Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
མགོ་གསུམ་ཞུས་ལེན།
   
   
   
   
   
   
   
   
   
   
   
   
   
   


 
previousམགོ་གསུམ་ཞུས་ལེན།next

མགོ་གསུམ་ཞུས་ལེན།


CMR041_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་གྱིས་མི་ནག་མགོ་གསུམ་ལ་གསུངས་པ། སྔགས་འཆང་གིས་མར་བཀའ་སྩལ་པའོ། །བཀའ་གསང་བ་འདི་ནི། འཕགས་པ་འཇམ་དཔལ་གྱིས་མི་ནག་དཔོན་གཡོག་ལ་གསུངས་པ། ཕྲིན་ལས་བཅོལ་ཞིང་དགྲ་ལ་རྦད་པའི་ལེའུ་སྟེ་དང་པོའོ།། ༼ཀ༽ ཧཱུྃ། འཕགས་པ་འཇམ་དཔལ་གསུང་པ་ནི། །ལྷ་དྲུག་གསོན་ལ་འདྲེ་དྲུག་ཉོན། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །ཁྱིམ་སྒོ་ལམ་སྲང་འདི་དག་ཏུ། །སྲིད་པའི་བཟློག་མདོས་བརྩམས་པ་འདིས། །ཕ་གཅིག་ཁེན་པ་རྒད་པོ་དང་། །མ་གཅིག་ཁོན་མ་རྒན་མོ་གཉིས། །རྫུ་འཕྲུལ་ཐང་གཅིག་བསྡེབས་པ་ལ། །ཁྲག་གི་གྲོད་པ་མགོ་བདུན་བྱུང་། །ལྟས་ངན་གྲོད་པ་རྫུ་འཕྲུལ་ཆེ། །བཅོམ་ལྡན་འཕགས་པ་འཇམ་དཔལ་གྱིས། །ཤེས་རབ་རལ་གྲིས་གྲོད་པ་བཀྲལ་བ་ལ། །སྣ་ལ་ཤང་ཤང་མི་ཁ་དང་། །མི་ཁའི་བུ་མོ་བ་རུ་བྱུང་། །དེ་རྒྱབ་མི་དམར་མགོ་གསུམ་བྱུང་། །དེ་རྒྱབ་མི་ནག་མགོ་གསུམ་བྱུང་། །དེ་རྒྱབ་མ་མོ་ནག་མོ་བྱུང་། །གཡོག་མོ་ཆུ་སྲིན་མགོ་ཅན་དང་། །གདུག་པའི་ལྟས་ངན་སྣ་ཚོགས་བྱུང་། །འཕགས་པ་འཇམ་དཔལ་བཀའ་བྱུང་གིས། །སྔོན་ཡང་བསྒྱུར་བའི་རྒྱལ་པོར་བསྐོས། །དེ་རིང་རྒྱུ་སྦྱོར་ཡོན་


