Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
དཀར་པོ་མགོ་གསུམ་བསྐྱེད་ཆོག་གི་འདོན་འགྲིགས། མི་ནག་མགོ་གསུམ་གྱི་གོང་གནོན།
   
   
   
   
   
   
   
   
   
   
   
   


 
previousདཀར་པོ་མགོ་གསུམ་བསྐྱེད་ཆོག་གི་འདོན་འགྲིགས། མི་ནག་མགོ་གསུམ་གྱི་གོང་གནོན།next

དཀར་པོ་མགོ་གསུམ་བསྐྱེད་ཆོག་གི་འདོན་འགྲིགས། མི་ནག་མགོ་གསུམ་གྱི་གོང་གནོན།


CMR041_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་མགོ་གསུམ་བསྐྱེད་ཆོག་གི་འདོན་འགྲིགས། མི་ནག་མགོ་གསུམ་གྱི་གོང་གནོན་བྱ་བ་བཞུགས་སོ། །


CMR041_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫ་ཤི་ཡེ། མཁྱེན་རབ་ཀྱི་མངའ་བདག་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ཞིང་ཉེ་བར་སྐྱབས་སུ་མཆིའོ། །མི་ནག་མགོ་བོ་གསུམ་པའི་གོང་གནོན་དུ་བྱ་བའི། དཀར་པོ་མགོ་གསུམ་གྱི་བཅའ་གཞི་ལ། གོང་དུ་གཞི་འགྲམ་དུ་ནས་ཀྱིས་འབྱུང་བ་རིམ་བརྩེགས་བྲིས་པའི་སྟེང་དུ། །ཀ་ཏོ་ར་སྡེར་གས་ཆག་མེད་པར་འབྲུའི་བཀང་བའི་སྟེང་དུ། གཏོར་མ་རི་རབ་གྲུ་བཞི་པ་བང་རིམ་བཞི་པ་གཅིག་བཞག །དེའི་སྟེང་དུ་རིགས་གསུམ་མགོན་པོའི་གཏོར་མ་ནི། འཇམ་དཔལ་ལ་རྒྱུས་པ་སྟོད་གྲུ་བཞི། སྤྱན་རས་གཟིགས་ལ་ཟླུམ་པོ། ཕྱག་ན་རྡོ་རྗེ་ལ་སྟོད་ཟུར་གསུམ་པ། གསུམ་ཀའི་སྨད་ཟླུམ་པོ་བྱས་ལ། རྩེ་ལ་མར་བརྒྱན་ཉི་ཟླ་ནོར་བུ་དང་། རིགས་གསུམ་གྱི་ཕྱག་མཚན་རལ་གྲི་པདྨ་རྡོ་


CMR041_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མཚན་པ་གསུམ་བཤམས་ལ། རྩེ་ལ་རིགས་གསུམ་གྱི་ཙཀ་ལི་དང་ཁྱུང་འབྲུག་སེང་གསུམ་གྱི་ཙཀ་ལི་བཙུགས། དར་སྣ་ལྔ་དང་རིན་པོ་ཆེ་སྣ་ལྔས་བརྒྱན། རི་རབ་ཀྱི་མཐར་དཀར་གསུམ་མངར་གསུམ་འབྲུ་སྣ་ཚོགས། སྨན་སྣ་ཚོགས། ཤིང་ཐོག་སྣ་ཚོགས། གསེར་དངུལ་གཡུ་གསུམ། ཀླུ་སྨན་རྣམས་དང་། མར་གྱི་རིལ་བུ་མང་པོ་དང་། མཆོད་པ་སྣ་བདུན་བཤམས། ༈ དེ་རྣམས་བསྡུས་པ་ལ། གཏོར་མ་གུར་ཐབས་གཅིག་ལ། མར་གྱིས་ཁྱུང་འབྲུག་སེང་གསུམ་བཅས་པ་རྩེར་བཙུགས་སྲོལ་ཡོད། བདག་བསྐྱེད་ཤེལ་གུར་རྐྱང་པའི་དབུས་སུ་རིགས་གསུམ་མགོན་པོ་བསྐྱེད་པ་དང་། མདུན་བསྐྱེད་ལ་རི་རབ་ཀྱི་སྟེང་ཤེལ་གུར་གྱི་ནང་དུ་རིགས་གསུམ་མགོན་པོ་བསྐྱེད་པ་དུས་གཅིག་ལ་གསལ་བཏབ་པར་བྱའོ། །དེ་ནས་སྐྱབས་


CMR041_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སེམས་བསྐྱེད་དང་མཆོད་པ་བྱིན་རླབས་སྤྱི་ལྟར་བྱས་ལ། དངོས་གཞི་བསྐྱེད་པའི་རིམ་པ་ནི་འདི་ལྟར་བྷྱོ་པར་བྱའོ། །ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རླུང་མེ་ཆུ་ས་བཞི་འབྱུང་བ་རིམ་པར་བརྩེགས་པའི་སྟེང་དུ། རི་རབ་གྲུ་བཞི་པ་བང་རིམ་དང་ལྡན་པ། དེའི་ཕྱི་རོལ་དུ་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ། །བར་བར་ལྷ་མི་རྣམས་ཀྱིས་འདོད་པའི་ལོངས་སྤྱོད་མཆོད་རྫས་ཐམས་ཅད་ཆར་བཞིན་དུ་འབེབས་པ། རི་རབ་ཀྱི་སྟེང་དུ་ཤེལ་གྱི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ། རལ་གྲི་ཨཾ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཚུར་བསྡུས་ནས་ཐིམ། དེ་འོད་དུ་ཞུ་བ་ལས། རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་ཤེས་རབ་ཀྱི་རལ་གྲི། གཡོན་ཨུཏྤལ་ལའི་མེ་ཏོག་གི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་


CMR041_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་བརྒྱད་སྟོང་པའི་པོ་ཏི་བཞག་པ་བསྣམས་པ། སྐུ་སྒེག་ཅིང་དཔའ་བའི་འགྱིངས་ཚུལ་དང་ལྡན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་གཙུག་ཏུ་སྐུའི་སྤྲུལ་པ་དུང་སེང་ང་རོ་སྒྲོག་པ། གཡས་སུ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་བགྲང་ཕྲེང་དང་གཡོན་པདྨ་དཀར་པོ་འཛིན་པ། ཞི་བའི་ངང་ཚུལ་ཅན། རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་དབུ་གཙུག་ཏུ་གསུང་གི་སྤྲུལ་པ་གཡུ་འབྲུག་ངར་སྐད་སྒྲོག་པ། གཡོན་དུ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། ཅུང་ཞིག་ཁྲོས་པའི་ཉམས་དང་ལྡན་པ། སྟག་ཤམ་དང་སྦྲུལ་ཆུན་དར་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་བའི་ཚུལ་དུ་བཞུགས་པ། དེའི་སྤྱི་གཙུག་ཏུ་ཐུགས་ཀྱི་སྤྲུལ་པ་བྱ་ཁྱུང་ལྡིང་བ། དེ་ལྟར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་སྤྱན་དྲངས་བར་


