱན་འདྲེན་ན། །ཐོགས་མེད་ཡིད་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །བྱམས་པའི་སེམས་དང་བཅས་ཏེ་འདིར་གཤེགས་ཤིག །ཡིད་ལས་བྱུང་བའི་རིན་ཆེན་ཁྲི་སྟེང་དུ། །གཉིས་མེད་དགྱེས་པའི་ཚུལ་གྱིས་བཞུགས་ནས་ཀྱང་། །སྔོན་ཚེ་ཐུབ་དབང་གསང་བདག་པད་འབྱུང་གི །དམ་ཚིག་གཉན་པོ་རྗེས་སུ་དྲན་མཛོད་ལ། །བདག་གིས་གང་བཅོལ་ཕྲིན་ལས་འགྲུབ་པར་མཛོད། །སརྦ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་སིཾ༔ ས་མ་ཡ་ཧོ༔ ས་མ་ཡ་ཧཱུྃ། སྟོང་པའི་ངང་ལས་བསང་ཁང་ཡི་གེ་ཧཱུྃ། །དེ་ལས་དུ་བའི་ལྷ་མོ་ནམ་མཁའི་མདོག །བཞེངས་


CMR040_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས་རིན་ཆེན་རྒྱན་ལྡན་དར་ཟབ་གསོལ། །ཕྱག་གཡས་ཁྲུས་བུམ་བདུད་རྩིས་ཀླུ་རྣམས་བཀྲུ། །གཡོན་པས་སྨན་གྱི་གཞོང་པར་སྤོས་སྡོང་ལས། །སྤོས་ཀྱི་དུད་སྤྲིན་སངས་རྒྱས་ཞིང་ཀུན་ཁྱབ། །སྤོས་ཀྱི་ཁྲི་ཤིང་དྲ་བས་ནམ་མཁའ་གང་། །དེ་ལས་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་ལོངས་སྤྱོད་ཆར་རྒྱུན་ལྟ་བུར་འབེབས་། །ཁྱད་པར་ཀླུ་ལ་མཁོ་བའི་ཡོ་བྱད་དང་། །བདུད་རྩི་ཀླུ་སྨན་ན་བུན་ལྟ་བུར་འབེབས། །ཟད་མི་ཤེས་པ་ནམ་མཁའི་མཛོད་དུ་གྱུར། །ཨོཾ་བཛྲ་དྷུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་སྤ་ར་ཎ་ཁཾ། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །བསང་བྱུང་ཆོས་ཀྱི་དབྱིངས་ལས་བྱུང་། །ཀུན་ཏུ་བཟང་པོའི་མཁའ་ཀློང་ནས། །སངས་རྒྱས་སྤྱན་དང་མཱ་མ་ཀཱི། །གོས་དཀར་སྒྲོལ་མའི་སྤྲུལ་པ་ལས། །རླུང་མེ་ཆུ་ཡི་དཀྱིལ་འཁོར་ཆགས། །འབྱུང་ཆེན་ལྔ་ཡི་དྭངས་མ་ལས། །བཟང་ཤིང་ཀླུ་ཤིང་སྣ་ཚོགས་འཁྲུངས། །ཀླུ་ཤིང་སྣ་ཚོགས་དུད་པ་དང་། །ཕྱེ་མར་དཀར་གསུམ་མངར་གསུམ་དང་། །ཀླུ་སྨན་རྣམ་པ་སྣ་ཚོགས་ཀུན། །བསྲེགས་པའི་དུད་པ་སྤྲིན་ལྟར་