CMR041_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི །བཟློག་དང་བསྒྱུར་བའི་རྒྱལ་པོ་མཛོད། །རྐྱེན་ངན་བར་ཆད་ཐམས་ཅད་དང་། །ལོ་སྐག་ཟླ་སྐག་བདུན་ཟུར་དང་། །ཐན་སྣ་དགྲ་སྣ་བཟློག་ཏུ་གསོལ། །དུས་ལ་བབ་པའི་ཚེ་ཟད་ཀྱང་། །ལོ་གསུམ་བར་དུ་ཤོལ་ཐོབ་ཅིག ཁ༽ །ཧཱུྃ། འཕགས་པ་འཇམ་དཔལ་བཀའ་ལ་ནི། །མི་ཁ་ཤང་ཤང་བྲ་མཆུ་དང་། །མི་ཁ་བ་རུ་ཡར་ཉོན་དང་།། །ཁྱོད་དུང་གི་མི་ཕོ་དཀར་པོ་ལ། །སྔོན་པོ་ལྕགས་ཀྱི་མཆུ་སྡེར་ཅན། །ལུས་ལ་གཡུ་ཡི་གཤོག་པ་ཅན། །མགོ་ལ་ཟངས་ཀྱི་བྲ་བས་བརྒྱན། །མི་ཁའི་བུ་མོ་བ་རུ་ཁྱོད། །མི་ལུས་བ་ཡི་ར་ཅོ་ཅན། །ཁྱོད་མི་ཁ་བྲ་མཆུ་མིང་སྲིང་ཐམས་ཅད་ཀུན། །སྐད་ཅིག་མ་ཡེངས་བདག་ལ་གསོན། །བ་ཚ་བུལ་ཏོག་ལྟེ་བརྒྱག་དང་། །ཡོན་བདག་འདི་ཡི་མི་ཁ་བཟློག་པའི་ཕྱིར། །མི་ཁའི་ཡས་རྣམས་ཁྱོད་ལ་རྫོ་ངས། །ཇ་དང་ཚོས་དང་ཚྭ་དང་གསུམ། །རམ་པ་རུག་པ་གོ་སྙོད་གསུམ། །མི་ཁའི་ཡས་སྟགས་འདི་བཞེས་ལ། །མི་ཁ་ངན་པ་བཟློག་ཏུ་གསོལ། །སྐག་རིགས་སུམ་བརྒྱ་དྲུག་ཅུ་སྒྱུར། ༼ག༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །མི་ཁ་བྲ་མཆུ་ཐམས་ཅད་


CMR041_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མི་ཁའི་བུ་མོ་མིང་སྲིད་རྣམས། །སྔོན་གྱི་ཁས་བླངས་དམ་བཅས་ལྟར། །ལུས་ངག་ཡིད་གསུམ་གུས་པར་ཉོན། །ཁམ་གྱི་མི་ཁ་ཤང་ཤང་དང་། །ཤོ་དང་ཆོ་ལོ་མིག་མང་དང་། །གླ་བ་སྐྱ་ག་ནག་བིལ་དང་། །མཚུར་དང་གཡེར་མ་སྒོག་པ་རྣམས། །མི་ཁ་མིང་སྲིང་རྣམས་ལ་རྫོངས། །དེ་རིང་བདག་དང་ཡོན་བདག་གི །འབྱུང་བ་ལྔ་ཡི་མི་ཁ་དང་། །རྨ་ངོ་ཁྲག་ངོའི་མི་ཁ་དང་། །མཚོན་དང་ནད་ཀྱི་མི་ཁ་དང་། །དགྲ་ཇག་རྐུན་མའི་མི་ཁ་དང་། །ཐན་སྣ་གྱོད་སྣའི་མི་ཁ་དང་། །ལོ་སྐག་ཟླ་སྐག་ཟ་མའི་སྐག །དེ་རྣམས་ཁྱོད་ཀྱིས་བཟློག་ཏུ་གསོལ། །མི་དམར་མགོ་གསུམ་སྣ་ཁྲིད་གྱིས། །མི་ཁའི་ཡས་རྣམས་ཁུར་ལ་སོང་། །འཁོར་འདིར་གནོད་པ་མ་བྱེད་ཅིག །༼ང༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །མི་དམར་མགོ་གསུམ་ཡར་ཉོན་དང་། །ལུས་ངག་ཡིད་གསུམ་གུས་པར་ཉོན། །ཁྱིམ་སྒོ་ལམ་སྲང་འདི་དག་ཏུ། །རྐྱེན་ངན་བར་ཆད་བཟློག་པའི་ཕྱིར། །འབྲུ་སྣ་ལྔ་ལས་བཞེངས་པ་ཡི། །གཡས་ཀྱི་མགོ་དེ་བྱ་ཡི་མགོ །གཡོན་གྱི་མགོ་དེ་སྦྲུལ་གྱི་མགོ །དབུས་ཀྱི་མགོ་དེ་ཕག་གི་མགོ །


