Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
ནག་པོ་མགོ་གསུམ་གྱི་ཞལ་གདམས་ཟིན་བྲིས་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousནག་པོ་མགོ་གསུམ་གྱི་ཞལ་གདམས་ཟིན་བྲིས་གསལ་བ།next

ནག་པོ་མགོ་གསུམ་གྱི་ཞལ་གདམས་ཟིན་བྲིས་གསལ་བ།


CMR041_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་མགོ་གསུམ་གྱི་ཞལ་གདམས་ཟིན་བྲིས་གསལ་བ་བཞུགས་སོ།


CMR041_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫ་ཤྲཱི་ཡེ། རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཧ་ས་གརྒྷའི་ཟིན་བྲིས་འདོན་འགྲིགས་འགོད། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །འདི་ལ་ཡེ་ཤེས་འཇིག་རྟེན་གཉིས་ཡོད་དེ། །ཡེ་ཤེས་པ་ནི་འཇམ་དབྱངས་སྤྲུལ་པ་ཡིན། །དེ་ཕྱིར་མགོ་གསུམ་བདག་བསྐྱེད་ལུགས་ཀྱང་ཡོད། །འཇིག་རྟེན་མགོ་གསུམ་གཟའ་ཀླུ་ས་བདག་བུ། །དེ་ཡང་འཇམ་པའི་དབྱངས་ཀྱི་སྤྲུལ་པ་སྟེ། །རྒྱ་གར་ལུགས་ལ་ནཱ་ག་རཀ་ཟེར། །རྒྱ་ནག་ལུགས་ལ་ཧ་ས་གརྒྷ་ཟེར། །དེང་སང་བོད་འདིར་ནག་པོ་མགོ་གསུམ་ཟེར། །ཞི་བ་བྱས་ན་མི་མགོན་


CMR041_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཡིན། །དྲག་པོ་བྱས་ན་ཀླུ་བདུད་མགོ་དགུ་ཡིན། །འཇིག་རྟེན་དྲེགས་པ་ཤིན་ཏུ་གཉན་པོ་ཡིན། །ས་བདག་གཏོ་རྒྱུད་ནག་པོ་ཞེས་བྱ་བ། །རྒྱ་ནག་རྩིས་ཀྱི་རྒྱུད་ལས་བྱུང་བ་ཡིན། །རྒྱས་པར་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་མཛད། །འཕྲུལ་གྱི་མི་བཞིས་ལག་ལེན་འགྲིགས་སུ་བསྡེབས། །བོད་དུ་སྔ་ཕྱི་བར་ས་གསུམ་དུ་འགྱུར། །ཁྱད་པར་སྒྲོལ་མའི་སྤྲུལ་པ་དབོན་ཆུང་མས། །འདི་ཡི་ཡིག་སྣ་སྟག་སྒོ་གང་བྱས་ཁྱེར། །རྫོངས་བ་ཀུན་གྱི་ནང་ནས་དམར་བར་བྱས། །དེ་ནས་རྒྱལ་མོ་རང་དུ་ཕེབ་ཙམ་ན། །འཇམ་དཔལ་དམར་པོའི་སྤྲུལ་པ་ལས་འཕྲོ་ཅན། །


CMR041_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་དྲག་སྡེ་ཞེས་བྱ་དེ་ལ་སྤེལ། །དེ་ནས་དབུས་སུ་རྒྱ་བཟས་རྒྱལ་པོ་མཇལ། །བལ་བཟས་ར་ས་འཕྲུལ་སྣང་བཞེངས་པའི་ཚེ། །ལྷ་འདྲེས་ཆོ་འཕྲུལ་བསྟན་ནས་བཞེངས་མ་ཐུབ། །འདི་ཡི་གཏོ་ཐིག་བྱས་པས་ལྷ་ཁང་ཞེང་། །གཞན་ཡང་བཀྲ་ཤིས་ཕན་ཐོགས་དཔག་མེད་བྱུང་། །དེ་ནས་རྒྱ་གར་ཡུལ་དུ་ཕར་ལ་བསྒྱུར། །ཛེ་ཏ་རི་པ་དགྲ་ལས་རྣམ་རྒྱལ་ས། །མུ་སྟེགས་པ་དང་མཐུ་འདྲེན་བྱས་པའི་དུས། །འདི་ཡི་བཟློག་བསྒྱུར་བྱས་པས་མུ་སྟེགས་ཕམ། །དེ་ནས་རྒྱ་གར་རྡོ་རྗེ་གདན་པ་ལ། །བརྒྱུད་པའི་ལུགས་ཀྱང་རྒྱ་གར་ཡུལ་དུ་དར། །དེ་ནས་རྒྱལ་པོ་ཁྲི་སྲོང་སྐུ་རིང་ལ། །རྒྱ་ནག་ཧྭ་ཤང་མ་ཧཱ་ཡ་ན་སོགས། །ལོ་པཎ་རྣམས་ཀྱིས་བོད་དུ་བསྒྱུར་བ་སྟེ། །བོད་དུ་ཐོག་མར་བསམ་ཡས་ཕྱག་དཔེ་ལ། །མང་དུ་འཕེལ་ནས་དར་ཆ་ཆེ་བར་བྱུང་། །འདན་གྱི་གླང་ཐང་སྒྲོལ་མའི་གཙུག་ལག་ཏུ། །གཏོ་དང་རྩིས་སོགས་གཏེར་དུ་སྦས་པ་རྣམས། །ཁམས་པ་ཉི་མ་གྲགས་པས་གཏེར་ནས་བཏོན། །འགྲོ་མགོན་ཆོས་འཕགས་རྒྱ་ནག་ཡུལ་བྱོན་དུས། །སླར་ཡང་འདི་ཡི་སྐོར་རྣམས་བོད་ལ་བསྒྱུར། །ས་སྐྱ་པ་ཡི་བསྟན་སྲུང་འཐིལ་པོ་བྱེད། །ས་སྐྱས་ཟླ་བ་རེ་ལ་ལན་རེ་བཅའ། །དེ་