CMR041_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། སྤྱན་འདྲེན་པ་ནི། ཧཱུྃ། གནས་མཆོག་པོ་ཊ་ལ་དང་ལྕང་ལོ་ཅན། །རྒྱ་ནག་རི་བོ་རྩེ་ལྔའི་ཤེལ་ཁང་ནས། །འཕགས་མཆོག་རིགས་གསུམ་མགོན་པོ་གཤེགས་སུ་གསོལ། །ཤེལ་གུར་པདྨ་ཉི་ཟླའི་གདན་ལ་བཞུགས། །ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། སླར་ཡང་ཐུགས་ཀར་ཚུ་ལས་འོད་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས་གྱུར། །ཨརྒྷཾ་སོགས་ཀྱིས་མཆོད། །མདུན་བསྐྱེད་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་རིན་ཆེན་འབྱུང་ལྡན། སྤྱན་རས་གཟིགས་ལ་སྣང་བ་མཐའ་ཡས། ཕྱག་ན་རྡོ་རྗེ་ལ་དོན་ཡོད་གྲུབ་པ་རྣམས་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་ནི། དཔག་མེད་བསོད་ནམས་སྟོབས་ལས་བྱུང་བ་ཡི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་དང་། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་དང་། །དཀར་གསུམ་མངར་གསུམ་ཤིང་ཐོག་སྨན་སྣའི་ཚོགས། །བདུད་རྩི་སྨན་གཏོར་ཞལ་ཡས་ཚོགས་མཆོད་སོགས། །


CMR041_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མི་ལོངས་སྤྱོད་དཔག་ཏུ་མེད་པ་འདི། །འཕགས་མཆོག་རིགས་གསུམ་འཁོར་དང་བཅས་ལ་འབུལ། །ཐུགས་རྗེའི་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །བདག་གིས་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ཨོ་མནྡྲ་ཤི་ལོ་ཀི་ཤྭ་རི་བཛྲ་པཱ་ཎི་ཨརྒྷཾ་སོགས་ནས་ཤབྡ་པྲ་ཏིཙྪ་ཡེ་སྭཱ་ཧཱ། པཉྩ་ཨ་མྲྀ་ཏ༔ མ་ཧཱ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་བསྟོད་པ་ནི། ཧཱུྃ། དུས་གསུམ་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །ཁམས་གསུམ་འགྲོ་བ་ཀུན་གྱི་སྐྱབས་གཅིག་པོ། །ལུས་ངག་ཡིད་གསུམ་སྲུང་བ་ལྷ་ཡི་མཆོག །རིགས་གསུམ་མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །སྟོང་གསུམ་འཇིག་རྟེན་ཟིལ་གནོན་སྤྲུལ་པའི་སྐུ། །རླབས་ཆེན་ཁྱུང་དང་རྩལ་ཆེན་སེང་གེ་དང་། །ངར་ཆེན་འབྲུག་སྟེ་དཀར་པོ་མགོ་གསུམ་ཞེས། །སྲུང་སྐྱོབ་སྤྲུལ་པའི་ལྷ་ལ་མཆོད་ཅིང་བསྟོད། །བདག་དང་བསྲུང་བྱ་རྣམས་ལ་བསྲུང་དུ་གསོལ། །དེ་ནས་བསྙེན་པ་བྱ་བའི་རིམ་པ་ནི། འཇམ་དཔལ་གྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཡི་གེ་མྱི་ལ་སྔགས་ཕྲེང་གཡས་སུ་འཁོར་བ། སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿལ་སྔགས་ཕྲེང་གཡས་སུ་འཁོར་བ། ཕྱག་ན་རྡོ་རྗེའི་ཐུགས་


CMR041_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཉི་མའི་སྟེང་དུ་ཧཱུྃ་ལ་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ཐུགས་རྗེ་ནུས་མཐུ་ཐམས་ཅད་གཅིག་ཏུ་བསྡུས་ནས། རང་ཉིད་རིགས་གསུམ་མགོན་པོའི་སྐུ་གསུང་ཐུགས་ལ་ཐིམ་པར་བྷེ་ལ། ༀ་ཝཱ་གི་ཤྭ་རི་མཱི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོ་བཛྲ་པཱ་ཎི་ཧཱུྃ། ཞེས་པ་འདི་རབ་ཁྲི་ཚོ་གཅིག །འབྲིང་སྟོང་ཚོ་གཅིག །ཐ་མ་ཡང་སུམ་བརྒྱ་ཙམ་གཅིག་བཟླ། རང་ཉིད་ལྷ་གསུམ་ཀ་ཡིན་སྙམ་པའི་ང་རྒྱལ་དང་ལྡན་པར་བྱ་དགོས། གོང་བསྙེན་འདི་ལྟར་མ་བྱས་ན། འཇིག་རྟེན་གྱི་དྲེགས་པ་ཅན་འདི་རྣམས་དབང་དུ་མི་འདུས་ཤིང་། འཁུ་ལྡོག་དྲག་པོ་བྱེད་ཉན་ཡོད། དེ་ལྟར་ལྡན་ན་གཡོག་པོའི་དཔོན་མཐོང་བ་འདྲ་སྟེ། ཅི་བཅོལ་བའི་བཀའ་ཉན་ལས་བྱེད་དོ། །དེ་ལྟར་གོང་གནོན་གཉེན་པོ་ཡེ་ཤེས་པའི་ལྷ་ཞེས་བྱ་སྟེ། རང་དང་ཡོན་བདག་རྣམས་ལ་ཚེ་འདི་ཕྱི་གཉིས་ཀ་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་ངོ་། ༈ དེ་ནས་སྲུང་འཁོར་བསྒོམ་པའི་རིམ་པ་ནི། རང་ཉིད་རིགས་གསུམ་མགོན་པོ་གསལ་བའི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པས། །


CMR041_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་ཐམས་ཅད་ཤེལ་གྱི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ཚུད་པར་གྱུར། །བདག་གི་སྤྱི་གཙུག་ཏུ་ཁྱུང་ཆེན་གཡུ་འབྲུག་སེང་གེ་གསུམ་གྱིས་ངར་སྐད་བསྒྲགས་ཤིང་འགྱིང་བ། སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་གཟའ་ཀླུ་རྒྱལ་བསེན། ས་བདག་ཀླུ་གཉན་ཐམས་ཅད་ཟིལ་གྱིས་མནན་ནས་གནོད་མི་ནུས་པར་སྲུང་བ་དང་། སླར་ཡང་ཕྱག་ན་རྡོ་རྗེའི་ཐུགས་ཀ་ལས་འོད་ཟེར་འཕྲོས་པས། ཤེལ་གུར་གྱི་ཕྱི་རོལ་དུ། སྟེང་རྡོ་རྗེ་སྔོན་པོའི་བླ་བྲེ། འོག་རྡོ་རྗེ་སྔོན་པོའི་ས་གཞི། བར་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྔོན་པོའི་གུར་ཁང་དུ་གྱུར་ཅིག །སླར་ཡང་འཇམ་དཔལ་གྱི་སྐུ་ལས་འོད་ཟེར་སེར་པོ་འཕྲོས་པས། །དེའི་ཕྱི་རོལ་དུ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཉིས་གུར་ཐབས་སུ་འཁོར་བ། སླར་ཡང་སྤྱན་རས་གཟིགས་ཀྱི་གསུང་ལས་འོད་ཟེར་འཕྲོས་པས། དེའི་ཕྱི་རོལ་དུ་པདྨ་དཀར་པོས་ཡུ་བ་བྱས་པའི། མཚོན་ཆ་སྣ་ཚོགས་ནི། རལ་གྲི། ཕུར་པ། ཁ་ཊཾ། མདུང་ཐུང་། ཐོ་བ། གྲི་གུག་ལ་སོགས་


