Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
ས་བདག་ལྷན་ཐབས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousས་བདག་ལྷན་ཐབས།next

ས་བདག་ལྷན་ཐབས།


CMR040_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་པཱ་ཎི་ཡེ། །གསང་བའི་བདག་པོའི་སྒྲུབ་པ་ནི། །སྐྱབས་སེམས་ལྷ་སྒོམ་བསྡུས་པ་བྱ། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སེམས་ཅན་སྲོག་ནི་བདག་ཡིན་ཏེ། །བདག་ནི་དོན་མེད་དོན་བསྒོམས་པས། །སྲིད་པའི་ལྷ་འདྲེ་དབང་སྡུད་གྱུར། །བདག་མེད་སྙིང་རྗེ་བསྒོམས་པའི་མཐུས། །ས་བདག་ཐམས་ཅད་གྲོགས་སུ་གྱུར།། བྱང་སེམས་ངོ་བོ་ཟླ་དཀྱིལ་དབུས། །རང་སེམས་ཧཱུྃ་གི་འཕྲོ་འདུ་ལས། །རང་ཉིད་ཕྱག་ན་རྡོ་རྗེ་ནི། །འཇིག་རྟེན་གསུམ་ན་རྣམ་རྒྱལ་བ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ནི། །རུས་རྒྱན་ཁྲོ་ཆས་མ་ལུས་རྫོགས། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །དམ་ཚིག་ཡེ་ཤེས་དབྱེར་མེད་པ། །ཐུགས་ཀར་པདྨ་ཉི་ཟླའི་སྟེང་། །ཧཱུྃ་ལས་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །ས་བདག་ཀླུ་གཉན་ཐམས་ཅད་ཀྱི། །ནད་དང་གནོད་པ་ཐམས་ཅད་བྲལ། །དགའ་བདེ་ཞི་བའི་ངང་ལ་གནས། །འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ། །མཐུ་སྟོབས་གཟི་བརྗིད་རབ་ཏུ་རྒྱས། །མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །བཛྲ་པཱ་ཎི་ས་


CMR040_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་རི་ཝཱ་ར་ས་མཱ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོཿ བཟླས་པ་ནི། ཨོཾ་བཛྲ་པཱ་ཎི་ཧཱུྃ། མ་ཡེངས་ངང་ནས་འཛབ་འདི་བརྒྱ་སྟོང་གང་འགྲུབ་བཟླས། ཨོཾ་བཛྲ་པཱ་ཎི་ཨརྒྷཾ་ནས་ཤབྟ་པྲ་ཏིཙྪ་སྭཱ་ཧཱ། བསྟོད་པ་ནི། ཧཱུྃ། སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །དཔལ་ཆེན་ལྷ་མཆོག་ཕྱག་ན་རྡོ་རྗེ་ནི། །སྐུ་མདོག་མཐིང་ནག་རལ་པ་གྱེན་ལ་བརྗེས། །དུར་ཁྲོད་ཆས་བརྒྱད་སྟག་ཤམ་སྦྲུལ་གྱིས་བརྒྱན། །ཞབས་གཉིས་བརྐྱང་བསྐུམ་འགྱིང་བག་འདོར་སྟབས་ཅན། །དུས་གསུམ་རྒྱལ་བ་མ་ལུས་ཐུགས་ཀྱི་མཆོག །གདུག་པའི་ཚོགས་འཇོམས་ གསངབདག་།རྡོ་རྗེ་འཛིན། །བཅོམ་ལྡན་ཕྱགརྡོར ་སྐུ་ལ་ཕྱག་འཚལ་བསྟོད། །ས་བདག་མཆོད་སྒྲུབ་ཀྱི་བདག་བསྐྱེད་རཱ་ག་ཨ་སྱས་སྦྱར་བའོ། །༄༅། །གནམ་ཆོས་ས་བདག་མཆོད་སྒྲུབ་ལས། དང་པོ་ས་སྲིན་བཀར་བ་ནི། ལྕོག་རྡོག་ཆངས་བུ་ཏིང་ལོ་བཤམས། །ཨ། སྟོང་པའི་ངང་ལས་རང་སེམས་ཡི་གེ་ཁྲོ། །དེ་ལས་རྡོ་རྗེ་ཁྱུང་ཆེན་སྐུ་མདོག་དཀར། །གསེར་གྱི་མིག་ཅན་རྭ་དང་མཆུ་སྡེར་ལྕགས། །རལ་གྲིའི་གཤོག་པ་ཆུ་གྲིའི་རྐང་པ་ཅན། །ཡེ་ནས་དམ་ཡེ་དབྱེར་མེད་ཉིད་དུ་གསལ། །བཀའ་དང་དམ་ལ་མི་གནས་གདུག་པ་ཅན། །ནག་པོའི་ཕྱོགས་གྱུར་ཀླུ་