CMR041_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་མགོ་གསུམ་གཟུགས་ཀྱིས་གསུང་བསྒགས་ནས། །མགྲིན་པ་ཨེན་ཙམ་ཡོ་བ་མ་གཏོགས་པ། །ང་ཡི་གཟུགས་འདི་འདྲ་འོ་སྨྲས་སོ་སྐད། །དེ་དུས་ཧོར་སྟོད་དམག་གི་གནོད་པ་ཟློག །དེ་རྗེས་ཀརྨ་པཀྵིས་འདི་བཅས་པས། །རྒྱ་དམག་བོད་དུ་འོང་བ་བཟློག་གོ་སྐད། །ཨོ་རྒྱན་མགོན་པོས་ལྷ་ཁང་བཞེངས་པའི་ཚེ། །སྐུ་སྐག་ཆེ་ཞིང་བར་ཆད་མང་བ་ལ། །ཆེ་ཚངས་སངས་རྒྱས་ཡེ་ཤེས་དེར་ཕེབས་ནས། །ཟླ་བ་གསུམ་གྱི་བར་དུ་མདོས་ཆ་བསྒྲུབ། །ལྷ་ཁང་ཉིད་ཀྱི་ཚད་ཙམ་བཅས་ནས་འབུལ། །བར་ཆད་ཀུན་ཞི་སྐུ་ཚེ་མཐར་ཕྱིན་གྱུར། །འདི་ལ་ལུགས་གསུམ་བཅའ་ཐབས་བཅོ་བརྒྱད་དེ། །དུས་ཕྱིས་སྔགས་པས་དཔེ་ཆ་གར་རྙེད་བྲིས། །དབྱེ་གསལ་མ་ཤེས་རྫོགས་རྒྱུ་མེད་པ་བྱུང་། །རྒྱས་པ་ཡབ་ལུགས་འབྲིང་པོ་སྲས་ལུགས་དང་། །བསྡུས་པ་ཡུམ་ལུགས་གསུམ་དུ་ཞེས་གྲགས་སོ། །ཁྲོ་བོ་ཕ་བརྒྱུད་བུ་བརྒྱད་གཉིས་ཀ་འབྱར། །རུ་འདྲེན་སྡེ་བཞི་སོ་སོར་ལེའུ་ཁ་རེ། །པོ་ཏི་ཆེན་པོ་བྱུང་བ་ཡབ་ལུགས་ཡིན། །ཁྲོ་བོ་ཕ་བརྒྱད་མི་འབྱར་བུ་བརྒྱད་འབྱར། །རུ་འདྲེན་སྡེ་བཞི་ལེའུ་ཁ་གཅིག་ལ་ཚང་། །རྒྱས་བསྡུས་འཚམས་པ་བྱུང་བ་སྲས་ལུགས་ཡིན། །ཁྲོ་བོ་ཕ་བུ་


CMR041_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་གཅིག་ཀྱང་མེད། །འདོན་ཆོག་བསྡུས་པ་བྱུང་བ་ཡུམ་ལུགས་ཡིན། །ཤིང་རིས་རྩང་ཐུར་ནམ་མཁའ་གསུམ་ཁ་ཡོད། །དེ་ནི་མགོ་གསུམ་མདོས་ཐབས་ཞེས་བྱའོ། །ཤིང་།རིས་མེད་ཅིང་རྩང་ཐུར་རྐྱང་པ་བཙུགས། །དེ་ནི་མགོ་གསུམ་རྩང་ཐབས་ཞེས་བྱའོ། །མདོས་ཐབས་རྩང་ཐབས་གཉིས་པོ་གང་བྱེད་ཀྱང་། །དེ་ལ་ལས་ཚོགས་བཅའ་ཐབས་བཅོ་བརྒྱད་བྱུང་། །དེ་དག་སོ་སོའི་ཕྱག་གཡས་ཕྱག་མཚན་ཁྱད། །སྐག་ཟློག་སྤར་ཁ་གང་ཡིན་ཕྱག་མཚན་འཛིན། །དེ་བཞིན་ལོ་ཡི་སྐག་ཟློག་ལོ་ཡི་གཟུགས། །ལྟས་ངན་བཟློག་ན་གང་བྱུང་ཐན་གྱི་གཟུགས། །ཞིང་ནང་དབབ་བྱུང་དབབ་རྡོ་ཕྱག་གཡས་བཞག །དེ་བཞིན་གང་མཛད་རིག་པས་བརྟག་སྟེ་ཤེས། །སྤྱི་ལ་དང་པོ་གྲི་གུག་ཐོད་ཁྲག་སྟེ། །གཞན་རྣམས་ཕྱག་མཚན་མངོན་རྟོགས་ལྟར་དུ་བྱ། །སྤར་ཁ་རྩུབ་པ་མང་པོ་ཡོད་ན་ནི། །ཕྱག་དྲུག་སྤར་ཁ་གང་རྩུབ་ཕྱག་ཏུ་བཞག །ནད་ཡམས་བཟློག་པའི་དོན་དུ་བཅའ་བ་ནི། །དང་པོའི་ཕྱག་གཉིས་ཉི་མ་ཟླ་བ་ཕྱིར། །བར་པའི་ཕྱག་གཉིས་ཁྲམ་ཤིང་དཀར་ནག་གཉིས།། །ཐ་མ་གཉིས་ཀྱིས་ཐལ་མོ་བརྡབ་ཚུལ་བྱ། །བུད་མེད་ནད་རྐྱལ་ཐོགས་པ་བརྒྱ་ཡིས་བསྐོར། །དེ་ལ་