CMR041_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྩེ་མོ་ཕྱིར་བསྟན་པའི་བར་མཚམས་མེད་པར་གཡས་སུ་འཁོར་བའི་གུར་ཁང་། དེ་རྒྱབ་ཏུ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་ཁ་དོག་ལྔ་ལྡན་གཡས་སུ་དམར་ཀྱི་ལི་ལི་འཁོར་བའི་གུར་དུ་གྱུར་ཅིག །སླར་ཡང་རིགས་གསུམ་མགོན་པོའི་སྤྲུལ་པ་ཁྱུང་འབྲུག་སེང་གསུམ་ལས་འོད་ཟེར་འཕྲོས་པས། བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ནད་གདོན་བགེགས་དང་སྣང་སྲིད་ལྷ་འདྲེའི་གནོད་པས་མི་ཚུགས་པའི་རང་བཞིན་ཏུ་གྱུར་ཅིག ཁྲོ་བཛྲ་ག་རུ་ཊ་ཧཱུྃ་ཕཊ༔ རཀྵ་རཀྵ་སྭཱ་ཧཱ། དུ་ན་དུ་ན་ཧཱུྃ་ཕཊ༔ རཀྵ་རཀྵ་སྭཱ་ཧཱ། ཡ་མ་རཱ་ཛ་ཧཱུྃ་ཕཊ༔ རཀྵ་རཀྵ་སྭཱ་ཧཱ། བརྒྱའམ་ཉེར་གཅིག་ཙམ་རེ་བཟླ། དེས་ནི་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་ཏེ། དཔའ་བོ་གོ་ཁྲབ་གྱོན་པ་དང་འདྲ་བའོ།། ༈ དེ་ནས་རི་རབ་གླིང་བཞིའི་འཕྱོང་བཤད་ཧཱུྃ། འབྱུང་བ་ལྔ་ཡི་ཁྱད་པར་ལས། །དབང་ཆེན་རྣམ་ལྔ་རིམ་པར་ཆགས། །དབང་ཆེན་རྣམ་ལྔའི་རིམ་པ་ལས། །འོག་ཏུ་རླུང་གི་དཀྱིལ་འཁོར་ཆགས། །དེ་ལ་མེ་ཡི་ད་ལ་འབར། །སྲིད་པ་གཞི་མ་རྒྱ་མཚོ་ཆགས། །དེ་ནང་གསེར་གྱི་ས་གཞི་ཆགས། །དེ་སྟེང་རི་རབ་ལྷུན་པོ་ཆགས། །རྩ་བ་ཟབ་སྟེ་རྩེ་མོ་འཕགས། །དཔག་ཚད་བརྒྱད་


CMR041_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ཕྱིར་ནུབ་སྟེ། །ཀླུ་ཡི་གནས་སུ་ལོ་འདབ་རྒྱས། །དཔག་ཚད་བརྒྱད་ཁྲི་ཡར་འཕག་སྟེ། །ལྷ་ཡི་གནས་སུ་འབྲས་བུ་སྨིན། །ཕྱོགས་བཞི་གྲུ་བཞི་ཁ་བད་བཏགས། །མཚན་ཉིད་མི་མཇེད་འཇིག་རྟེན་ཁམས། །རིན་ཆེན་རྒྱལ་བ་ཀེ་ཀེ་རུ། །བདེ་བའི་ཚལ་དང་དགའ་བའི་ཚལ། །འབྲུ་ཡི་ཚལ་ལ་སོགས་པ་ཡི། །ལྷ་གནས་དེ་ནི་བསམ་མི་ཁྱབ། །ཕྱི་རོལ་གསེར་གྱི་རི་བདུན་ཆགས། །བར་དུ་རོལ་པའི་མཚོ་བདུན་འཁྱིལ། །ཕྱི་རོལ་གསེར་གྱི་ས་གཞིའི་སྟེང་། །ཤེར་ཕྱོགས་ཟླུམ་པོ་ཞི་བའི་ངང་། །ཤར་གྱི་ལུས་འཕགས་གླིང་དུ་ཆགས། །ལྷོ་ཕྱོགས་སོག་ཀ་རྒྱས་པའི་གླིང་། །ལྷོ་ཡི་འཛམ་བུ་གླིང་དུ་ཆགས། །ནུབ་ཕྱོགས་ཟླ་གམ་དབང་གི་གླིང་། །ནུབ་ཀྱི་བ་ལང་སྤྱོད་དུ་ཆགས། །བྱང་ཕྱོགས་གྲུ་གསུམ་དྲག་པོའི་གླིང་། །བྱང་གི་སྒྲ་མི་སྙན་དུ་ཆགས། །དེ་ལ་གླིང་གཡོགས་གླིང་ཕྲན་ཆགས། །དེ་ལ་ལྕགས་རི་མུ་ཁྱུད་པསྐོར། །དེ་གླིང་བཞི་ལ། །འགྲོ་བ་རིགས་དྲུག་སེམས་ཅན་བརྟེན། །སྣང་སྲིད་ལྷ་འདྲེ་དེ་ལ་གནས། །སྟེང་ནས་ནམ་མཁའི་གུར་ཁང་ཕུབ། །འོག་ཏུ་ས་གཞིའི་དཀྱིལ་འཁོར་ཆགས། །


CMR041_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཉི་ཟླའི་འཁོར་ལོ་འཁོར། །ལོ་ཟླ་ཞག་དུས་ཚེས་གྲངས་འཛིན། །འབྱུང་བ་ཆེན་པོ་རྣམ་ལྔ་ལས། །ལོ་སྐོར་ཆེན་པོ་བཅུ་གཉིས་འཁོར། །དེ་ལ་བསྐོར་ཆེན་དྲུག་ཅུ་སྤྲུལ། །དེ་ལ་ཕོ་བྲང་ལིང་དགུ་འཁོར། །དེ་ལ་སྤར་ཁ་བརྒྱད་པོ་འཁོར། །ལོ་གཅིག་ཟླ་བ་བཅུ་གཉིས་ལས། །ཚེས་ལྷ་སུམ་བརྒྱ་དྲུག་ཅུ་འཁོར། །ཟ་མ་བདུན་བརྒྱ་ཉི་ཤུ་བྱུང་། །མཁྱེན་རབ་བདག་པོ་འཇམ་དཔལ་གྱིས། །བྱི་བའི་ལོ་ལ་རྩིས་བཏབ་ནས། །ཕག་གི་ལོ་ལ་མཇུག་བཏབ་སྟེ། །ལོ་ཟླ་ཞག་དུས་སྤར་སྨེ་དང་། །གཟའ་དང་རྒྱུ་སྐར་རྩིས་ལ་བཏབ། །རྒྱ་ནག་རྩིས་བྱེད་ཆེན་པོ་དང་། །ཀུན་མཁྱེན་ཡེ་ཤེས་སྤྱན་གྱིས་གཟིགས། །ཡག་ཉེས་ཐམས་ཅད་ཐུགས་ལ་དགོངས། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བྱ་ལས་ཐམས་ཅད་གཏན་ལ་ཕབ། །དེ་ལྟར་རིགས་དྲུག་སེམས་ཅན་རྣམས། །བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །ཧཱུྃ། དུས་གསུམ་སངས་རྒྱས་སྐུ་སྤྲུལ་པ། །མཁྱེན་རབ་མངའ་བདག་འཇམ་དཔལ་ནི། །ཞལ་གཅིག་ཕྱག་གཉིས་ཞི་བའི་ཚུལ། །སྐུ་མདོག་སེར་པོ་གསེར་འོད་འཕྲོ། །ཕྱག་གཉིས་རལ་གྲི་ཨུཏྤལ་འཛིན། །ཞབས་གཉིས་རྡོ་རྗེའི་