CMR041_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ནག་མགོ་དགུའི་རྟ་ལ་ཞོན། །ཕྱག་ན་སྐྱེར་པའི་མདའ་གཞུ་བསྣམས། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཁྱོད་མི་དམར་མགོ་གསུམ་རྟེན་དུ་བཞེས། །ཁྱོད་རྟེན་དང་། བཅས་པ་ད་ཆོས་ཤིག །མི་ཁའི་ཡས་རྣམས་རྐན་མར་གྱིས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྐྱེན་ངན་བར་ཆད་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཅ༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །མི་དམར་མགོ་བོ་གསུམ་པ་ཁྱོད། །ལུས་སེམས་ཀུན་གྱིས་བརྟེན་པར་གྱིས། །ཚུར་འདུས་བདག་གི་བཀའ་ལ་ཉོན། །ཁམས་གསུམ་ལོ་སྐོར་བཅུ་གཉིས་པོ། །ཟངས་ཀྱི་ཤང་ཤང་དམར་པོ་དང་། །ཟངས་ཀྱི་འཕར་བ་བྲ་མཆུ་དང་། །ཆངས་བསྐྲད་ནམ་མཁའ་རྒྱང་བུ་དང་། །ཁྲག་གི་གྲོད་པ་དམར་པོ་དང་། །རིལ་བུ་མཐེབ་སྐྱུ་བཤོས་བུ་དང་། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ལྟས་ངན་རྐྱེན་སྡིག་ཐམས་ཅད་དང་། །དགྲ་རྐུན་ཇག་གསུམ་མི་ཁ་དང་། །མི་མཐུན་ཕྱོགས་རྣམས་བཟློག་ཏུ་གསོལ། །དུས་ལ་བབ་པའི་ཚེ་ཟད་ཀྱང་། །ལོ་གསུམ་བར་དུ་ཤོལ་ཐོབ་ཅིག །བཅོལ་བའི་


CMR041_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་འགྲུབ་པར་མཛོད། ༼ཚ༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །གདུག་པའི་མི་དམར་མགོ་གསུམ་ཁྱོད། །སྔོན་གྱི་དམ་ཚིག་དྲན་པར་གྱིས། །གང་བཅོལ་ལས་རྣམས་འགྲུབ་པར་མཛོད། །གཏོར་མ་མཐེབ་སྐྱུ་མང་པོ་དང་། །རཀྟའི་མཆོད་པ་འདི་བཞེས་ལ། །དེ་རིང་རྐྱེན་ངན་བཟློག་ཏུ་གསོལ། །མི་ནག་མགོ་གསུམ་སྣ་ཁྲིད་གྱིས། །༼ཇ༽ །ཧཱུྃ། འཕགས་པ་འཇམ་དཔལ་གསུངས་པ་ནི། །ཁྱོད་མི་ནག་མགོ་གསུམ་ཡར་ཉོན་དང་། །ཡིད་ཀྱི་དབང་པོས་དྲན་པར་སོམས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །རྐྱེན་ངན་བར་ཆད་བཟློག་ཏུ་གསོལ། །ལོ་སྐག་ཟླ་སྐག་ལྟས་ངན་དང་། །ཐན་སྣ་དགྲ་སྣ་བཟློག་ཏུ་གསོལ། །ཁམས་དང་འབྲས་ལ་བཞེངས་པ་ཡི། །གཡས་པ་ཞེ་སྡང་སྟག་གི་མགོ །གཡོན་པ་གཏི་མུག་ཕག་གི་མགོ །དབུས་དེ་གཏུམ་པོ་གླང་གི་མགོ །མཆུ་ལ་སྦྲུལ་རིས་སྦྲུལ་གྱིས་འཁྱུག །ཕོ་མཚན་རུ་སྦལ་རྒྱ་བོའི་མགོ །ལག་པ་བྱ་ནག་སྡེར་མོ་ཅན། །ཁྱོད་ཀྱི་བློ་ཡིད་གཏད་གྱིས་ལ། །མི་ཁ་ཤང་ཤང་བ་རུ་དང་། །མི་དམར་མགོ་གསུམ་སྣ་ཁྲིད་སྦྱར། །ཤ་ཁྲག་