CMR041_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་གཞན་ནི་མི་དགོས་སོ། །བྱད་ཁ་བཟློག་ན་དང་པོ་གྲི་ཐོད་དེ། །བར་པ་གཉིས་ཀྱིས་ཕུར་པ་འདྲིལ་བའི་ཚུལ། །ཐ་མ་གཉིས་ཀྱིས་ཐལ་མོ་རྡེབ་པ་སྟེ། །ལུས་ལ་ཕུར་པ་མང་པོའི་དོ་ཤལ་ཚུལ། །འཁོར་གྱི་བཅའ་ཚོགས་ཧྲག་བསྡུས་གཞུང་ལྟར་བྱ། །དམག་སྣ་བཟློག་ན་དང་པོའི་ཕྱག་གཉིས་ཀྱིས། །ཕྱར་དར་དང་ནི་རྒྱལ་མཚན་འཛིན་པ་སྟེ། །བར་པས་རལ་གྲི་དང་ནི་མདུང་འཛིན་པ། །ཐ་མས་ཐལ་མོ་བརྡབ་པར་བྱ་བ་སྟེ། །འཁོར་ནི་སྐྱ་མི་ཁྲབ་ཅན་བརྒྱ་ཡིས་བསྐོར། །དེ་ལ་འཁོར་གཞན་བཅའ་ནི་མི་དགོས་སོ། །ཐན་ཟློག་ཕྱག་གཡས་སྦྲུལ་ནག་མགོ་དགུ་དང་། །རྔ་མོང་ངམ་ནི་གང་བྱུང་ཐན་གྱི་གཟུགས། །འཁོར་དུ་ཐན་རིགས་བརྒྱ་ཡིས་བསྐོར་བར་བྱ། །ཁ་མཆུ་གླེང་གཞི་ལ་སོགས་བཟློག་པ་ལ། །དང་པོའི་ཕྱག་གཉིས་མི་ཁ་ཟ་བའི་ཚུལ། །འཁོར་ནི་མི་ཁའི་མགོ་བརྙན་བཅུ་གསུམ་སྟེ། །བུད་མེད་བ་རུ་སིལ་པོ་ཁུར་བའོ། །དེ་རྒྱབ་ཤང་ཤང་བྲ་མཆུ་བརྒྱ་ཡིས་བསྐོར། །དགྲ་སྣ་བསྒྱུར་ན་ཕྱག་མཚན་རལ་གྲི་མདུང་། །མི་ནག་རལ་གྲི་ཐོགས་པ་བརྒྱ་ཡིས་བསྐོར། །གོད་ཁ་དང་ནི་སྙིང་སྟོང་བསྒྱུར་བ་ལ། །ཕྱག་རྣམས་ཀུན་གྱིས་བ་དན་


CMR041_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་སྟེ། །འཁོར་ནི་མི་ནག་ཡས་ཁུར་བརྒྱ་ཡིས་བསྐོར། །རྨི་ལམ་ངན་པ་བསྒྱུར་ན་དང་པོའི་ཕྱག །མདའ་གཞུ་འཛིན་ཅིང་དེ་ཡི་འཁོར་དུ་ནི། །རྨི་ལམ་ངན་པ་གང་རྨིས་གཟུགས་ཀྱིས་བསྐོར། །རྒྱལ་འགོང་གནོད་པ་བཟློག་ན་དེ་ཡིས་འཁོར། །རྒྱལ་འགོང་གཟུགས་བརྙན་མང་པོས་བསྐོར་བར་བྱ། །འདྲེ་མོའི་གནོད་ན་འདྲེ་མོའི་གཟུགས་མང་པོ། །འདྲེ་མོའི་ཡས་རྣམས་རྒྱབ་ལ་ཁུར་བར་བྱ། །གྱོད་བྱུར་བཟློག་ན་གྱོད་གྱུར་མང་པོའི་གཟུགས། །མི་ཁ་བཟློག་ན་མི་ཁའི་གཟུགས་ཡས་དང་། །དེ་རྣམས་རིགས་པས་དཔག་སྟེ་གང་གནོད་གཟུགས། །ཕྱག་ཏུ་བཟུང་སྟེ་འཁོར་དུ་བསྐོར་བྱས་པས། །ལས་ཚོགས་བཅའ་ཐབས་བཅོ་བརྒྱད་འབྱུང་བ་ཡིན། ༈ །སྤྱི་ལ་བཅའ་ལུགས་རྒྱས་འབྲིང་བསྡུས་གསུམ་སྟེ། །རྒྱས་པ་མངོན་རྟོགས་ལྟར་དུ་འཁོར་མང་གཟུགས། །འབུར་དོད་བཅའ་དང་བྲིས་སྐུ་ཆ་གཉིས་བྱ། །འབྲིང་ལ་འཁོར་མང་མཐོ་དོ་ཙམ་ཞིག་བྱ། །བསྡུས་པ་གོང་ནོན་རིགས་གསུམ་མགོན་པོ་བྲི། །དེ་མིན་མཐོ་རེ་ཙམ་གྱི་གཟུགས་བཅས་ལ། །འཁོར་མང་ཡིད་ལ་བསྒོམས་པས་འཐུས་པ་ཡིན། ༈ །དང་པོ་མདོས་ཐབས་རྒྱས་པར་བཅའ་བ་ནི། །མདོས་གདན་