CMR041_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་བཞུགས། །འཕགས་པ་འཇམ་དཔལ་སྐུ་ལ་བསྟོད། །དྲེགས་པ་ཅན་ཀུན་འདུལ་བར་བྱིན་གྱིས་རློབས། །ལོ་ཟླ་ཞག་དུས་རྩིས་འདེབས་ནི། །ལོ་ཡི་དང་པོ་བྱི་བ་ལོ། །ཟླ་བའི་དང་པོ་སྟག་ཟླ་བ། །ཞག་གི་གྲངས་འཛིན་ཚེས་གཅིག་སྟེ། །ཟ་མའི་དང་པོ་ནམ་ལང་ཡོས། །འབྱུང་བ་རྣམ་ལྔའི་ཁ་དོག་ལས། །ལོ་སྐོར་བཅུ་གཉིས་འཁོར་བར་བསྐོར། །དེ་ལྟར་ལོ་ཟླ་ཞག་དུས་ཀྱི། །སྐག་པོ་ཆེ་རྣམས་ཟློག་པ་དང་། །འཆི་བདག་དབང་ཆེན་བཤོལ་བ་དང་། །འདུ་བའི་ནད་རྣམས་བསལ་བ་དང་། །རྣམ་རྟོག་བགེགས་རྣམས་འདུལ་བ་དང་། །སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་དང་། །ཁམས་གསུམ་འཁོར་བའི་སྐག་ཆེན་དང་། །མི་མཐུན་ཕྱོགས་རྣམས་བཟློག་པའི་ཕྱིར། །འཕགས་པ་འཇམ་དཔལ་བཀའ་བྱུང་གིས། །ཟློག་བྱེད་ནག་པོ་མགོ་གསུམ་བཞེངས། །སླ་ང་ནག་པོའི་གདན་ལ་བཞུགས། །རྒྱ་ཇ་ངད་ལྡན་ཆས་ཇ་འདྲེན། །མི་ཁ་སྣ་ཚོགས་ཟས་སུ་སྦྱིན། །གཏོར་མ་མཐེབ་སྐྱུ་ཤ་དུམ་དང་། །ཁྲག་ཐིགས་ཆང་ཕུད་མཆོད་པ་འབུལ། །བདུན་མོ་རྔ་ཞོན་བཙུན་མོ་དང་། །མི་དམར་མགོ་གསུམ་སྣ་ཁྲིད་


CMR041_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། །ཤང་ཤང་བྲ་རུ་གཡོག་ཏུ་འབྲང་། །མི་ཁ་བ་རུས་ལས་མཁན་བྱེད། །སྟོབས་ལྡན་གླང་ཆེན་ཁལ་དུ་ཁོལ། །མི་ཁའི་ཡས་རྣམས་ཁོལ་ལ་སོང་། །མི་མཐུན་རྐྱེན་ངན་ཐམས་ཅད་དང་། །རྩིས་ཕན་ཐན་ལྟས་ངན་པ་དང་། །སྐག་རིགས་ཐམས་ཅད་བཟློག་པར་མཛོད། །ཧཱུྃ། བླ་མེད་དཀོན་མཆོག་གསུམ་པོ་དང་། །བཅོམ་ལྡན་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་སྲས་རིགས་གསུམ་མགོན་པོ་ལ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །བདུད་རྩི་སྨན་གཏོར་ཚོགས་མཆོད་དང་། །བཀྲ་ཤིས་རྟགས་བརྒྱད་རིན་ཆེན་རིགས། །རྒྱལ་སྲིད་སྣ་བདུན་ལོངས་སྤྱོད་ཚོགས། །མཆོད་པའི་བྱེ་བྲག་དཔག་མེད་འབུལ། །བདག་དང་ཡོན་བདག་བྱིན་གྱིས་རློབས། །བསོད་ནམས་ཚོགས་ཆེན་ཡོངས་རྫོགས་ནས། །སྒྲིབ་གཉིས་སྐྱོན་དང་བྲལ་བར་ཤོག །ཧཱུྃ། འཕགས་པ་འཇམ་དཔལ་བཀའ་ཉན་པ། །རི་རབ་གླིང་བཞི་ཁོར་ཡུག་ལ། །མངའ་མཛད་ས་བདག་དབང་ཆེན་དང་། །བཙུན་མོ་ས་ཡི་ལྷ་མོ་དང་། །ས་འཛིན་ལག་པ་ལྟོ་འཕྱེ་དང་། །འབྱུང་བ་ལོ་ཟླ་སྤར་སྨེའི་བདག །


CMR041_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱུད། །གཉན་ཆེན་བརྒྱད་དང་གཟའ་ཆེན་བརྒྱད། །རྒྱུ་སྐར་ཉེར་བརྒྱད་ཉེ་དབང་ཚོགས། །ས་བདག་རྒྱལ་བློན་བཅུ་བདུན་དང་། །ལོ་ཟླ་ཞག་དུས་ས་བདག་ཚོགས། །ཡུལ་འདིའི་གཞི་བདག་ཀླུ་གཉན་སོགས། །ཞི་བར་བཞུགས་པའི་ལྷ་རྣམས་ལ། །གསེར་དངུལ་ཟངས་ལྕགས་མུ་ཏིག་དང་། །གཡུ་དང་བྱི་རུ་མུ་མེན་ཤེལ། །བཻཌཱུརྱ་དང་ཨརྨ་ཀ །རིན་ཆེན་སྣ་ཚོགས་མཆོད་པ་འབུལ། །ཀ་ར་བུ་རམ་ཁམ་བུ་དང་། །ཤིང་མངར་ཨ་རུ་བ་རུ་ར། །སྐྱུ་རུ་ར་ལ་སོགས་པ་ཡི། །རྩི་སྨན་འབྲས་བུས་མཆོད་པ་འབུལ། །ནད་རིགས་ཐམས་ཅད་ཞི་བར་མཛོད། །ཤིང་ཐོག་འབྲས་བུ་བདུད་རྩིའི་སྨན། །ཨ་ལི་ཀ་དང་འབྲས་ཆེན་དང་། །འབྲུ་དང་ནས་དང་གྲོ་དང་མཆན། །བྲ་བོ་སྲན་མ་སྟར་སྒྲ་དང་། །ཁམ་བུ་གཡེར་མ་སྒ་ཡུང་དང་། །འབྲུ་རིགས་ཤིང་ཐོག་མཆོད་པ་འབུལ། །ཡོན་ཏན་རྒྱས་པར་མཛད་དུ་གསོལ། །བདུད་རྩིའི་མཚོ་དང་ཟས་ཀྱི་རིགས། །དཀར་གསུམ་མངར་གསུམ་འདོད་ཡོན་ཚོགས། །ཇ་ཆང་མར་ཁུ་འོ་མའི་མཚོ། །དཀར་གསུམ་ཟས་སྣའི་