CMR040_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་ས་སྲིན་དང་། །བྲག་སྲིན་ལ་སོགས་ས་བདག་མཆོད་བསྒྲུབས་ལ། །གནོད་བྱེད་སྒབ་འདྲེ་ཐམས་ཅད་འདིར་འདུས་ཤིག །ཏྲི་ཛ༔ཧཱུྃ་བཾ་ཧོཿ འོ་དེ་ཤན་དང་རོལ་མཚོའི་བྲག་ནག་ལ། །གནས་པའི་ས་སྲིན་སྒབ་འདྲེ་སྦྲུལ་མཇུག་ཅན། །བུ་ནི་བྲག་སྲིན་སྐྱིན་ལུས་སྦྲུལ་མཇུག་ཅན། །དེ་ཡི་མཇུག་མ་བྲག་དང་ཆུ་ཤིང་ས། །མེ་ལ་བརྡབས་པས་སོ་སོའི་སྲིན་བུ་བྱུང་། །ས་སྲིན་ཀླུ་སྲིན་བྲག་སྲིན་འཁོར་བཅས་ལ། །མཐུན་རྫས་གཏོར་མ་ཆངས་བུ་ཏིང་ལོ་སྦྱིན། །འདི་རུ་མ་འདུག་མྱུར་བར་གཞན་དུ་དེངས། །ཟོག་རུ་ཊ་གནོད་བྱེད་ཨུཙྪ་ཏ་ཡ་ཕཊ། །ཅེས་ཁྲག་ནག་གམ་ཤིང་གི་རྩ་བར་བསྐྱལ་ལོ། །དེ་ནས་མཚམས་གཅོད་སྲུང་འཁོར་བསྒོམ་པ་ནི། ཧཱུྃ། ཤར་ལྷོ་ནུབ་བྱང་སྟེང་གི་མཚམས་གཅོད་པ། །ཡེ་ཤེས་སྤྲུལ་པའི་རིགས་ཀྱི་ག་རུ་ཊ། །དཀར་སེར་དམར་ལྗང་མཐིང་ནག་རབ་ཏུ་རྔམས། །སྤྲུལ་པའི་ཁྱུང་ཆེན་ལྔ་ཡིས་མཚམས་ཆོད་ཅིག །བྷུད་དྷ་བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་རཀྵ་རཀྟ་ཡེ་སྭཱ་ཧཱ། ཞེས་ས་བདག་འཁྲུགས་བཅོས་ཀྱིས་ལྷན་ཐབས་རཱ་ག་ཨ་སྱས་སྦྱར་བའོ།།