CMR041_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་གྲུ་བཞི་བྲིས་པའི་སྟེང་། །མི་ཁ་བྲ་མཆུ་ལྟས་ངན་ལ་སོགས་པ། །གང་གནོད་ལིང་ག་བྲིས་ཏེ་བཅིངས་བའི་སྟེང་། །མགོ་གསུམ་ཉིད་ཀྱི་སྐུ་གཟུགས་བཅའ་བ་ནི། །མི་ནག་མགོ་གསུམ་ཤིན་ཏུ་འཇིགས་པའི་གཟུགས། །དབུས་མ་གླང་མགོ་འབྲུག་གི་སྣ་ལྗགས་ཅན། །སྤྱན་དམར་རལ་པ་རེ་གཡབ་གྱེན་ལ་གཡེངས། །རྭ་ནི་གནམ་ལྕགས་སྔོན་མོ་ཟངས་སེ་བ། །ཐོད་སྐམ་ལྔ་དང་ཉི་ཟླ་ནོར་བུས་བརྒྱན། །མཆེ་གཙིགས་ལྗགས་འདྲིལ་ཁྲོ་བོའི་སྐུར་བསྐྱེད་བྱ། །འཇམ་དཔལ་བཀའ་ཉན་ཕྱིར་དུ་སེར་པོ་འོ། །གཡས་སུ་སྟག་མགོ་དམར་བཀྲ་གཡོན་དུ་ནི། །ཕག་མགོ་ནག་པོ་གཉིས་ནི་དུད་འགྲོའི་མགོ །མགོ་དབུས་སེར་པོ་ཐོད་སྐམ་དབུ་རྒྱན་ཅན། །སྐུ་མདོག་ནག་པོ་ཕྱག་ནི་དྲུག་པ་སྟེ། །ཐོད་རློན་དོ་ཤལ་གླང་ལྤགས་སྟོད་གཡོགས་དང་། །སྦྲུལ་གྱི་དོ་ཤལ་སྟག་གི་ཤམ་ཐབས་དང་། །རྔ་མ་རེ་འབྱམ་སྦྲུལ་གྱི་ཚུལ་དུ་འཁྱིལ། །ཞབས་གཉིས་འདོར་ཐབས་བཞུགས་པ་ཀུན་ལ་སྟེ། །སྤྱི་ལ་དང་པོ་གྲི་གུག་ཐོད་ཁྲག་སྟེ། །བར་པས་རལ་གྲི་དང་ནི་ལྕགས་ཀྱུ་འཛིན། །ཐ་མ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། །དེ་ཡི་ཕྱོགས་མཚམས་བརྒྱད་དུ་སྲས་བརྒྱད་ནི། །


CMR041_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟོགས་ལྟར་དུ་ཚོན་མདོག་མ་ནོར་འགོད། །དེ་ཡི་ཕྱི་རིམ་སྨེ་བ་དགུ་པོ་ནི། །མདུན་དུ་ལྔ་སེར་དེ་མདུན་དགུ་དམར་དང་། །མདུན་གཡས་གཉིས་ནག་གཡས་སུ་བདུན་དམར་ཏེ། །རྒྱབ་གཡས་དྲུག་དཀར་རྒྱབ་ཏུ་གཅིག་དཀར་ཏེ། །རྒྱབ་གཡོན་བརྒྱད་དཀར་གཡོན་དུ་གསུམ་མཐིང་དང་། །མདུན་གཡོན་ཟུར་དུ་བཞི་ལྗང་གཟུགས་རྣམས་ནི། །སྐྱ་མི་སོ་སོའི་གཟུགས་སུ་བྱས་པས་འཐུས། །དེ་རྒྱབ་སྤར་ཁ་བརྒྱད་པོའི་གཟུགས་བཅས་ལ། །ལི་ནི་བུད་མེད་དམར་མོ་རྟ་དམར་ཅན། །དེ་ནི་གཙོ་བོའི་མདུན་བཞག་ལྷོ་ཕྱོགས་ཡིན། །ལྷོ་ནུབ་ཁོན་མ་རྒན་མོ་བུད་མེད་གཟུགས། །ནུབ་ཏུ་དྭ་ནི་སྐྱེས་ཕྲན་དཀར་པོ་དང་། །ནུབ་བྱང་ཁེན་པ་མི་རྒན་སེར་པོ་དང་། །བྱང་དུ་ཁཾ་ནི་མི་ནག་རལ་པ་ཅན། །བྱང་ཤར་གིན་ནི་་བན་གཟུགས་སེར་པོ་དང་། །ཤར་དུ་ཟིན་ནི་བུད་མེད་ལྗང་གུའི་གཟུགས། །ཤར་ལྷོར་ཟོན་ནི་བུད་མེད་སེར་མོའི་གཟུགས། །དེ་དག་སོ་སོའི་ཞོན་པ་ལ་སོགས་པ། །བྲི་དུས་ཡིན་གྱིས་བཅའ་དུས་རྐང་ཐང་ཆོག །དེ་རྒྱབ་ལོ་སྐོར་བཅུ་གཉིས་བཅའ་བ་ནི། །ལོ་སྐོར་བཅུ་གཉིས་སོ་སོའི་མགོ་ཅན་ལ། །ལུས་པོ་མི་ཡི་གཟུགས་སུ་བྱས་པས་འཐུས། །སྟག་ཡོས་ལྗང་