CMR041_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ། །མི་ཟས་ནོར་ལ་སྤྱོད་པར་ཤོག །སྲོག་ཆགས་རྐང་འགྲོ་སྣ་ཚོགས་དང་། །བྱ་རིགས་གཅན་གཟན་མཆོད་པ་འབུལ། །ཕྲིན་ལས་འགྲུབ་པར་མཛད་དུ་གསོལ། །སྒྲུབ་མཆོག་ཡོན་མཆོད་འཁོར་བཅས་ཀྱི། །ལན་ཆགས་བྲལ་ཞིང་བུ་ལོན་བྱང་། །ཚེ་རབས་སྔོན་གྱི་འབྲེལ་བའོ། །དུག་ལྔའི་རྟོག་པ་གང་ཡིན་པ། །ཆགས་འཁོན་སྦྱང་བའི་ཡོན་དུ་འབུལ། །འགལ་བ་ཡོད་ན་སྦྱང་དུ་གསོལ། །ན་བ་ཡོད་ན་སྨན་གྱིས་བཅོས། །ཤི་བ་ཡོད་ན་སྟེང་ནས་བསལ། །རྐྱེན་ངན་ཡོད་ན་མདོས་ཀྱིས་ཟློག །མི་ལུས་སྒྱུ་མ་རིན་ཆེན་ལ། །ཚེ་ལོ་བརྒྱ་ཐུབ་མཛད་དུ་གསོལ། །ས་བདག་ཀླུ་གཉན་འཁོར་བཅས་རྣམས། །རང་རང་གནས་སུ་བཞུགས་ནས་ཀྱང་། །བདེན་པའི་བཀའ་ལ་མ་འདའ་བར། །གནམ་ནས་རྒྱལ་བྱིན་མ་འབེབས་ཤིག །བར་དུ་བདུད་བཞི་མ་ལྡང་ཞིག །འོག་ཏུ་དུར་ཕག་མ་འཁུན་ཅིག །སྟེང་ནས་གནམ་དལ་མ་འབེབས་ཤིག །བར་སྣང་ཀིང་ཀང་མ་འཁོར་ཅིག །འོག་ནས་ས་བདག་མ་གདངས་ཤིག །སྒྲུབ་མཆོག་ཡོན་བདག་འཁོར་བཅས་ཀུན། །ལོ་ལ་ཐར་ནས་ཚེ་ལ་ཕྱིན། །མི་ཕྱུགས་རྩིས་ནས་སྐག་ལས་


CMR041_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཐར། །མི་མཐུན་ཕྱོགས་ལས་རྒྱལ་བར་ཤོག །ཤི་སྒབ་ཆོད་ལ་གསོན་སྒབ་སྤེལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་མ་ཧཱ་དྷེ་ཝ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨནྡྷུ་སོགས་ཀྱིས་མཆོད། དེ་ནས་དཀར་བ་གསུམ་གྱིས་འཕྱོང་བཤད་དེ། །ཀྱཻ། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་གཏོ་ལ་བཞེངས། །འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །འབྱུང་བ་ལྔ་ལ་མ་བརྟེན་གང་ཡང་མེད། །ནམ་མཁའ་འདི་ནི་སྟོང་ལགས་ཀྱང་། །དེ་ཡང་འབྱུང་བ་ལྔ་ལ་བརྟེན། །འབྱུང་བ་བཞི་ནི་ས་ལ་བརྟེན། །འབྱུང་བ་ས་ཡང་ཐེག་པ་ཆེ། །མེ་ནི་ཐམས་ཅད་དྲོ་བར་བྱེད། །ཆུ་ནི་ཐམས་ཅད་སྨིན་པར་བྱེད། །རླུང་ནི་ཐམས་ཅད་གཡོ་བར་བྱེད། །ཤིང་ནི་ཐམས་ཅད་སྐྱེད་པར་བྱེད། །དེ་བས་སྐྱེ་འགྲོ་སེམས་ཅན་རྣམས། །འབྱུང་བ་ལྔ་ལས་གྲུབ་པ་ཡིན། །དེ་ལས་གྲུབ་པའི་སེམས་ཅན་ལ། །དཔའ་སྟོབས་ལྡན་པ་གསུམ་མཆིས་ཏེ། །ཀུན་ལ་འཇིགས་པ་སེང་གེ་ཡིན། །སྒྲ་ཡི་རྒྱལ་པོ་གཡུ་འབྲུག་ཡིན། །ཀུན་གྱི་ཟིལ་གནོན་བྱ་ཁྱུང་ཡིན། །དྲག་ཤུལ་སྟོབས་ལྡན་སེམས་ཅན་རྣམས། །འཇིག་རྟེན་ཁམས་ན་གཞན་མ་


CMR041_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས། །རྩལ་ཆེན་སེམས་ཅན་རྒྱལ་པོ་གསུམ། །རི་རབ་རྩེ་ནས་གཤེགས་སུ་གསོལ། །པདྨའི་གདན་ལ་བཞུགས་སུ་གསོལ། །འདིར་བཤམས་མཆོད་པ་གཏོར་མ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །སྒྲུབ་མཆོག་ཡོན་བདག་བསྲུང་དུ་གསོལ། །བར་ཆད་གདོན་བགེགས་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །པཉྩ་ཨ་མྲྀ་ཏ། མ་ཧུ་བྷ་ལི་ཏ། མ་ཧཱ་རཀྟ། སརྦ་པཱུ་ཛ་ཁཱ་ཧི། དེ་ནས་སྐུའི་སྤྲུལ་པ་ལ་བསྟོད་པ་ནི། ཧཱུྃ། འཇམ་དཔལ་སྐུ་ཡི་སྤྲུལ་པ་ལས། །དབང་ཆེན་ས་གཞིའི་དཀྱིལ་འཁོར་ནས། །རི་རབ་གངས་རིའི་རྩེ་མོ་ནས། །སེམས་ཅན་ཀུན་གྱི་རྒྱལ་པོ་ནི། །དུང་སེང་གཡུ་ཡི་རལ་པ་ཅན། །ཞལ་ནས་སྒྲ་སྒྲོག་དྷི་རི་རི། །མཆེ་བ་གནམ་ལྕགས་སྟ་རེ་འདྲ། །སྤྱན་མིག་ཉི་མ་ཤར་བ་འདྲ། །ཨོག་ཚོམ་གཡུ་ཡི་འབྲུག་རིས་ཅན། །ཤངས་ནི་ཁྲོ་གཉེར་གསུམ་དང་ལྡན། །རལ་པ་བར་སྣང་ཁམས་སུ་བསིགས། །སྡེར་མོས་དགྲ་བགེགས་སྲོག་རྩ་གཅོད། །གང་ལ་བབ་ཀྱང་ཐོག་ལྟར་རྒྱུག །སེམས་ཅན་གང་གི་གཤེད་དུ་ཆེ། །རྩལ་ཆེན་སེང་གེའི་སྤྲུལ་པའི་སྐུ། །སེམས་ཅན་སྲོག་ཆགས་གང་ཡིན་ཡང་། །