CMR040_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་འཁྲུགས་བཅོས་ཀྱི་རྫོངས་འདེབས་བྱ་བ་ནི། རིན་ཆེན་ཕྱེ་མར་འབྲུ་སྣ་སྨན་སྣ་ཤེལ་ཚིགས་འཐོར་ཞིང་འདི་སྐད་དོ།། ཀྱཻ། སྲིད་པའི་ས་བདག་དབང་ཆེན་རྒྱལ། །སྙན་གྱིས་གསོན་ལ་སྤྱན་གྱིས་གཟིགས། །རིན་ཆེན་གསེར་གཡུ་དངུལ་ཟངས་ལྕགས། །གཟི་མཆོང་སྤུས་ཤེལ་བཻཌཱུརྱ་སོགས། །ས་བདག་རྒྱལ་པོའི་ཕྱག་རྫོངས་འབུལ། །ས་བདག་རིན་ཆེན་བང་མཛོད་གང་། །བདག་དང་ཡོན་བདག་ཁ་འཛིན་མཛོད། །རིན་ཆེན་ལོངས་སྤྱོད་ལྡན་པར་ཤོག །དར་ཟབ་སྟག་གཟིག་ཟ་འོག་གི། །རིན་ཆེན་སྲབ་འཇམ་ལྡན་པ་འདི། །ས་བདག་རྣམས་ལ་ཕྱག་རྫོངས་འབུལ། །དར་ཟབ་མཛོད་གུར་ལྡན་གྱུར་ཅིག །ས་བདག་བང་མཛོད་གང་གྱུར་ནས། །བདག་དང་ཡོན་བདག་གོས་ཕྱུག་སྟེ། །མི་ཟད་ནོར་དང་ལྡན་གྱུར་ཅིག །འབྲུ་སྣ་གང་འཛོམ་སྣ་ཚོགས་དང་། །དར་ཟབ་དར་སྣ་ཕུན་སུམ་ཚོགས། །འབྲུ་ཡི་ཆར་འབེབས་ལྟ་བུ་ཡི། །ཟག་མེད་རྒྱ་ཆེན་དམིགས་ཏེ་


CMR040_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། །སྲིད་པའི་ས་བདག་བང་བ་གང་། །བདག་དང་ཡོན་བདག་ཁ་འཛིན་མཛོད། །བང་མཛོད་བཅུད་དང་ལྡན་པར་ཤོག །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །དཀར་པོ་ལུག་གི་འབའ་སྐད་ལྡིར། །ཁམ་པ་ཞོལ་ཆེན་གཡག་རོག་དང་། །ནག་པོ་ཟིལ་མོ་འབྲི་བརྒྱ་སྟོང་། །ཁྲ་བོ་མདོ་ཕྲུག་རྟ་བརྒྱ་སྟེ། །སྲིད་པའི་ས་བདག་ཁྱེད་རྣམས་ལ། །དེ་རིང་འབྱོན་པའི་རྫོངས་སུ་འབུལ། །དཀོར་ནོར་ལོངས་སྤྱོད་ལྡན་པའི་ཕྱིར། །བདག་དང་ཡོན་བདག་བང་མཛོད་ལ། །ནོར་དང་ལོངས་སྤྱོད་ལྡན་པར་ཤོག །སྔོན་ཚེ་སློབ་དཔོན་པདྨ་ཡིས། །སྲིད་པའི་ས་བདག་དམ་ལ་བཞག །ཆོས་མཛད་དངོས་གྲུབ་སྟེར་བ་དང་། །ལོངས་སྤྱོད་སྩོལ་བ་དམ་དུ་བཞག །དངོས་གྲུབ་འབྱུང་བ་མ་ཟད་པར། །དམ་ཚིག་གཉན་པོའི་གཏོར་མ་དང་། །ལྗོངས་འདེབས་བཞེས་ལ་དངོས་གྲུབ་སྩོལ། །དེ་ནས་སྒོ་ཕྱེ་བ་ནི། མཆོད་གཡོག་པས་ལག་ཏུ་མདའ་དར་ལྡེ་མིག་ཐོགས་ལ་འོ་ཕུད་མཆོད། རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་ནང་དུ་མེ་ཏོག་འཐོར་ལ་འདི་སྐད་དོ།། ཀྱཻ། དཀྱིལ་འཁོར་འདི་ལ་བཞུགས་པ་ཡི། །ས་བདག་ཀླུ་གཉན་འཁོར་བཅས་རྣམས། །མ་ལུས་འཁོར་