CMR041_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གྱི་གཏོར་མ་དང་། །ཆང་ཕུད་རཀྟ་འདི་བཞེས་ལ། །དགྲ་ཇག་རྐུན་གསུམ་ཐམས་ཅད་དང་། །མི་ཁ་བྲ་མཆུ་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ༼ཉ༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །ཁྱོད་མི་ནག་མགོ་གསུམ་ཡར་ཉོན་དང་། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །རྐྱེན་ངན་བར་ཆད་བཟློག་ཏུ་གསོལ། །ཟློག་བྱེད་མི་ནག་མགོ་གསུམ་བཞེངས། །སླ་ང་ནག་པོའི་གདན་ལ་བཞུགས། །མི་ཁའི་ཡས་རྣམས་རྐན་མར་བྱིན། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་སྨྱུདང་། །གཏོར་མ་མཐེབ་སྐྱུ་ཤ་དམར་དང་། །འབྲུ་ཟན་ཤ་རུས་དར་ཟབ་དང་། །མདའ་བཀྲ་འཕང་བཀྲ་རྒྱང་བུ་དང་། །འབྱུང་བའི་ཁ་དོག་ནམ་མཁའ་དང་། །ཕོ་ཐོང་མོ་ཐོང་ངར་མི་དང་། །དམ་རྫས་བདུད་རྩི་གསེར་སྐྱེམས་དང་། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །སྣང་སྲིད་ལྷ་འདྲེའི་གདུག་པ་དང་། །དགྲ་རྐུན་ཇག་གསུམ་མི་ཁ་རྣམས། །མགོ་གསུམ་ཁྱོད་ཀྱིས་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཏི༽ །ཧཱུྃ། འཕགས་པ་འཇམ་དཔོལ་ཞལ་ན་རེ། །བདུད་མོ་རྔ་མོང་ཞོན་པ་


CMR041_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཡོག་མོ་ཆུ་སྲིན་མགོ་ཅན་དང་། །མ་མོའི་རིགས་རྣམས་ཡར་ཉོན་དང་། །བདུད་མོ་རྔ་མོང་ཞོན་པ་ཁྱོད། །གཡས་ན་གྲི་གུག་ནམ་མཁར་ཕྱར། །གཡོན་ན་ཐོད་པ་ཁྲག་བཀང་འཛིན། །ཆིབས་སུ་རྔ་མོང་དཔུང་དཀར་ཆིབས། །དམ་ཉམས་དགྲ་བོའི་སྟེང་དུ་རྒྱུགས། །ཡོན་བདག་འདི་ཡི་རྐྱེན་རྣམས་ཟློག །གཡོག་མོ་ཆུ་སྲིན་མགོ་བོ་ཅན། །གཡས་ན་ཐོད་ཟོར་ནམ་མཁར་ཕྱར། །གཡོན་པས་ཁྲག་ཟོར་དམར་པོ་བཟུང་། །དམ་ཉམས་དགྲ་བོའི་སྙིང་ལ་རྒྱོབས། །འཁོར་དུ་མ་མོ་འབུམ་གྱི་བསྐོར། །མ་མོའི་ཁྲག་ནད་དགྲ་ལ་ཐོངས། །མོ་ངན་མཚེར་རྩུབ་ཁྱོད་ཀྱིས་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ༼ཐ༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །སྟོང་གསུམ་སྲིད་གསུམ་མ་མོ་རྣམས། །ཚུར་འདུས་བདག་གི་བཀའ་ལ་འདུས། །དམ་རྫས་མཆོད་པ་ཁྱོད་ལ་སྦྱིན། །ནད་དང་ཆོ་འཕྲུལ་བཟློག་པའི་ཕྱིར། །ཤ་ཁྲག་དམར་གྱི་གཏོར་མ་དང་། །དྲི་ཞིམ་སྤོས་ཀྱི་མཆོད་པ་དང་། །མདངས་ལྡན་མེ་ཏོག་མཆོད་པ་དང་། །བདུད་རྩི་ཆང་གི་མཆོད་པ་དང་། །ཤིང་ཐོག་ལི་རྒུན་སིལ་འབྲུ་