CMR041_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་རྟ་སྦྲུལ་དམར་པོ་དང་། །བྱ་སྤྲེལ་དཀར་པོ་བྱི་ཕག་ནག་གམ་སྔོ། །མཚམས་བཞི་སེར་པོ་རང་རང་ཕྱོགས་སུ་བཀོད། །དེ་རྒྱབ་གཡས་སུ་མི་ནག་རྟ་ནག་བདུད། །མདུན་དུ་ཤང་ཤང་བྲ་བའི་མགོ་ཅན་ལ། །ལག་པ་གཉིས་ཀྱིས་རག་དུང་འབུད་པ་བྱ། །གཡོན་དུ་བཙན་ནི་མི་དམར་རྟ་དམར་ཅན། །རྒྱབ་ཏུ་མ་མོ་ནག་མོ་རྔ་མོང་ཞོན། །དེ་དང་མཉམ་དུ་གླང་ཆེན་ཁལ་འགེལ་བཞག །མདུན་དུ་མི་དམར་མགོ་བོ་གསུམ་པོ་ནི། །ལག་པ་གཉིས་ཀྱིས་མདའ་གཞུ་འགེངས་པའི་ཚུལ། །ཁོག་སྟོད་དམར་ལ་ཁོག་སྨད་ནག་པོ་བྱ། །མགོ་དབུས་ཕག་མགོ་ནག་པོ་གཏི་མུག་མགོ །གཡས་པ་བྱ་དཀར་གཡོན་པ་སྦྲུལ་མགོ་དམར། །འདི་ལ་གསོད་བྱེད་མི་དམར་མགོ་གསུམ་ཟེར། །དེ་རྒྱབ་ཕྱོགས་བཞིར་གཏོ་མཁན་བཞི་ལ་པོའམ། །ཡང་ན་སྲུང་བཞི་སྒོ་སྲུང་ཚུལ་དུ་བཅའ། །བཅའ་ཚོགས་བསྡུས་པ་དེ་དག་ཙམ་གྱིས་འཐུས། ༈ །དེ་ལས་བསྡུས་པ་འདོད་ན་སྨེ་བ་སྐྱུར། །དེ་ལས་རྒྱས་པ་ཐན་སྐྱ་ཉི་ཤུ་བཅའ། །ཁྲོ་བོ་རྣམས་ནི་པར་དུ་འདེབས་པའམ། །ཡང་ན་ཙཀླུ་བཙུགས་པས་འཐུས་པ་ཡིན། །འཁོར་མང་ཐམས་ཅད་དེང་སང་བཅའ་སྲོལ་མེད། །སྔོན་ཚེ་སངས་རྒྱས་ཡེ་ཤེས་


CMR041_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཅས་པས། །ཁྲ་འགྱེལ་མ་དང་མཉམ་པ་བྱུང་ངོ་སྐད། །དེ་འདྲ་དེང་སང་ཆོས་པའི་ཐབས་མེད་པས། །དེང་སང་ཧྲག་བསྡུས་བཅའ་བ་ཀུན་གྱི་སྲོལ། །དེ་རྒྱབ་ལོ་སྐོར་བཅུ་གཉིས་བྲིས་སམ་གདབ། །ཤིང་རིས་བཅུ་གསུམ་རང་རང་ཕྱོགས་སུ་བཙུགས། །ཕྱོགས་བཞིར་ཁྲམ་ཤིང་དཀར་སེར་དམར་ལྗང་བཞི། །གཡས་སུ་ཕོ་ཐོང་གཡོན་དུ་མོ་ཐོང་དང་། །མདུན་དུ་བུ་ཐོང་མདའ་བཀྲ་འཕང་བཀྲ་དང་། །བཅུ་གསུམ་བཞི་དང་གསུམ་སོགས་རེ་རེ་བཙུགས། །དབུས་སུ་ནམ་མཁའ་གཅིག་གི་མགུལ་དུ་ནི། །རིགས་གསུམ་མགོན་པོའི་ཙཀ་ལི་བཏགས་པ་ནི། །མགོ་གསུམ་དབུ་རྒྱན་གོང་ནོན་ཚུལ་ཡིན་ནོ། །ཤིང་རིས་རྒྱབ་ཏུ་རྩང་ཐུར་དྲུག་ཅུ་བཞི། །ཡང་ན་ཤི་ཤུ་རྩ་བརྒྱད་བཙུགས་པ་རྣམས། །སྟོད་དམར་སྨད་ནག་སྐེད་པ་རྒྱ་མདུད་སེར། །སྲིན་མོ་འགྲོས་བཙུགས་ཚོན་སྐུད་སྣ་ལྔས་དཀྲིས། །ཤ་དུམ་མཐེབ་སྐྱུ་གཏོར་ཆུང་གཙང་མ་ལ། །འབྲུ་སྣ་ཡོས་བཀྲ་གཙང་མས་གསོ་བར་བྱ། ༈ །ལོགས་སུ་བཙོ་གཞོང་ལ་སོགས་སྣོད་ཀྱི་ནང་། །ངར་གླུད་ཆེ་བ་གཅིག་བཅས་གོས་དུམ་བསྐོན། །དེ་ལ་བཙོག་གླུད་ཚྭ་ཡོས་རིམ་རུག་བླུག །དེ་ནི་མགོ་གསུམ་དེ་ཡི་དྲུང་དེར་བཞག །མགོ་གསུམ་