CMR040_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སྙན་གསོན་འཚལ། །རང་རང་གནས་སུ་གཤེགས་པའི་ཕྱིར། །དཀྱིལ་འཁོར་ཕྱི་ནས་སྒོ་ཕྱེ་འཚལ། ཀྱཻ། ཤར་གྱི་ཕྱོགས་སུ་སྒོ་ཕྱེ་འཚལ། །ཤར་ཕྱོགས་ས་བདག་ཐེ་སེ་དང་། །ཤིང་ཁམས་རྒྱལ་པོ་འཁོར་བཅས་རྣམས། །པདྨ་སྔོན་པོའི་གདན་ལ་བཞུགས། །ཁྱེད་ནི་ས་བདག་རྒྱལ་པོ་སྟེ། །བཙུན་མོ་སྲས་དང་བློན་པོ་དང་། །ཕོ་ཉ་མངག་གཞུག་བཅས་པ་རྣམས། །ཡིད་བཞིན་ནོར་བུའི་ལྡེ་མིག་གིས། །སྨོན་ལམ་རྟེན་འབྲེལ་ཤར་ནས་ཕྱེས། །རྩ་དཀར་སྨོན་ལམ་ཤར་ནས་ཕྱེས། །དངོས་གྲུབ་ནོར་གཡང་ཤར་ནས་ཕྱེས། །དཀྱིལ་འཁོར་ཤར་གྱི་སྒོ་ཕྱེ་འཚལ། །ས་བདག་ཐམས་ཅད་ཤར་དུ་གཤེགས། །བདག་དང་ཡོན་བདག་འཁོར་བཅས་ལ། །མཐའ་འཁོབ་རྨོངས་སྡུག་ཐམས་ཅད་སོལ། །ལྗོན་ཤིང་ལོ་འབྲས་བསྐྱེད་པར་ཤོག །ཅེས་ཤར་གྱི་ཤིང་རྩི་རྣམས་སྡུས་ལ་ཕུལ། ཀྱཻ། དཀྱིལ་འཁོར་ལྷོ་ཡི་སྒོ་ཕྱེ་འཚལ། །ལྷོ་ཕྱོགས་ས་བདག་ཙང་ཀུན་དང་། །མེ་ཁམས་རྒྱལ་པོ་འཁོར་བཅས་རྣམས། །པདྨ་སེར་པོའི་གདན་ལ་བཞུགས་། །ཁྱེད་ནི་ས་བདག་རྒྱལ་པོ་སྟེ། །བཙུན་མོ་སྲས་དང་བློན་པོ་དང་། །ཕོ་ཉ་མངག་གཞུག་བཅས་པ་


CMR040_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །རིག་པ་ཐབས་ཀྱི་ལྡེ་མིག་གིས། །ཟས་ནོར་རྒྱལ་ཁ་ལྷོ་ནས་ཕྱེས། །ནོར་གཡང་དངོས་གྲུབ་ལྷོ་ནས་སྩོལ། །དཀྱིལ་འཁོར་ལྷོ་ཡི་སྒོ་ཕྱེ་འཚལ། །ས་བདག་ཐམས་ཅད་ལྷོ་རུ་གཤེགས། །བདག་དང་ཡོན་བདག་འཁོར་བཅས་རྣམས། །གཟི་བརྗིད་མེ་ལྟར་འབར་བར་ཤོག །ཅེས་ལྷོ་ཡི་རྩི་ཤིང་རྣམས་ཕུལ། ཀྱཻ། དཀྱིལ་འཁོར་ནུབ་ཀྱི་སྒོ་ཕྱེ་འཚལ། །ནུབ་ཕྱོགས་ས་བདག་ཧང་ཕན་དང་། །ལྕགས་ཁམས་རྒྱལ་པོ་འཁོར་བཅས་རྣམས། །པདྨ་དམར་པོའི་གདན་ལ་བཞུགས། །ཁྱེད་ནི་ས་བདག་རྒྱལ་པོ་སྟེ་། །བཙུན་མོ་སྲས་དང་བློན་པོ་དང་། །ཕོ་ཉ་མངག་གཞུག་བཅས་པ་རྣམས། །རྡོ་རྗེ་ཐ་རམ་ལྡེ་མིག་གིས། །ཡར་རྩ་དཀར་པོའི་འཕེལ་སྒོ་ཕྱེས། །རྨོངས་འདྲེ་རྩ་ནག་འདྲེ་སྒོ་ཆོད། །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །གོད་ཁ་ཆོད་ལ་རྐྱེན་ཁ་བསྒྱུར། །ནུབ་སྒོ་ཕྱེས་ལ་གནས་སུ་གཤེགས། །ཞེས་ནུབ་ཀྱི་ཤིང་རྩི་རྣམས་སྡུས་ལ་ཕུལ། ཀྱཻ། དཀྱིལ་འཁོར་བྱང་གི་སྒོ་ཕྱེ་འཚལ། །བྱང་ཕྱོགས་ས་བདག་འབུམ་རྗེ་དང་། །ཆུ་ཁམས་རྒྱལ་པོ་འཁོར་བཅས་རྣམས། །པདྨ་ནག་པོའི་གདན་ལ་བཞུགས། །ཁྱེད་ནི་ས་བདག་རྒྱལ་པོ་སྟེ། །