CMR041_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཆོད་པའི་བྱེ་བྲག་འདི་དག་ཀུན། །སྟོང་གསུམ་མ་མོ་རྣམས་ལ་འབུལ། །ནམ་མཁའ་རྒྱང་བུ་ཐན་གཟུགས་དང་། །རི་དྭགས་ཆངས་བསྐྲད་ངར་མི་དང་། །མ་མོ་དཔོན་གཡོག་རྣམས་ལ་འབུལ། །བྱེད་དང་ཆོ་འཕྲུལ་བཟློག་ཏུ་གསོལ། །ཕྱོགས་མཚམས་བརྒྱད་གནས་མ་མོ་རྣམས། །བསྔོས་པའི་དམ་རྫས་འདི་བཞེས་ལ། །རྒྱལ་སྲིན་གདུག་པ་བཟློག་ཏུ་གསོལ། །བཀའ་དང་དམ་ལ་མ་འདའ་ཞིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ༼ད༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །ཁྱོད་ལོ་སྐོར་བཅུ་གཉིས་ཚུར་ཉོན་དང་། །མ་ཧཱ་གསེར་གྱི་རུ་སྦལ་ལ། །ཁྱོད་ལོ་སྐོར་བཅུ་གཉིས་སྲིད་པ་ཡིན། །སྤར་ཁ་བརྒྱད་པོ་ཆགས་པ་ཡིན། །ནམ་ཟླ་དུས་བཞི་མི་འཆུག་པའི། །དུས་བཞིའི་ལྷ་བཞིས་སྲུང་བ་ཡིན། །ལོ་གྲངས་ཟླ་གྲངས་མི་འཆུག་པའི། །ལོ་སྐོར་བཅུ་གཉིས་བསྐོས་པ་ཡིན། །དེ་ལྟར་ལོ་སྐོར་བཅུ་གཉིས་ཁྱོད། །བཟློག་དང་བསྒྱུར་བའི་དཔང་པོ་མཛོད། །སྔོན་ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བཀའ་དང་དམ་ལ་མ་འདའ་བར། །མི་ནག་མགོ་གསུམ་སྡོང་གྲོགས་གྱིས། །ཁམས་ལས་བྱས་


CMR041_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལོ་གཟུགས་དང་། །ཟན་ལས་བྱས་པའི་ལོ་གཟུགས་དང་། །དཀར་གསུམ་མངར་གསུམ་ལོ་གཟུགས་དང་། །ཤ་དང་གཏོར་མ་མཐེབ་སྐྱུ་དང་། །ཁྱོད་ལོ་སྐོར་བཅུ་གཉིས་བཞེས་སུ་གསོལ། །ལོ་སྐག་ཟླ་སྐག་ཟ་མའི་སྐག་རྣམས་ཟློག ། །འཕགས་པ་འཇམ་དཔལ་ཞལ་ན་རེ། ༼ན༽ ཧཱུྃ། ཕགས་པ་འཇམ་དཔལ་ཞལ་ན་རེ། །སྲིད་པའི་མི་ནག་མགོ་གསུམ་ཁྱོད། །ལོ་སྐོར་བཅུ་གཉིས་ལ་སོགས་པའི། །ཐན་དང་ལྟས་ངན་ཆོ་འཕྲུལ་དང་། །སྐག་རིགས་སུམ་བརྒྱ་དྲུག་ཅུ་རྣམས། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །སྔོན་གྱི་ཁས་བླངས་དམ་བཅས་ལྟར། །བཀའ་དང་དམ་ལ་མ་འདའ་ཞིག །ཤར་ལྷོ་ནུབ་བྱང་སྐག་རྣམས་བསྒྱུར་བར་མཛོད། ༼པ༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །མི་ནག་མགོ་གསུམ་དཔོན་གཡོག་རྣམས། །ལོ་སྐོར་བཅུ་གཉིས་ཚུར་ཉོན་དང་། །ངས་སོ་སོར་ཡས་ཀྱི་རྫོངས་ཤིག་འདེབས། །ཕྱོགས་ཕྱོགས་འགྲོ་བའི་ལམ་གཅིག་བསྟན། །བཅོལ་བའི་ཕྲིན་ལས་སོ་སོར་བསྒོ། །ཤར་ཕྱོགས་ཤིང་ལ་མངའ་མཛད་པའི། །རྒྱལ་པོ་སྟག་གིས་སྔོན་ནས་ཁྲིད། །བློན་པོ་ཡོས་ཀྱིས་རྒྱབ་ནས་དེད། །འབྱུང་བོ་