CMR041_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་བཙོག་གླུད་མི་བླུག་གོ ༈ །ཡར་མཆོད་གཞི་སྟེང་ཕུགས་གཏོར་ཉིད་ཀྱི་མཐར། །བཙོ་ཆུང་ངམ་ནི་སྡེར་མ་ནས་བཀང་སྟེང་། །གཏོར་མ་གུར་གྱི་དབྱིབས་ཅན་མར་རྒྱན་གཟབ། །དབུས་སུ་ཁྱུང་དང་གཡས་སུ་སེང་གེ་དང་། །གཡོན་དུ་འབྲུག་གཟུགས་མར་ལ་བཅས་ལ་བཙུགས། །མར་དང་ཐུད་ཀྱི་རིལ་བུ་མང་པོས་བརྒྱན། །དེ་ནི་དཀར་པོ་མགོ་གསུམ་བཅའ་ཐབས་ཡིན། །དཀར་པོ་མགོ་གསུམ་སྲུང་བ་ཡིན་པ་སྟེ། །ནག་པོ་མགོ་གསུམ་ཉིད་ནི་ཟློག་པ་ཡིན། །དམར་པོ་མགོ་གསུམ་ཉིད་ནི་བསད་པ་ཡིན། །དེ་གསུམ་མགོ་གསུམ་གཞུང་ཆེན་གསུམ་པོ་ཡིན། །གཞན་རྣམས་དེ་ཡི་ཡན་ལག་ཡིན་པའི་ཕྱིར། །རྒྱས་ཀྱང་རུང་ལ་བསྡུས་ཀྱང་ཆོག་པ་ཡིན། །བདག་བསྐྱེད་རང་གི་ཡི་དམ་ལྷ་གཞུང་བསྲང་། །དེ་ནས་རིགས་གསུམ་མགོན་པོ་གནས་འགྱུར་རམ། །དྲག་པོ་བྱེད་ན་རིགས་གསུམ་ཁྲོ་བོ་བསྐྱེད། །དེ་ནས་ཉིན་རེ་ཚར་རེ་མི་དགོས་ཏེ། །རྩ་བའི་གཞུང་ཆེན་རྣམས་ལ་ཚར་རེ་དང་། །གཞན་རྣམས་འདོན་རེས་བྱས་པས་འཐུས་པ་ཡིན། །གཙོ་བོར་དཀར་པོ་མགོ་གསུམ་སྲུང་འཁོར་བསྒོམ། །སྔ་དྲོ་རིགས་གསུམ་མགོན་པོའི་བསྙེན་པ་འབད། །ཉིན་


CMR041_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གུང་ནག་པོ་མགོ་གསུམ་ཟློག་པ་འདོན། །ཟ་འདྲེ་ཤི་གཤེད་ལ་སོགས་གསོད་པ་ལ། །དམར་པོ་མགོ་གསུམ་སྔགས་དམིགས་བཅུག་པར་བྱ། །སྤྱིར་ནི་རིམ་གྲོ་སྲུང་ཟློག་གཉིས་པོ་གཙོ། །བསད་པའི་སྔགས་དམིགས་དགོས་པ་ཆུང་བ་ཡིན། །མགོ་གསུམ་གལ་ཆེན་རྟགས་ཐོན་བྱེད་འདོད་ན། །དུས་བཞིར་མངོན་རྟོགས་སྤྱན་འདྲེན་གཏོར་འབུལ་དང་། །ཟློག་བྱེད་མགོ་གསུམ་ཉིད་ཀྱི་སྔགས་ལ་འབད། །བསྲུངས་རྟོགས་བཟློག་རྟགས་རྨི་ལམ་འབྱུང་། །བཟང་ངན་བརྟག་ལུགས་སྤྱི་དང་མཐུན། །དེ་ནས་ཞག་གྲངས་ཐེམ་པ་དང་། །རང་དང་ཡོན་བདག་ལོ་ཐོག་མིན། །རྒྱུ་ལྡོག་ཞིབ་ཏུ་བརྩི་བ་རབ། །མིན་ཀྱང་རང་དང་ཡོན་བདག་གི །ལོ་ཐོག་མིན་ཅིང་ཕྱོགས་གཙང་སར། །ཁྱད་པར་ཐེ་སེ་ཧལ་ཁྱི་དང་། །བླ་མཁྱེན་མེད་པའི་ཕྱོགས་སུ་ཕུལ། །དཀར་བགེགས་གཉིས་ཀྱིས་སྣ་དྲངས་ཤིང་། །དེ་རྗེས་གཏོར་ཟློག་དར་ནག་ཁྱེར། །གསེར་སྐྱེམས་གཏོར་མ་འབུལ་ལུགས་རྣམས། །ཕལ་ཆེར་མཐོང་བ་བརྒྱུད་ལྟར་ཤེས། །ཧ་ཀྱང་ཀུན་གྱིས་ཤེས་མོད་ཀྱིས། །དྲི་གླུད་ལ་སོགས་མི་གཙང་རྫ་ས། །མགོ་གསུམ་ཉིད་ལ་མཆོད་མི་རུང་། །ཀླུ་དང་ས་བདག་ཀུན་གྱི་དཔོན། །ཀླུ་བདུད་