CMR040_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གཏིབས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འདིས། ཀྱཻ། ཀླུ་སྒྲུབ་པད་འབྱུང་བྱ་ཡུལ་བ། །སྐྱེར་སྒོང་བ་དང་སངས་རྒྱས་དབོན། །པཀྴི་རང་བྱུང་རྡོ་རྗེ་སོགས། །ཀླུ་འདུལ་རིག་འཛིན་བླ་མ་བསང་། །གཏུམ་ཆེན་གཏུམ་ཆུང་གོས་སྔོན་ཅན། །འཁོར་ཆེན་ནཱ་ག་རཀ་དང་། །རྟ་མགྲིན་ནག་པོ་ཀླུ་འདུལ་སོགས། །ཡི་དམ་ལྷ་ཚོགས་ཐམས་ཅད་བསང་། །སྤྲིན་ཆེན་མདོ་ལས་གསུངས་པ་ཡི། །ཀླུ་ལ་ཕན་མཛད་བཅོམ་ལྡན་འདས། །སྤྲིན་གྱི་ཆུ་འཛིན་ལ་སོགས་པ། །བདེ་གཤེགས་ལྔ་བཅུ་རྩ་ལྔ་བསང་། །ཁྱུང་གི་འཇིགས་པ་སེལ་མཛད་པ། །བདེ་གཤེགས་སྤྲིན་གྱི་སྒྲོན་མེ་བསང་། །ཀླུ་ཁྱུང་འཁྲུག་པ་བསྡུམ་མཛད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པ་བསང་། །ཀླུ་རྣམས་ཀུན་ལ་ཕན་མཛད་པ། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་བསང་། །ས་བཅུའི་སེམས་དཔའ་ཀླུ་ཡི་བདག །ཀླུ་རྒྱལ་གཡོག་མཐའ་ཡས་པ་བསང་། །ཀླུ་དབང་རྒྱལ་པོའི་སྤྲུལ་པ་སྟེ། །ཀླུ་རྒྱལ་གཞོན་ནུ་གཏུམ་པོ་བསང་། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ། །ཀླུ་ཡི་རྒྱལ་པོ་ནོར་རྒྱས་བསང་། །གསང་བའི་བདག་པོའི་སྤྲུལ་པ་སྟེ། །ཀླུ་ཡི་རྒྱལ་པོ་དགའ་བོ་བསང་། །


CMR040_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྟེ། །ཀླུ་ཡི་རྒྱལ་པོ་འཇོག་པོ་བསང་། །ཐུགས་རྗེ་ཆེན་པོའི་བཀའ་ཉན་པ། །ཆུ་བདག་ཝ་རུ་ཎ་སེ་བསང་། །ཕྱག་ན་རྡོ་རྗེའི་བཀའ་ཉན་པ། །ཡེ་ཤེས་ཀླུ་ཆེན་བརྒྱད་པོ་བསང་། །འཇམ་དཔལ་སྤྲུལ་པ་བཀའ་ཉན་ཚུལ། །ཀླུ་རྒྱལ་མི་མགོན་དཀར་པོ་བསང་། །པད་འབྱུང་བཀའ་ཉན་གཏེར་གྱི་བདག་ཀླུ་བདུད་དགེ་བསྙེན་སྨྱོ་ཁ་བསང་། །པཀིའི་བཀའ་ཉན་བསྟན་པ་སྲུངས། །ཀླུ་བདུད་རྡོ་རྗེ་རྒྱལ་པོ་བསང་། །གསང་སྔགས་ཀུན་གྱི་བསྟན་སྲུང་མཆོག །ཀླུ་བདུད་ནག་པོ་མགོ་དགུ་བསང་། །དགེ་བསྙེན་དགྱེས་པ་བསྐྱེད་པའི་ཡུམ། །ཀླུ་མོ་ན་ར་སེང་སྔོན་བསང་། །དགེ་བསྙེན་ཆེན་པོའི་བཀའ་ཉན་པ། །ཀླུ་ཆེན་མིང་སྲིང་གཉིས་པོ་བསང་། །བཀའ་ཡི་ལས་བྱེད་ཆེན་པོ་སྟེ། །བར་བློན་ཆེན་པོ་འཁོར་བཅས་བསང་། ཀྱཻ། འོད་སྲུང་བསྟན་ལ་དགེ་བསྙེན་མཛད། །ས་བརྒྱད་ནོན་པའི་སེམས་དཔའ་བསང་། །ལྷ་དབང་བརྒྱ་བྱིན་གཉེན་ཟླ་སྟེ། །གནམ་མཚོ་ཕྱུག་མོའི་ཡབ་གཅིག་བསང་། །དབུ་རུ་བྱང་དུ་མཚན་བཏགས་པ། །ཇོ་བོ་གཉན་ཆེན་ཐང་ལྷ་བསང་། །སྐྱི་ཤོད་