CMR041_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གི་ཁམས་སུ་སོང་། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །སྟག་ཡོས་ལོ་པའི་མི་ཡོད་ན། །དེ་ཡི་བགེགས་རྣམས་བསྒྱུར་དུ་གསོལ། །སྤྲེལ་དང་བྱ་ཡི་གསོབ་རེ་འབུལ། །བདུན་ཟུར་དགྲ་བགེགས་བསྒྱུར་བར་མཛོད། །ཤར་ཕྱོགས་རྒྱ་ཡི་མི་ཁ་དགྲ་ལ་སྒྱུར། ༼ཕ༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །ཁྱོད་ལོ་སྐོར་བཅུ་གཉིས་ང་ལ་ཉོན། །ངས་སོ་སོར་ཡས་ཀྱི་རྡོ་ངས་ཤིག་འདེབས། །ཕྱོགས་ཕྱོགས་འགྲོ་བའི་ལམ་གཅིག་བསྟན། །བཅོལ་བའི་ཕྲིན་ལས་སོ་སོར་བསྒོ། །ལྷོ་ཕྱོགས་མེ་ལ་མངའ་མཛད་པའི། །རྒྱལ་པོ་སྦྲུལ་གྱིས་སྔོན་ནས་ཁྲིད། །བློན་པོ་རྟ་ཡིས་རྒྱབ་ནས་དེད། །འབྱུང་བ་མེ་ཡི་ཁམས་སུ་སོང་། །ཐབ་འདྲེ་གཞོབ་སྲིའི་ནད་རྣམས་ཟློག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །རྟ་སྦྲུལ་ལོ་པའི་མི་ཡོད་ན། །དེ་ཡི་སྐག་རྣམས་བསྒྱུར་དུ་གསོལ། །ཕག་དང་བྱི་བའི་གསོབ་རས་འབུལ། །བདུན་ཟུར་སྐག་རྣམས་བསྒྱུར་དུ་གསོལ། །ལྷོ་ཕྱོགས་འཇང་གི་མི་ཁ་དགྲ་ལ་སྒྱུར། ༼བ༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །མི་ནག་མགོ་གསུམ་ལོ་སྐོར་བཅུ་གཉིས་རྣམས། །མ་ཡེངས་


CMR041_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་བདག་ལ་ཉོན། །དགྲ་ཇག་རྐུན་གསུམ་མི་ཁ་དང་། །ཐན་ངན་རྐྱེན་སྡིག་མི་ཁ་དང་། །གནམ་ས་ཟད་པའི་ཕར་མཐའ་དང་། །འཐིས་ལུག་རི་ཡི་ཕར་རྒྱབ་ན། །འདི་ནས་ཡར་ཡར་སྟོང་སྟོང་སོང་། །ངས་སོ་སོར་འདོད་པའི་ཡས་ཤིག་རྫོངས། །རང་རང་ཕྱོགས་སུ་ལམ་གཅིག་བསྟན། །བཅོལ་བའི་ཕྲིན་ལས་སོ་སོར་བསྒོ། །ནུབ་ཕྱོགས་ལྕགས་ལ་མངའ་མཛད་པའི། །རྒྱལ་པོ་སྤྲེལ་གྱིས་སྔོན་ནས་ཁྲིད། །བློན་པོ་བྱ་ཡིས་རྒྱབ་ནས་དེད། །འབྱུང་བ་ལྕགས་ཀྱི་ཁམས་སུ་སོང་། །ལྕགས་བདུད་མཚོན་གྱི་མི་ཁ་སྒྱུར། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །བྱ་སྤྲེལ་ལོ་པའི་མི་ཡོད་ན། །དེ་ཡི་སྐག་ཆེན་བཟློག་ཏུ་གསོལ། །སྟག་དང་ཡོས་བུའི་གསོབ་རས་འབུལ། །བདུན་ཟུར་སྐག་རྣམས་བཟློག་པར་མཛོད། །ནུབ་ཕྱོགས་མོན་གྱི་མི་ཁ་བཟློག་ཏུ་གསོལ། ༼མ༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །མི་ནག་མགོ་གསུམ་ལོ་སྐོར་བཅས། །མ་ཡེངས་ཀུན་གྱིས་བདག་ལ་ཉོན། །སོ་སོར་འདོད་པའི་ཡས་ཤིག་རྫོངས། །རང་རང་ཕྱོགས་སུ་ལམ་གཅིག་བསྟན། །བཅོལ་བའི་ཕྲིན་ལས་སོ་སོར་