CMR041_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་དགུ་ཞེས་ཀྱང་། །ས་བདག་ནཱ་ག་རཀྵ་ནི། །མགོ་གསུམ་འདི་ཉིད་ཡིན་ངེས་ཏེ། །ས་བོན་ཡི་གེ་ཕེ་དང་ནི། །སྲོག་སྔགས་ཕེ་ཤ་ཀེ་རུ་ཧཱུཾ། །ནཱི་ག་རཀཱ་དང་ནི་གཅིག །དེ་ཕྱིར་འདི་ལ་གཙང་སྦྲ་གལ་ཆེའོ། །འོན་ཀྱང་གཙང་སྦྲ་བྱེད་མཁན་དཀོན་པར་སྣང་། །འདི་ནི་མི་ཤེས་ལོག་པ་ཆེན་པོ་སྣང་། །མགོ་གསུམ་ཞེས་བྱ་འདྲེ་ངན་མ་ཡིན་ཏེ། །ས་བདག་རིགས་ཀྱི་ཆོས་སྐྱོང་གཅིག་ཡིན་ནོ། །བཙོག་གླུད་ངར་མི་ལོགས་སུ་བཅའ་བ་གཅེས། །དེ་དག་བཅའ་ཚོགས་ཞལ་གདམས་མདོར་བསྡུས་ཡིན། །སྔགས་འཆང་ཨོ་རྒྱན་བཀྲ་ཤིས་ཀྱིས་བསྐུལ་ནས། །༧རཱ་ག་ཨ་སྱས་འཕྲལ་དུ་ངག་ནས་སྨྲས། །བསྐུལ་བ་པོ་དེས་འཕྲལ་དུ་ཡི་གེར་བཀོད། །ཕྱི་རབས་སྔགས་འཆང་འགལ་ལ་ཕན་པར་ཤོག ༈ ཞར་བྱུང་ཤིང་རིས་བྲི་བའི་ཞལ་གདམས་ནི། །ཤིང་རིས་བཅུ་གཉིས་སྟོད་ན་བྲི་ལུགས་འདྲ། །རྩེ་ལ་ནོར་བུ་དེ་འོག་ཉི་ཟླ་དང་། །དེ་འོག་དུང་ཕྲེང་དེ་འོག་དར་དཔྱང་བྲི། །དེ་འོག་སྤྲིན་གྱི་རི་མོ་བྲི་བ་རྣམས། །ཤིང་རིས་སྤྱི་ཡི་རི་མོ་བྲི་ལུགས་ཡིན། །དེ་འོག་ལོ་སྐོར་བཅུ་གཉིས་ནི། །མི་ལུས་དུད་འགྲོ་སོ་སོའི་མགོ །ལག་པ་བྱ་སྡེར་ཐལ་མོ་སྦྱར། །གཤོག་པ་


CMR041_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཡི་གཤོག་པ་ལ། །ཁོག་སྨད་སྦྲུལ་དུ་འཁྱིལ་བ་བྲི། །དེ་དག་རྣམས་ཀྱི་བར་མཚམས་སུ། །ས་བཅད་རི་མོ་གཉིས་སམ་གསུམ། །དེ་ཡི་ཤིང་རིས་མ་གང་ན། །ས་བཅད་རི་མོ་གཉིས་ཀྱི་བར། །ཁྲམ་རིས་འདྲ་བའི་རྒྱ་གྲམ་གཅིག །དེ་འོག་ཡི་གེ་དབུ་ཅན་གྱི། །བྱི་བ་ལོ་པའི་སྐག་སྒྱུར་ཅིག །ཅེས་སོགས་རིམ་བཞིན་བྲི་བར་བྱ། །ཤར་ཕྱོགས་ཁྲམ་ཤིང་དཀར་པོ་ལ། །ཤར་ཕྱོགས་དྲི་ཟའི་ཁྲམ་ཁ་ཟློག །ལྷོ་ཕྱོགས་ཁྲམ་ཤིང་སེར་པོ་ལ། །ལྷོ་ཕྱོགས་གཤིན་རྗེའི་ཁྲམ་ཁ་ཟློག །ནུབ་ཕྱོགས་ཁྲམ་ཤིང་དམར་པོ་ལ། །ནུབ་ཕྱོགས་ཀླུ་ཡི་ཁྲམ་ཁ་ཟློག །བྱང་ཕྱོགས་ཁྲམ་ཤིང་ལྗང་གུ་ལ། །བྱང་ཕྱོགས་གནོད་སྦྱིན་ཁྲམ་ཁ་ཟློག །ཕོ་ཤིང་སྟག་པའི་ཕོ་ཐོང་ལ། །སྐྱེས་པ་ཕོ་ཡི་གཟུགས་བྲིས་འཛུགས། །སྐྱེས་པ་ཕོ་ཡི་སྐག་བཟློག་ཅིག །མོ་ཤིང་གླང་མའི་མོ་ཐོང་ལ། །ཟ་མ་མོ་ཡི་གཟུགས་བྲིས་འཛུགས། །ཟ་མ་མོ་ཡི་སྐག་བཟློག་ཅིག །བུ་ཤིང་ཚར་བུའི་བུ་ཐོང་ལ། །བྱིས་སྦ་ཆུང་གི་གཟུགས་བྲིས་འཛུགས། །བྱིས་སྦ་ཆུང་གི་སྐག་བཟློག་ཅིག །དེ་དག་ཀུན་གྱི་རྒྱབ་ཏུ་ནི། །འཇའ་རིས་བྲི་བ་ཀུན་གྱི་སྲོལ། །དེ་བཞིན་མདའ་བཀྲ་འཕང་བཀྲ་ཡང་། །རྒྱས་པར་འཛོམ་ན་