CMR040_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དུ་མཚན་གསོལ་བ། །ཀླུ་བདུད་གཉན་ཆེན་མཁར་ནག་བསང་། །ལྷོ་བྲག་ཕྱོགས་སུ་མཚན་གསོལ་བ། །གཏེར་སྲུང་དགེ་བསྙེན་སྨྱོ་ཁ་བསང་། །བྱང་ཕྱོགས་རྒྱུད་དུ་མངའ་མཛད་པ། །ཀླུ་རྒྱལ་དུང་སྐྱོང་སྲས་པོ་བསང་། །དེ་ཡི་སྤྲུལ་པ་འཁོར་དང་སྡེ། །དངུལ་ཆུ་རྒྱུད་དུ་མཚན་གསོལ་བ། །ཀླུ་བདུད་ཉ་ཆེན་ནག་མདངས་བསང་། །ལྕི་ཆུ་རྒྱུད་དུ་མཚན་གསོལ་བ། །འབོ་རང་རྡོ་རྗེ་བདུད་འདུལ་བསང་། །ངོམ་ཆུ་རྒྱུད་དུ་མཚན་གསོལ་བ། །དབྱི་དོ་རྡོ་རྗེ་བདུད་འདུལ་བསང་། །ལྕི་ངོམ་མཚམས་སུ་མཚན་གསོལ་བ། །རྡོ་གཟེའི་བླ་མཚོ་དམར་ནག་བསང་། །དགེ་བསྙེན་དགྱེས་པ་བསྐྱེད་པའི་ཡུམ། །མཚོ་ནག་ཀླུ་མོ་ཆེན་པོ་བསང་། །དགེ་བསྙེན་ཆེན་པོའི་བཀའ་ཉན་པ། །ཀླུ་བདུད་ཀླུ་བཙན་མང་པོ་བསང་། །གཞན་ཡང་སྟོང་གསུམ་འཇིག་རྟེན་ན། །བཞུགས་པའི་ཀླུ་རིགས་ཐམས་ཅད་བསང་། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པ་ཐམས་ཅད་བསང་། །ཀླུ་ཡི་རྒྱལ་པོ་བློན་པོ་དང་། །བུ་དང་ཚ་བོ་ཐམས་ཅད་བསང་། །ཀླུ་ཡི་སྤུན་ཡ་ནང་མི་དང་། །འཁོར་དང་ཡང་གཡོག་ཐམས་ཅད་


CMR040_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པས་།བསང་། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ཀླུ་གཉན་ས་བདག་ཐམས་ཅད་བསང་། །རི་བྲག་སྤང་ལྗོངས་ནགས་ཚལ་དང་། །ནེའུ་སིང་ལ་གནས་ཀླུ་རྣམས་བསང་། །ཆུ་བོ་ཆུ་མདོ་འབབ་ཆུ་དང་། །ཆུ་མིག་ལ་གནས་ཀླུ་རྣམས་བསང་། །སྐྱེད་མོས་ཚལ་དང་ལྗོན་ཤིང་དང་། །ཤིང་གཅིག་ལ་གནས་ཀླུ་རྣམས་བསང་། །མཚེར་ས་གནས་ཁང་འདི་ཉིད་ལ། །གནས་པའི་ཀླུ་གཉན་ས་བདག་བསང་། ཀྱཻ། སྲིད་པའི་གཉན་རྗེ་གོང་སྔོན་སོགས། །གཉན་རིགས་བྱེ་བ་དུང་ཕྱུར་བསང་། །དབྱི་རྒྱལ་རིན་ཆེན་ལ་སོགས་པའི། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་བསང་། །སྨོན་སྐྱེས་གང་ཞུར་ལ་སོགས་པའི། །གཉན་ཕྲན་བཞི་བཅུ་རྩ་གཉིས་བསང་། །དབང་ཆེན་ཡབ་ཡུམ་སྲས་