CMR040_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོ་སྲས་དང་བློན་པོ་དང་། །ཕོ་ཉ་མངག་གཞུག་བཅས་པ་རྣམས། །རྫུ་འཕྲུལ་ནོར་བུའི་ལྡེ་མིག་གིས། །བདུད་རྩི་ཆར་གྱི་སྒོ་ཕྱེས་ཤིག །ཆར་ཆུ་དུས་སུ་འབེབས་པར་ཤོག །འབྲུ་དྲུག་ནས་ཀྱི་གཡང་སྒོ་ཕྱེས། །དཀྱིལ་འཁོར་བྱང་གི་སྒོ་ཕྱེས་ལ། །ས་བདག་རང་རང་གནས་སུ་གཤེགས། །མི་མཐའ་ཆུ་ལས་རིང་བར་ཤོག །ཅེས་བྱང་གི་ཤིང་རྩི་རྣམས་ཕུལ། ཀྱཻ། དཀྱིལ་འཁོར་ཕྱོགས་མཚམས་སྟེང་འོག་གི། །ས་བདག་རྗེ་བློན་སྲས་འཁོར་བཅས། །བཙུན་མོ་ཕོ་ཉ་མངག་གཞུག་དང་། །ས་བདག་ཀླུ་རིགས་གཉན་རྣམས་ཀྱི། །རིན་ཆེན་སྣ་ཚོགས་ལྡེ་མིག་གིས། །ལོངས་སྤྱོད་སྣ་ཚོགས་སྒོ་ཕྱེ་འཚལ། །དགོས་འདོད་ཆར་ལྟར་འབེབས་པར་ཤོག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས། །བཟུང་བ་ཡོད་ན་ད་ཐོངས་ཤིག །བཅིངས་པ་ཡོད་ན་ད་ཁྲོལ་ཅིག །བསྡམས་པ་ཡོད་ན་ད་སློད་ཅིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཞིང་ལ་བཙའ་སེར་མ་གཏོང་ཞིག །ཁ་འཛིན་མཐུ་དཔུང་སྡོང་གྲོགས་མཛོད། །ཅེས་མཚམས་བཞིའི་ཤིང་རྩི་རྣམས་ཕུལ། །དེ་ནས་གཤེགས་སུ་གསོལ་བ་ནི། ཀྱཻ། དཀོན་