CMR041_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་ཙམ། །འབྲིང་དུ་བདུན་རེ་ལྔ་རེ་དང་། །བསྡུ་ན་གསུམ་མམ་རེ་རེས་ཆོག །དེང་སང་མདའ་བཀྲ་འཕང་བཀྲ་ནི། །བཙུགས་སྲོལ་མེད་པས་ཕྱག་ལེན་འཕྱུགས། །ཤིང་རིས་ཡོད་ན་མདའ་བཀྲ་དང་། །འཕང་བཀྲ་མེད་པའི་མདོས་མི་སྲིད། །ཕོ་གླུད་མོ་གླུད་གཙོ་བོ་ནི། །མདའ་བཀྲ་འཕང་བཀྲ་ཡིན་ཕྱིན་རོ། །མདོས་རྣམས་གཞན་ལ་ནམ་མཁའ་ཡང་། །ཤིང་རིས་གྲངས་སུ་མཉམ་པ་མང་། །མགོ་གསུམ་ཉིད་ལ་དེ་མི་སྲོལ། །ནམ་མཁའ་གཅིག་གིས་ཆོག་པ་ཡིན། །འདི་ནི་བསྡུས་པའི་ལུགས་ཡིན་ནོ། །རྒྱས་པར་བྱེད་ན་གདུགས་ནམ་དང་། །སྲིད་གསུམ་ཟིལ་གནོན་ནམ་མཁའ་དང་། །ནོར་བུ་ཏོག་གི་ནམ་མཁའ་སོགས། །ཤིན་ཏུ་རྒྱས་པ་བྱེད་ན་དགོས། །ཆེ་ཚང་སངས་རྒྱས་ཡེ་ཤེས་ཀྱིས། །རི་བོ་ཆེ་རུ་བཅས་པའི་དུས། །ནམ་མཁའ་གསེར་འཕུར་མཉམ་མོ་སྐད། །དེང་སང་ནམ་མཁའ་གཅིག་མ་གཏོགས། །ནམ་གདུགས་ཙམ་ཡང་སྲོལ་མི་འདུག །ལ་ལས་ལིང་ག་བསྒྲལ་ཆོག་ནི། །ཉིན་རེ་རེ་རེ་བྱེད་པ་སོགས། །ཕྱག་ལེན་མི་འདྲ་འགའ་ཡོད་དེ། །ང་ཡི་སློབ་དཔོན་སྔགས་འཆང་བ། །པྲ་བ་ཤྭ་རའི་ཕྱག་ལེན་འདི། །སྔོན་གྱི་སྔགས་པ་


CMR041_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ཡི། །ཕྱག་ལེན་རྒྱུན་ལྡན་ཁོ་ན་སྟེ། །རང་བཟོ་ཕྱག་ལེན་མ་ཡིན་པས། །བཅའ་ཚོགས་རྒྱས་བསྡུས་འདོན་ལུགས་ཀུན། །མཐོང་བ་བརྒྱུད་པ་རྣམ་དག་ཡིན། །འདོན་ཆོག་རྒྱས་བསྡུས་མང་ན་ཡང་། །དངོས་གཙང་དོན་འཐུས་མང་ཉུང་རན། །འགྲིག་ཆོག་བཞིན་དུ་འདོན་པས་འཐུས། །འདི་རུ་མ་ཚང་འདོན་ཆའི་ཚོགས། །པོ་ཏི་མང་བ་གཞན་འདུག་ཀྱང་། །མ་ཚང་སྙམ་དུ་བྲི་མི་དགོས། །འདི་ཉིད་བཏོན་པས་ཐམས་ཅད་འཐུས། །མགོ་གསུམ་གཙོ་བོར་བྱེད་འདོད་ན། །འདོན་ཆ་མང་བས་ཟབ་པ་མིན། །སྔགས་དང་དམིགས་པ་འབད་པ་ཟབ། །དེ་སྐད་ཤིང་རིས་བྲི་ཐབས་སོགས། །ཞལ་གདམས་ཉེ་བར་མཁོ་བ་དེ། །དྲང་སྲོང་རཱ་ག་ཨ་སྱས་གསུངས། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


no previousནག་པོ་མགོ་གསུམ་གྱི་ཞལ་གདམས་ཟིན་བྲིས་གསལ་བ།next