གསུམ་སོགས། །སྲིད་པའི་ས་བདག་ཐམས་ཅད་བསང་། །གཉན་ཟ་དཀར་མོ་ཤེལ་འོད་སོགས། །གཉན་གྱི་ལྕམ་མོ་ཐམས་ཅད་བསང་། །ངོམ་རྒྱལ་མཚོ་བཀྲ་ལ་སོགས་པ། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་བསང་། །སྐུ་ལྷ་རྒེ་ལ་སོགས་པའི། །ཡུལ་འདིའི་གཞི་བདག་ཐམས་ཅད་བསང་། ཀྱཻ། ཀླུ་ཤིང་ཤུག་པའི་དུད་


CMR040_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །ཀླུ་ནད་རིགས་དགུ་སོས་གྱུར་ཅིག །ཀླུ་ཤིང་བྲ་མའི་དུད་པ་ཡིས། །ཀླུ་ཡི་མཆིན་ནད་སོས་གྱུར་ཅིག །ཀླུ་ཤིང་སེ་བའི་དུད་པ་ཡིས། །ཀླུ་ཡི་སྟོད་ནད་སོས་གྱུར་ཅིག་ཀླུ་ཤིང་སྐྱེར་པའི་དུད་པ་ཡིས། །ཀླུ་ཡི་མཁྲིས་ནད་སོས་གྱུར་ཅིག །ཀླུ་ཤིང་ལྕང་མའི་དུད་པ་ཡིས། །ཀླུ་ནད་གྲུམ་བུ་སོས་གྱུར་ཅིག །ཀླུ་ཤིང་ཉ་བྲིད་དུད་པ་ཡིས། །ཀླུ་ནད་གག་པ་སོས་གྱུར་ཅིག །ཀླུ་ཤིང་སྨྲ་གའི་དུད་པ་ཡིས། །ཀླུ་རྣམས་ཤི་བ་སོས་གྱུར་ཅིག །ཀླུ་ཤིང་སྟག་པའི་དུད་པ་ཡིས། །ཀླུ་རྣམས་མནོལ་བ་སངས་གྱུར་ཅིག །ཀླུ་།ཤིང་སུར་དཀར་དུད་པ་ཡིས། །ཀླུ་ཡི་མགོ་ནད་སོས་གྱུར་ཅིག །ཀླུ་ཤིང་དབྱར་པའི་དུད་པ་ཡིས། །ཀླུ་ཡི་ཡན་ལག་ན་བ་སོས་གྱུར་ཅིག །ཀླུ་ཤིང་ཚར་བའི་དུད་པ་ཡིས། །ཀླུ་ཕྲུག་ན་བ་སོས་གྱུར་ཅིག །ཀླུ་ཤིང་གླ་རྐང་དུད་པ་ཡིས། །ཀླུ་ཡི་རྐང་ནད་སོས་གྱུར་ཅིག །ཀླུ་ཤིང་སྒྲོན་ཤིང་དུད་པ་ཡིས། །ཀླུ་ཡི་མིག་ནད་སོས་གྱུར་ཅིག །ཀླུ་ཤིང་སྤེན་མའི་དུད་པ་ཡིས། །ཀླུ་ཡི་གློ་ནད་སོས་གྱུར་ཅིག །ཀླུ་ཤིང་ས་ལའི་དུད་པ་ཡིས། །ཀླུ་ཡི་མཁལ་ནད་སོས་གྱུར་ཅིག །དཀར་གསུམ་མངར་གསུམ་མཆོད་པ་ཡིས། །ཀླུ་


CMR040_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཉེས་ཤིང་ཚིམས་གྱུར་ཅིག །འབྲུ་སྣ་མང་པོ་མཆོད་པ་ཡིས། །ཀླུ་ཡི་བང་མཛོད་གང་གྱུར་ཅིག །ཀླུ་སྨན་མང་པོའི་མཆོད་པ་ཡིས། །ཀླུ་ཡི་ནད་རྣམས་སོས་གྱུར་ཅིག །རིན་ཆེན་སྣ་ཚོགས་མཆོད་པ་ཡིས། །ཀླུ་རྣམས་བཀྲག་མདངས་ལྡན་གྱུར་ཅིག །དར་ཚོན་སྣ་ཚོགས་མཆོད་པ་ཡིས། །ཀླུ་རྣམས་གཟི་བརྗིད་ལྡན་གྱུར་ཅིག །ཀྱཻ། ཀླུ་གཉན་ས་བདག་འཁོར་བཅས་རྣམས། །རྣལ་འབྱོར་བདག་ལ་ཚུར་གསོན་དང་། །བདག་དང་ཡོན་བདག་འཁོར་བཅས་རྣམས། །སྐྱེ་བ་ལྔ་བརྒྱའི་གོང་རོལ་ནས། །ད་ལྟའི་དུས་འདི་ཡན་ཆད་དུ། །ཕ་མྱེས་བདུན་བརྒྱུད་མན་ཆད་ནས། །བུ་དང་ཚ་བོ་ཡན་ཆད་ཀྱིས། །ཀླུ་དང་ས་བདག་འཁོར་བཅས་ཀྱི། །ཐུགས་དང་འགལ་བའི་ལས་བགྱིས་པ། །ས་གཉན་བརྐོས་དང་རྡོ་གཉན་རློག །བྲག་གཉན་བཤིགས་སམ་ཤིང་གཉན་བཅད། །ན་གཉན་བརྐོས་སམ་ཆུ་གཉན་དཀྲུགས། །ཞིང་མུ་བཅད་དམ་མཁར་ལས་བྱས། །ལམ་གཉན་བཅད་དམ་ཆུ་ཡུར་དྲངས། །མནའ་གཉན་སྐྱེལ་ལེན་ཐབ་གཞོབ་བྱས། །གཏད་ཁྲམ་དྲག་ལས་གཟེར་མནན་སོགས། །ཚོར་དང་མ་ཚོར་མ་རིགས་


CMR040_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། །ལས་ཐབས་བྱ་བ་ཅི་ཉེས་པ། །ཐམས་ཅད་གནོང་འགྱོད་མཐོལ་ལོ་བཤགས། །བྱམས་པའི་ཐུགས་ཀྱིས་བཟོད་པར་བཞེས། །རིག་སྔགས་འཆང་བའི་ལྷ་འདྲེ་ཡིས། །བདག་ཅག་ཡོན་མཆོད་འཁོར་བཅས་རྣམས། །ཁྱེད་ཅག་རྣམས་ལ་གཏད་པའམ། །དྲག་པོའི་སྔགས་ཀྱིས་ཟད་ན་ཡང་། །སྐུ་གླུད་བསང་མཆོད་འདི་བཞེས་ཀྱིས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །གཞན་ཡང་ལས་དང་རྐྱེན་དབང་གིས། །སྔོན་ཆད་གནོད་པ་བྱས་ན་ཡང་། །བསྡམ་པ་ཀློད་ལ་མནན་པ་ཁྱོག །ཕྱིན་ཆད་མི་གནོད་དམ་ཆོས་ཤིག ཀྱཻ། ཀླུ་དང་ས་བདག་གཉན་པོ་རྣམས། །བསང་མཆོད་དམ་པ་འདི་བཞེས་ལ། །བདག་དང་ཡོན་མཆོད་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་ཁོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་གྱིས། །ཁྱེད་རྣམས་ཡུལ་གྱི་ལྷ་ཡིན་ཏེ། །བདག་ནི་ཡུལ་འདིར་གནས་པའི་མི། །མིས་ཀྱང་ལྷ་ཁྱེད་དུས་སུ་མཆོད། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །གནས་མགྲོན་གཉིས་ཀྱི་དམ་ཚིག་སྲུངས། །མི་ལ་མངོན་ཤེས་སྤྱན་མེད་


CMR040_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པས། །མ་ཤེས་མ་མཁས་ཐུག་ཕོག་ན། །ཁྱེད་ཀྱིས་བཟོད་པ་དང་དུ་བཞེས། །ཀླུ་ཡི་རྒྱལ་པོ་འཁོར་བཅས་ཀྱིས། །བསང་མཆོད་དམ་པ་འདི་བཞེས་ལ། །ཚེ་དང་བསོད་ནམས་འཕེལ་བར་མཛོད། །རྒྱལ་རིགས་ཀླུ་ཡི་མི་གཡང་ཕོབ། །མི་འཕེན་རྟ་ཧྲག་དངོས་གྲུབ་སྩོལ། །རྗེ་