CMR041_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མ་ལུས་ཟིལ་གྱིས་གནོན། །འབྱུང་པོ་མི་མིན་རྡུལ་དུ་རློགས། །མཐུ་ཆེན་སེང་གེའི་ངར་སྐད་ཀྱིས། །ས་བདག་ས་སྲིན་རྩད་ནས་གཅོད། །དྲེགས་པ་ཅན་རྣམས་འདར་ཞིང་བསྔངས། །གནོད་བྱེད་ཕོ་མོ་ཞབས་ཀྱིས་གནོན། །དམ་ཉམས་རྣམས་ཀྱི་གཉའ་གནོན་མཛོད། །དཀར་བ་གསུམ་ལ་བྱིན་གྱིས་རློབས། །གནུས་ཁང་འདི་ལ་བྱིན་ཅིག་ཕོབ། །བདག་ཅག་ཡོན་མཆོད་བསྲུང་དུ་གསོལ། །བར་ཆད་རྐྱེན་ངན་བཟློག་ཏུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །སྐག་དང་ལྟས་ངན་བཟློག་པའི་ཕྱིར། །ནག་པོ་མགོ་གསུམ་མདོས་བྱེད་ན། །མདོས་འདིས་གོང་ནོན་ཁྱེད་ཀྱིས་གྱིས། །མདོས་འདི་ལོགས་སུ་མ་བཅུག་ཅིག །མདོས་འདི་འཁྱམས་སུ་མ་བཅུག་ཅིག ། བདག་ཅག་ཡོན་བདག་འཁོར་བཅས་ལ། །སྐུ་སྤྲུལ་སེང་གེའི་བསྲུང་དུ་གསོལ། །ལུས་ངག་ཡིད་གསུམ་བསྲུང་དུ་གསོལ། །མི་མཐུན་རྐྱེན་ངན་བཟློག་ཏུ་གསོལ། །དགྲ་བོ་དམ་ཉམས་རྡུལ་དུ་རློགས། །བྱད་མ་རྣམས་ནི་རྩད་ནས་ཆོད། །སྐག་དང་ལྟས་ངན་བཟློག་ཏུ་གསོལ། །ཡ་མ་རཱ་ཛ་ཧཱུྃ་ཕཊ༔ རཀྵ་རཀྵ་སྭཱ་ཧཱ། ཞེས་ལན་བདུན་བརྗོད། དེ་ནས་


CMR041_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་སྤྲུལ་པ་ལ་བསྟོད་པ་ནི། ཧཱུྃ། འཕགས་པ་སྤྱན་རས་གཟིགས་དབང་གིས། །གསུང་གི་སྤྲུལ་པ་གཡུ་འབྲུག་སྤྲུལ། །འགྲོ་དྲུག་སེམས་ཅན་འདི་རྣམས་ནི། །ལས་ཀྱི་རྒྱ་མཚོ་གཏིང་རེ་ཟབ། །བསྐལ་པ་ཆེན་པོ་མཐའ་རེ་ཡངས། །འཁོར་བའི་འཇིག་རྟེན་གཉུག་རེ་རིང་། འཆི་བདག་ཆེན་པོ་དབང་རེ་ཆེ། །གཤིན་རྗེ་ཁྲོ་ཐོག་རྒྱུག་ཅིང་འགྲོ། །དེ་རྣམས་བདེ་བར་བྱ་བའི་ཕྱིར། །གསུང་གི་སྤྲུལ་པ་འབྲུག་ལྟར་གྲག །བར་སྣང་ཁམས་ཀྱི་དཀྱིལ་འཁོར་ནས། །ལྕགས་འབྲུག་དཀར་པོ་རལ་པ་ཅན། །སྤྲིན་དང་ན་བུན་ནང་ན་རྒྱུག །འབྲུག་རུ་སྲིད་པའི་རྩེ་ལ་ཉུལ། །འབྲུག་ལྕེ་བར་སྣང་ཁམས་སུ་བརྐྱངས། །གློག་གི་ཞགས་པས་གར་ཡང་བཅིང་། །གསུང་གི་འབྲུག་སྒྲ་བསྒྲགས་པའི་ཚེ། །ཐོག་དང་སེར་བ་གར་ཡང་འབབ། །ལག་པས་རི་རབ་འབུམ་ཡང་བསྙིལ། །རྐང་པས་འཇིག་རྟེན་ཁམས་རྣམས་བསྒྲོད། །སྤྱན་མིག་བསྒྲད་པས་གནམ་ཐེའུ་བརྒྱལ། །དུས་ཚོད་འཛིན་ཞིང་མཚམས་བཞི་སྲུང་། །མཁའ་ལ་རྒྱུ་ཞིང་ཞག་ཟླ་སྲུང་། །སྲིད་པའི་བསྐོས་མཁན་རྫུ་འཕྲུལ་ཅན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ལ། །ཀུན་གྱི་གཤེད་དུ་མཐུ་བོ་


CMR041_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །བསོད་ནམས་མི་ཡི་གཉེན་དུ་བབ། །ཡེ་ཤེས་ཚོགས་ལ་རང་གསལ་འཆར། །ཡང་དག་དོན་ལ་དགོངས་པ་མཛད། །བསྟན་པ་དར་རྒྱས་མཐུ་བོ་ཆེ། །མདོས་གླུད་ཀུན་གྱི་ཟིལ་གནོན་མཛོད། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ནད་རིམས་གདོན་ཁ་ཟློག་པ་དང་། །དགྲ་སྣ་ཁ་མཆུ་བཟློག་པའི་ཕྱིར། །སྲིད་པའི་བསྐོས་མཁན་མགོ་གསུམ་བཞེངས། །སྒྱུར་ཅིག་བཟློག་པའི་དཔང་པོ་མཛོད། །མདོས་འདི་ལོགས་སུ་མ་བཅུག་ཅིག །མདོས་འདི་འགྲམས་སུ་མ་བཅུག་ཅིག །མདོས་འདི་འཁྱམས་སུ་མ་བཅུག་ཅིག །མདོས་འདིས་རྐྱེན་ངན་བཟློག་ཏུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གསུང་གི་སྤྲུལ་པས་བྱིན་གྱིས་རློབས། །ལུས་ངག་ཡིད་གསུམ་བསྲུང་དུ་གསོལ། །བཙན་པོས་ཁ་ཡོག་མ་སྡིག་ཅིག །ཕྱུགས་ལ་བཤས་ལག་མ་གཏོང་ཞིག །ལོ་དུས་ལོ་ལ་ལོ་བདུད་མ་འབེབས་ཤིག །ཟླ་དུས་ཟླ་ལ་ཟླ་སྲི་མ་གཏོང་ཞིག །ཞག་དུས་ཞག་ལ་ཞག་སྐག་མ་འབེབས་ཤིག །གནམ་བདུད་དལ་ཡམས་མ་གཏོང་ཞིག །འཚེར་རྩུབ་ལྟས་ངན་ཐམས་ཅད་ཟློག །ཟློག་ཅིག་སྒྱུར་ཅིག་ཕྲིན་ལས་མཛོད། །