CMR040_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་དང་བདེ་གཤེགས་རྣམས། །ཕྲིན་ལས་ཀུན་ཀྱི་བདག་ཉིད་ཅན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དངོས། །ཡི་དམ་ལྷ་དང་བཅས་པ་རྣམས། །ཁྱེད་ཀྱི་སེམས་ཅན་དོན་སོགས་ནས། འབྱོན་པར་མཛད་དུ་གསོལ། །དེ་ནས་ས་བདག་རྣམས་གཤེགས་པ་ནི། ཀྱཻ། ཕྱག་ན་རྡོ་རྗེའི་བཀའ་ཉན་པ། །ས་བདག་རྒྱལ་པོ་བཙུན་མོ་དང་། །དབང་ཆེན་ལོ་ལྷ་འཁོར་དང་བཅས། །ལོ་ཟླ་ཞག་དང་དུས་ཚོད་ལ། །མཆོད་པའི་གནས་སུ་བྱོན་པ་རྣམས། །ས་བདག་དགོངས་པ་འགྲུབ་པར་མཛོད། །བྱམས་པའི་སེམས་ཀྱིས་གཤེགས་སུ་གསོལ། །བདག་གིས་འབོད་ན་དེ་སྤྱོད་ཅིག །གཞན་ཡང་ལྷ་ཀླུ་མཐུ་ཆེན་རྣམས། །གཟའ་དང་རྒྱུ་སྐར་འཁོར་དང་བཅས། །ཡུལ་ལྷ་དགྲ་ལྷ་ཁྱིམ་ལྷ་དང་། །ས་སྐོར་རྩི་ཤིང་ནགས་ཚལ་དང་། །ཆུ་དང་རྡོ་དང་ལམ་ལ་སོགས། །གནས་པའི་ས་བདག་ཀླུ་གཉན་ཀུན། །མཆོད་སྦྱིན་ཆེན་པོས་མཉེས་བྱས་ནས། །བདག་གི་རེ་བ་བསྐང་བར་མཛོད། །ས་བདག་ལྷ་ཀླུ་རྫུ་འཕྲུལ་ཅན། །དང་པོ་བྱོན་པ་ཞལ་རེ་དྲོ། །སླར་ཡང་འབྱོན་པ་དོན་རེ་ཆེ། །ད་ནི་གཤེགས་པ་འགབ་རེ་


CMR040_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། །གཤེགས་ཤུལ་བཀྲ་ཤིས་བདེ་ལེགས་མཛོད། །ས་སྙིང་ས་ཡི་ལྷ་མོ་གཉིས། །བདག་དང་ཡོན་བདག་སྦྲ་ཁང་དང་། །ཞིང་ལ་བརྟན་བཞུགས་ས་བཅུད་སྤེལ། །འཇིག་རྟེན་པ་ཡི་ས་བདག་རྣམས། །རང་རང་སོ་སོའི་གནས་སུ་གཤེགས། །ལོ་ཀ་བྷུ་མི་པ་ཏི་སརྦ་གཙྪ། དེ་ནས་མཇུག་གི་བསྡུ་ཆོག་ནི། །ཡེ་ཤེས་སེམས་དཔའ་གནས་སུ་གཤེགས། །དམ་ཚིག་སེམས་དཔའ་རང་ལ་བསྡུ། །བསྐྱེད་རིམ་མི་དམིགས་ན་ད་ཡལ། །ཡེ་ཤེས་དབྱེར་མེད་དབྱིངས་སུ་ཐིམ། །ས་མ་ཡ་ཧོ། ས་མ་ཡ་ཧཱ། བཛྲ་ས་ཏཱ་ཨཱ༔ དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བསྔོ་སྨོན་རྒྱས་པར་བྱ། བཀྲ་ཤིས་གང་ཤེས་བརྗོད་པར་བྱའོ། །བཛྲ་མུ། ཞེས་ས་བདག་སྤྱི་གཏོར་དངོས་གྲུབ་ཏུ་རོལ། །ཞེས་པ་འདི་ནི་གནམ་ཆོས་འཁྲུགས་བཅོས་དང་དབང་ཆེན་ཀོང་ཙེ་བཅས་ཀྱི་ལྷན་ཐབས་ཁ་སྐོང་དུ། །ཀརྨ་རཱ་ག་ཨ་སྱས་སྦྱར་བ་འདིས་ཡུལ་ཕྱོགས་ཐམས་ཅད་དུ་དགེ་ལེགས་སུ་གྱུར་ཅིག །བཀྲ་ཤིས། །དགེའོ།། །།


previousས་བདག་ལྷན་ཐབས།next