CMR041_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོ། །བྱང་ཕྱོགས་ཆུ་ལ་མངའ་མཛད་པའི། །རྒྱལ་པོ་ཕག་གིས་སྔོན་ནས་ཁྲིད། །བློན་པོ་བྱི་བས་རྒྱབ་ནས་དེད། །འབྱུང་བ་ཆུ་ཡི་ཁམས་སུ་སོང་། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བྱི་ཕག་ལོ་པའི་མི་ཡོད་ན། །དེ་ཡི་བགེགས་རྣམས་བསྒྱུར་དུ་གསོལ། །རྟ་དང་སྦྲུལ་གྱི་གསོབ་རས་འབུལ། །བདུན་ཟུར་སྐག་རྣམས་བསྒྱུར་དུ་གསོལ། །བྱང་ཕྱོགས་ཧོར་གྱི་མི་ཁ་དགྲ་ལ་སྒྱུར། ༼ཙ༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །མི་ནག་མགོ་གསུམ་ལོ་སྐོར་བཅས། །མ་ཡེངས་གུས་པས་བདག་ལ་ཉོན། །ངས་སོ་སོར་ཡས་ཀྱི་རྫོངས་ཤིག་བཏབ། །ཕྱོགས་ཕྱོགས་འགྲོ་བའི་ལམ་གཅིག་བསྟན། །བཅོལ་བའི་ཕྲིན་ལས་སོ་སོར་བསྒོ། །ཤར་ལྷོ་ལྷོ་ནུབ་མངའ་མཛད་པའི། །རྒྱལ་པོ་འབྲུག་གིས་སྔོན་ནས་ཁྲིད། །བློན་པོ་ལུག་གིས་རྒྱབ་ནས་དེད། །གོང་དང་འོག་གི་མཚམས་སུ་སོང་། །སྟེང་འོག་གཟའ་དང་རྒྱུ་སྐར་གདུག་པ་བསྒྱུར་དུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འབྲུག་ལུག་ལོ་པའི་མི་ཡོད་ན། །དེ་ཡི་སྐག་རྣམས་བཟློག་ཏུ་གསོལ། །།ཁྱི་དང་གླང་གི་གསོབ་རས་འབུལ། །བདུད་


CMR041_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་སྲི་ཁ་བསྒྱུར་དུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ༼ཚ༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །མགོ་གསུམ་ལོ་སྐོར་བཅུ་གཉིས་རྣམས། །མ་ཡེངས་གུས་པས་བདག་ལ་ཉོན། །ངས་སོ་སོར་འདོད་པའི་ཡས་ཤིག་རྫོ་ངས། །རང་རང་ཕྱོགས་སུ་ལམ་གཅིག་བསྟན། །ནུབ་བྱང་བྱང་ཤར་གཉིས་གནས་པའི། །གནམ་ས་བར་ལ་གནས་པ་ཡི། །རྒྱལ་པོ་ཁྱི་ཡིས་སྔོན་ནས་ཁྲིད། །བློན་པོ་གླང་གིས་རྒྱབ་ནས་དེད། །སྟེང་འོག་ནམ་མཁའི་ཁམས་སུ་སོང་། །སྟེང་འོག་གཟའ་དང་རྒྱུ་སྐར་གདུག་པ་བཟློག་ཏུ་གསོལ། །ལུག་དང་འབྲུག་གི་གསོབ་རས་འབུལ། །བདུན་ཟུར་བཞི་གཤེད་བསྒྱུར་དུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ༼ཛ༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །མི་ནག་མགོ་གསུམ་ལོ་སྐོར་བཅས། །མ་ཡེངས་གུས་པས་བདག་ལ་ཉོན། །དགྲ་ཇག་རྐུན་གསུམ་མི་ཁ་དང་། །ཐན་དང་རྐྱེན་སྡིག་མི་ཁ་དང་། །གནམ་ས་ཟད་པའི་ཕར་མཐའ་དང་། །འཐིས་ལུག་རི་ཡི་ཕར་རྒྱབ་ན། །འདི་ནས་ཡར་ཡར་སྟོང་སྟོང་སོང་། །སྣང་སྲིད་ལྷ་འདྲེ་