CMR041_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ན་དུ་ན་ཧཱུྃ་ཕཊ༔ རཀྵ་རཀྵ་སྭཱ་ཧཱ། ཞེས་ལན་བདུན་བརྗོད། ༈ དེ་ནས་ཐུགས་ཀྱི་སྤྲུལ་པ་ལ་བསྟོད་པ་ནི། ཧཱུྃ། དཔལ་ཆེན་ཕྱག་རྡོར་ཐུགས་སྤྲུལ་ལས། །དབུ་ལ་ཁྱུང་ཆེན་འབར་བས་བརྒྱན། །རི་རབ་ལྷུན་པོའི་ཡར་རྩེ་ནས། །དཔག་བསམ་ཤིང་གི་རྩེ་མོ་ནས། །འདབ་ཆགས་རྒྱལ་པོ་ག་རུ་ཊ། །སྤྲུལ་པས་སྣང་སྲིད་ཟིལ་གྱིས་གནོན། །མཐུ་རྩལ་དྲག་པོས་སྡེ་བརྒྱུད་འདུལ། །མཆུ་སྡེར་གནམ་ལྕགས་ཐོག་ལས་གྲུབ། །སྤྱན་མིག་ཉི་ཟེར་ཟླ་ཟེར་འཕྲོ། །གཤོག་པས་སྟོང་གསུམ་བར་སྣང་ཁེབས། །ཀླུ་གཉན་ས་བདག་དབང་དུ་སྡུད། །སྣང་སྲིད་སྡེ་བརྒྱད་རླབས་ཀྱིས་གཅོད། །གནོད་བྱེད་གདུག་པ་རྡུལ་དུ་རློགས། །ཀླུ་རིགས་གདུག་པ་དབང་དུ་བསྡུས། །གནོད་སྦྱིན་དྲི་ཟ་ཕོ་མོ་དང་། །གཟའ་ཀླུ་ས་བདག་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་བཅུ་པོ་གདོན་འཁོར་ཚོགས། །ཐམས་ཅད་མ་ལུས་དབང་དུ་བསྡུས། །བདག་ཅག་ཡོན་མཆོད་བསྲུང་བ་དང་། །ཁྱུང་ཆེན་སྤྲུལ་པས་བྱིན་གྱིས་རློབས། །དཀར་བ་གསུམ་ལ་བྱིན་ཕོབ་ཅིག །ས་བདག་ཀླུ་གཉན་གདུག་པ་ཟློག །ཁྱུང་གི་སྤྱི་གཙུག་ནོར་བུ་ཡིས། །དངོས་གྲུབ་དགོས་འདོད་ཆར་ལྟར་འབེབས། །སྒྲུབ་


CMR041_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བདག་ལ་དངོས་གྲུབ་སྩོལ། །ཁྱུང་ཆེན་དབུ་ཡི་རྭ་གཉིས་ལ། །གནམ་ལྕགས་ཐོག་གི་ཚྭ་ཚྭ་འཕྲོ། །སྟེང་གདོན་མ་ལུས་རྡུལ་དུ་རློགས། །ཁྱུང་གི་གཤོག་པ་གཡས་གཡོན་ལ། །ཡེ་ཤེས་མེ་སྒྲ་འབྲུག་སྒྲ་སྒྲོག །ལྟས་ངན་ཐམས་ཅད་ཟློག་པར་བྱེད། །ཡེ་ཤེས་མ་མོས་དགྲ་བགེགས་འདུལ། །ཞལ་ནས་ཀྲྀ་ཀྲྀ་ཏྲི་སྒྲ་སྒྲོག །སྣང་སྲིད་ལྷ་འདྲེ་བསླང་བར་བྱེད། །གནོད་བྱེད་གདུག་པ་རྡུལ་དུ་རློགས། །ཁྱུང་གི་མཐུ་རྩལ་བསམ་མི་ཁྱབ། །སྒྲུབ་མཆོག་ཡོན་མཆོད་བྱིན་གྱིས་རློབས། །བདག་དང་རྒྱུ་སྦྱོར་བདག་གི །བར་ཆད་རྐྱེན་རྣམས་བཟློག་པའི་ཕྱིར། །ནག་པོ་མགོ་གསུམ་མདོས་བཤམས་ནས། །མདོས་འདི་ལོགས་སུ་མ་བཅུག་ཅིག །མདོས་འདི་འགྲམས་སུ་མ་བཅུག་ཅིག །མདོས་འདི་འཁྱམས་སུ་མ་བཅུག་ཅིག །གནོད་བྱེད་རྣམས་ཀྱི་གཉའ་གནོན་མཛོད། །སྒྲུབ་མཆོག་ཡོན་བདག་འཁོར་བཅས་ལ། །མཐུ་རྩལ་ཁྱུང་གིས་བྱིན་གྱིས་རློབས། །ལུས་ངག་ཡིད་གསུམ་བསྲུང་དུ་གསོལ། །མི་མཐུན་བར་ཆད་བཟློག་ཏུ་གསོལ། །སྐག་དང་ལྟས་ངན་བཟློག་ཏུ་གསོལ། །མོ་ངན་རྩིས་ངན་བཟློག་ཏུ་གསོལ། །


CMR041_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཁྲོ་བཛྲ་གྷ་རུ་ཊ་ཧཱུྃ་ཕཊ། རཀྵ་རཀྵ་སྭཱ་ཧཱ། ཞེས་པ་འདི་ལན་བདུན་བཟླའོ། །དེ་ནས་སྲུང་འཁོར་ནི། ཧཱུྃ། འཕགས་པ་རིགས་གསུམ་མགོན་པོ་ཡི། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས། །ཁྱུང་འབྲུག་སེང་གསུམ་སྤྲུལ་པ་འགྱེད། །སྒྲུབ་མཆོག་ཡོན་བདག་འཁོར་བཅས་ཀྱི། །ལུས་ངག་ཡིད་གསུམ་བསྲུང་དུ་གསོལ། །ཐུགས་ཀྱི་སྤྲུལ་པ་ཁྱུང་ཆེན་གྱིས། །སྤྱི་བོའི་གཙུག་ནས་བསྲུང་དུ་གསོལ། གསུང་གི་སྤྲུལ་པ་ལྕགས་འབྲུག་གིས། །མགྲིན་པའི་གནས་ནས་བསྲུང་དུ་གསོལ། །སྐུ་ཡི་སྤྲུལ་པ་སེང་ཆེན་གྱིས། །ཐུགས་ཀྱི་དཀྱིལ་ནས་བསྲུང་དུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །གཙུག་གནས་ལྷ་ཡི་བཀོད་པ་ནི། །སྤྱི་གཙུག་གོ་ཁྲབ་ཅན་གྱིས་བསྲུང་དུ་གསོལ། །མགྲིན་པར་ཟངས་ཁྲབ་ཅན་གྱིས་བསྲུང་དུ་གསོལ། །སྙིང་ཁར་དབང་བེར་ཅན་གྱིས་བསྲུང་དུ་གསོལ། །ལྟེ་བར་བསེ་ཁྲབ་ཅན་གྱིས་བསྲུང་དུ་གསོལ། །གསང་གནས་ལྕགས་ཁྲབ་ཅན་གྱིས་བསྲུང་དུ་གསོལ། །ལུས་ལ་བཙན་པའི་གོ་གྱོན་འཚལ། །སྲོག་ལ་བཙན་པའི་དབང་བསྐུར་འཚལ། །གློ་ན་རྣོ་བའི་མཚོན་