རིགས་ཀླུ་ཡི་ནོར་གཡང་ཕོབ། །ནོར་ལུག་དྲེལ་རྟའི་དངོས་གྲུབ་སྩོལ། །བྲམ་ཟེ་ཀླུ་ཡི་བཙན་གཡང་ཕོབ། །ཆོས་སྲིད་དར་བའི་དངོས་གྲུབ་སྩོལ། །གདོལ་པ་ཀླུ་ཡི་རྨ་གཡང་ཕོབ། །བཙན་ཕྱུག་དར་གསུམ་དངོས་གྲུབ་ཀཾ་སྩོལ། །ཆར་ཆུ་དུས་འབེབས་ལོ་ལེགས་ཤིང་། །ཚེ་རིང་ནད་མེད་ལོངས་སྤྱོད་ལྡན། །བསམ་པ་འགྲུབ་པའི་དངོས་གྲུབ་སྩོལ། །གཤེགས་གསོལ་བྱ་བ་ནི། སྤྱན་དྲངས་ཀླུ་གཉན་ས་བདག་ཀུན། །རང་རང་ཕོ་བྲང་གནས་སུ་གཤེགས། །རྟག་ཏུ་སྤུན་དང་གྲོགས་ལྟ་བུར། །བྱམས་པའི་སེམས་ཀྱིས་སྡོང་གྲོགས་མཛོད། །འདི་ལྟར་བསང་མཆོད་དགེ་བ་འདིས། །ཀླུ་དང་ས་བདག་ལ་སོགས་པ། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རྟག་ཏུ་བདེ་སྐྱིད་ལྡན་པ་དང་། །མྱུར་དུ་རྫོགས་སངས་རྒྱས་པར་ཤོག །སྣོད་


CMR040_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་རང་ཐིམ་རང་ཉིད་ཀྱང་། །ཐུགས་ཀའི་ཧཱིཐིམ་དེ་ཡང་ཡལ། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །ཀླུ་ལ་ཕན་བྱེད་བདེ་གཤེགས་ཐུགས། །ཀླུ་རྣམས་ཀུན་གྱི་སེམས་རྒྱུད་དང་། །རང་སེམས་འོད་གསལ་སྟོང་ཉིད་གསུམ། །དབྱེར་མེད་ཆོས་ཀྱི་དབྱིངས་སུ་ཅིག །བསང་བྱ་བསང་བྱེད་བྲལ་བའི་བསང་། །འཁོར་གསུམ་དག་པའི་བསང་མཆོད་འདིས། །འཁྲུལ་པའི་དྲི་མ་ཀུན་སངས་ནས། །བདེ་ཆེན་ཆོས་སྐུར་ལྷུན་གྱིས་གྲུབ། །སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ། ཀླུ་ཡི་བསང་མཆོད་མདོར་བསྡུས་ཆ་ཚང་འདི། །ཀླུ་ཡི་གནོད་འཚེ་ཆོ་འཕྲུལ་ཆེ་རྣམས་ལ། །ཕན་པར་གྱུར་སྙམ་བསམ་པ་བཟང་པོ་ཡིས། །༧ རཱ་གའི་མིང་ཅན་དགེ་སློང་དེ་ཡིས་བྲིས། །འདི་ལ་འགལ་འཁྲུལ་ཉེས་པ་ཅི་མཆིས་པ། །ཀླུ་རྒྱལ་བཅོམ་ལྡན་འཁོར་དང་བཅས་ལ་བཤགས། །དགེ་བས་འགྲོ་ཀུན་ཀླུ་ཡི་ནད་གནོད་ཞི། །ཚེ་འདིར་བདེ་སྐྱིད་རྒྱ་མཚོས་འགྲོ་ཀུན་ཚིམས། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་ཕྱིར་བསྔོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཀླུའི་བསང་མཆོད་ཕན་བདེའི་རྒྱ་མཚོ་ཀླུ་གཡང་དངོས་གྲུབ་ཀྱི་རླབས་ཕྲེང་རབ་ཏུ་གཡོ་བ།next