CMR041_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་སླད་དུ། །གྲོ་དང་འབྲས་ལ་སོགས་པ་ཡི། །སྲན་མ་ལ་སོགས་འབྲུ་ནག་རྣམས། །ཁྱོད་མི་ཁའི་བུ་མོ་རྣམས་ལ་འབུལ། །སྒོག་པ་གཡེར་མ་གོ་སྙོད་དང་། །བཙོད་་མཚུར་བ་ཚ་བུལ་ཏོག་དང་། རྒྱུ་མ་དང་། །གཏོར་མ་མཐེབ་སྐྱུ་ཤ་དུམ་བཞེས། །སྐག་རིགས་ལྟས་ངན་དགྲ་ལ་སྒྱུར། །འཇམ་དཔལ་དམ་ལ་མ་འདའ་ཞིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ༼ཝ༽ །ཧཱུྃ། འཕགས་པ་འཇམ་དཔལ་ཞལ་ན་རེ། །ཁྱོད་མི་ནག་མགོ་གསུམ་འཁོར་དང་བཅས། །སྣང་སྲིད་ལྷ་འདྲེ་སྐག་རིགས་རྣམས། །མིག་གི་དབང་པོས་མཐོང་བར་ལྟོས། །རྣ་བའི་དབང་པོས་གསང་བར་ཉོན། །ཡིད་ཀྱི་དབང་པོས་དྲན་པར་སོམས། །གླུད་ཡས་སྣ་ཚོགས་བསྔོ་བ་རྣམས། །ཨོ་ཨཱ༔ཧཱུྃ་གིས་བྱིན་གྱིས་རློབས། །འདོད་པའི་ཡོན་ཏན་ལྔ་དང་ལྡན། །སྣང་སྲིད་ལྷ་འདྲེའི་བཞེས་སུ་གསོལ། །མདའ་བཀྲ་འཕང་བཀྲ་བལ་ཚོན་དང་། །ཕོ་ཏོང་མོ་ཏོང་རྒྱང་བུ་དང་། །དར་སྣ་སྟག་གཟིག་རིས་ལ་སོགས། །འབྲུ་དང་ངར་གླུད་འབུལ་བ་སྟེ། །རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་བཀྲུས། །སོ་སོར་འདོད་པ་ཚིམ་གྱུར་ཅིག །འདི་རུ་མ་


CMR041_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་གཞན་དུ་དེངས། །ཁང་ཁྱིམ་འདི་ལ་མ་འཁོར་ཅིག །ཕོ་ཡི་རྟ་ལ་མ་བརྐུ་ཅིག །མོ་ཡི་མངལ་ལ་མ་འཇབ་ཅིག །དམ་ཉམས་དགྲ་ལ་ཟ་ཁ་སྟོན། །། མི་ནག་དཔོན་གཡོག་འཁོར་བཅས་རྣམས། །གླང་ཆེན་ཁྱོད་ཀྱིས་ཁུར་ལ་སོང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྫོགས་སོ།། །།སརྦ་མངྒ་ལཾ། བྷ་ཝནྟུ། ཛ་ཡ་ཛ་ཡ་བི་ཛ་ཡ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམགོ་གསུམ་ཞུས་ལེན།next