CMR041_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་འཚལ། །དགྲ་ལ་གཟུགས་པའི་མདའ་འཕེན་འཚལ། །བགེགས་དཔུང་བསྲེགས་པའི་མེ་འབར་འཚལ། །དེ་ལྟར་སྲུང་བའི་ལྷ་བཀོད་ཅིང་། །ལུས་ལ་བཙན་པའི་གོ་གྱོན་པས། །ལྷ་ཀླུ་བཙན་བདུད་དྲི་ཟ་དང་། །གཤིན་རྗེ་གནོད་སྦྱིན་བགེགས་ཀྱི་ཚོགས། །གཟའ་དང་ས་བདག་གཉན་རིགས་དང་། །རྒྱལ་བསེན་ཕོ་མོ་དམ་སྲི་སོགས། །བར་ཆད་བདུད་ཀྱིས་མི་ཚུགས་པར། །ཉིན་མཚན་ཀུན་ཏུ་བསྲུང་དུ་གསོལ། །བར་མཚམས་མེད་པར་བསྲུང་དུ་གསོལ། །གཡེལ་མེད་རྟག་ཏུ་བསྲུང་དུ་གསོལ། །བཛྲ་རཀྵ་རཀྟ་ཡེ་སྭཱ་ཧཱ། དེ་ནས་ཕྲིན་ལས་བཅོལ་བ་ནི། ཧཱུྃ། རིགས་གསུམ་མགོན་པོའི་སྤྲུལ་པ་ལ། །ཁྱུང་འབྲུག་སེང་གསུམ་མཐུ་སྟོབས་ཀྱིས། །ནག་པོ་མགོ་གསུམ་ཕོ་ཉར་ས་འགྱེད། །བྱད་དང་རྦོད་གཏོང་ཟློག་པར་བྱེད། །ལོ་སྐག་ཟླ་སྐག་དགྲ་ལ་ཟློག །མི་ཁ་བྲ་མཆུ་བསྒྱུར་བ་དང་། །ལྟས་ངན་འཚེར་རྩུབ་དགྲ་ལ་སྒྱུར། །དམར་པོ་མགོ་གསུམ་སྣ་ཁྲིད་སྦྱར། །དགྲ་བོའི་སྙིང་ལ་སྐྱེར་མདའ་རྒྱོབས། །ཡོན་བདག་ཚེ་གླུད་ཁྱོད་ཀྱིས་གྱིས། །བདུད་ཀྱི་ངོ་ལེན་ཁྱོད་ཀྱིས་གྱིས། །བདུད་མོ་རྔ་ཞོན་བཙུན་མོ་ཡིས། །ཁྲག་


CMR041_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ནད་བཟློག་ཏུ་གསོལ། །ཤང་ཤང་བྲ་མཆུ་གཡོག་ཏུ་ཁྲིད། །མི་ཁ་བ་རུའི་ལས་མཁན་བྱེད། །སྟོབས་ལྡན་གླང་ཆེན་ཁལ་དུ་བཀལ། །མི་ཁའི་ཡས་རྣམས་ཁོལ་ལ་སོང་། །ཤཱ་རྡེལ་དཀར་ནག་གཏོར་ལ་སོང་། །ལོ་ཡི་སྐག་རྣམས་སྒྱུར་ལ་སོང་། །འཆེར་རྩུབ་སྐག་རྣམས་ཟློག་ལ་སོང་། །འཕགས་པ་འཇམ་དཔལ་བཀའ་མ་བཅག །སྔགས་འཆང་བདག་གི་དམ་མ་བཀྲལ། །ཡོན་བདག་དྲིན་ལེན་ཆུད་མ་གསན། །དམ་རྫས་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །སྡང་བྱེད་དགྲ་དང་གནོད་བྱེད་བགེགས། །བྱད་མ་རྦོད་གཏོང་ལས་ངན་དང་། །བསྟན་པ་བཤིགས་པའི་རུ་ཏྲ་དང་། །དམ་བཅས་བྱས་པའི་དམ་ལོག་དང་། །ལེ་གུ་བྱས་པའི་ལྷ་ལོག་དང་། །ཤག་རོགས་བྱས་པའི་མནའ་ཟོས་དང་། །སློབ་མ་བྱས་པའི་དམ་ལོག་དང་། །ཆུང་མ་བྱས་པའི་རྒྱབ་རྟེན་དང་། །དེ་ཡི་གཤེད་མ། ཁྱོད་ཀྱིས་མཛོད། །མཆོད་ཅིང་བསྟོད་ན་ངོ་མ་ཆུང་། །རྦད་ཅིང་མངག་ན་མཐུ་མོ་ཆུང་། །གཏོ་གླུད་བོར་ན་འཕང་མ་ལྗི། །གླུད་དུ་འབུལ་ན་འཕང་མ་དམའ། །ལོ་དུས་ལོ་ལ་


CMR041_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བདུད་མ་འབེབས་ཤིག །ཟླ་དུས་ཟླ་ལ་ཟླ་སྲི་མ་འབེབས་ཤིག །ཞག་དུས་ཞག་ལ་ཞག་སྐག་མ་འབེབས་ཤིག །ཟ་མ་དུས་ཚོད་སྐག་རྣམས་མ་འབེབས་ཤིག །དགྲ་སྣ་གྱོད་སྣ་བཟློག་ཏུ་གསོལ། །ནད་སྣ་རིམས་སྣ་བཟློག་ཏུ་གསོལ། །རྐུན་སྣ་ཇག་སྣ་བཟློག་ཏུ་གསོལ། །མོ་ངན་རྩིས་ངན་བཟློག་ཏུ་གསོལ། །རྨི་ལྟས་མཚན་ངན་བཟློག་ཏུ་གསོལ། །ཐན་ལྟས་ངན་པ་བཟློག་ཏུ་གསོལ། །མདོར་ན་མི་མཐུན་རྐྱེན་ངན་རྣམས། །ཐམས་ཅད་མ་ལུས་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རཀཱ་ཙིཏྟ་དགྲ་བགེགས་ཀྱི་སྲོག་ལ་མཱ་ར་ཡ་རྦད། སྙིང་ལ་མཱ་ར་ཡ་ཟད། སརྦ་བིག་ནཱན་མཱ་ར་ཡ་རྦད། ཅེས་བརྗོད་པར་བྱའོ། །དེ་ལྟར་བྱས་པས་སྐག་ངན་ཟློག་པ་དང་། ལོ་སྤར་ཁའི་འགྲམས་འཁྲུག་བཅོས་པ་དང་། ཐན་ལྟས་ངན་པ་ཟློག་པ་དང་། མི་ཁ་སྡང་བ་དང་། མི་ནོར་ལ་བྱད་ཁ་ཟུག་པ་དང་། །ལྷ་འདྲེའི་བསམ་སྦྱོར་ངན་པ་དང་། གཏད་ཁྲམ་གྱིས་ཞབས་སུ་སོང་བ་དང་། མོ་རྩིས་རྨི་ལྟས་ངན་པ་དང་། མདོར་ན་མི་མཐུན་པའི་བར་ཆད་ཐམས་ཅད་ཟློག་པ་ལ། མི་ནག་མགོ་བོ་གསུམ་པའི་མདོས་འདི་མཆོག་ཏུ་ཟབ་པར་འགྱུར་རོ། །དེ་ལྟར་དཀར་པོ་མགོ་གསུམ་གྱི་གོང་གནོན་བྱས་ཚར་ནས། མི་ནག་གི་མངོན་རྟོགས་མདུན་བསྐྱེད་


CMR041_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་གོ །སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousདཀར་པོ་མགོ་གསུམ་བསྐྱེད་ཆོག་གི་འདོན་འགྲིགས། མི་ནག་མགོ་གསུམ་གྱི་གོང་གནོན།next