Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ས་བདག་གཏོ་ཐིག་ནག་པོའི་རྒྱུད་ལས། མི་ནག་མགོ་བོ་གསུམ་པའི་རྒྱས་མདོས་བར་ཆད་ཀུན་སེལ།
   
   
   
   
   
   
   
   
   
   
   


 
previousས་བདག་གཏོ་ཐིག་ནག་པོའི་རྒྱུད་ལས། མི་ནག་མགོ་བོ་གསུམ་པའི་རྒྱས་མདོས་བར་ཆད་ཀུན་སེལ།next

ས་བདག་གཏོ་ཐིག་ནག་པོའི་རྒྱུད་ལས། མི་ནག་མགོ་བོ་གསུམ་པའི་རྒྱས་མདོས་བར་ཆད་ཀུན་སེལ།


CMR041_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་གཏོ་ཐིག་ནག་པོའི་རྒྱུད་ལས། མི་ནག་མགོ་བོ་གསུམ་པའི་རྒྱས་མདོས་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ།།


CMR041_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫ་བྲི་ཡེ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ས་བདག་གཏོ་ཐིག་ནག་པོའི་རྒྱུད་འདི་ནི། མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་དབྱངས་ལ། རྒྱ་ནག་གི་རྒྱལ་པོ་རྒྱུ་ནི་ཧ་དང་། ཝང་ནི་འཕྲུལ་གྱི་རྒྱལ་པོ་དང་གཉིས་ཀྱིས་ཞུས་པ་ལས། འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཆེད་དུ་མཛད། དེ་ཡང་དགོས་ཆེད་ཕན་ཡོན་བསྟན་པ་ནི། རྒྱ་ནག་ཡུལ་གྱི་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་རྒྱུད་ལེའུ་བཅུ་པའི་སྐབས་སུ། མགོ་གསུམ་འདི་འཇམ་དཔལ་རང་གི་སྤྲུལ་པ་ཡིན་པས། ཡ་མཱནྟ་ཀའི་དབང་ཐོབ་པ། རིགས་གསུམ་མགོན་པོ་ལ་བསྙེན་པ་ཐེམས་པ། འཇམ་དཔལ་གཤིན་རྗེ་ལ་ཡི་དམ་བྱེད་པ་མ་གཏོགས་པ། སུ་ཐོད་ཐོད་ཀྱིས་བྱ་མི་རུང་རང་ལ་ལྡོག་ཉེན་ཡོད། རིགས་གསུམ་མགོན་


CMR041_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བདག་བསྐྱེད་འདི་མེད་ན་གོང་མི་ནོན་པ་དང་། དེ་ལྟར་བྱས་ན་བར་ཆད་རྐྱེན་ཟློག་ལ་འདི་ཉིད་ཤིན་ཏུ་ཟབ་པ་དང་། གདོན་བགེགས་ཟློག་པ་དང་། དགྲ་སྡང་བསྒྲལ་བ་ལ་འདི་བས་མྱུར་བ་གཞན་མེད་དོ། །ཞེས་གསུངས་པ་དང་། ༈ ས་བདག་གཏོ་ཕུག་ནག་པོའི་རྒྱུད་ལས། མགོ་གསུམ་འདི་ལོ་ཟླ་ཞག་དུས་ཀྱི་སྐག་དང་། སྤར་སྨེ་ལོ་སྐོར་གྱི་འགྲམ་འཁྲུགས་བདུན་ཟུར་སྐག་རིགས་ཐམས་ཅད་ཟློག་པ་ལ་མཆོག་ཏུ་ཟབ་པ་དང་། ཁྱད་པར་ཐན་རིགས་ལྟས་ངན་མཚན་ངན་ཐམས་ཅད་ཟློག་པ་ལ་འདི་ཉིད་གཞན་ལས་རྣོ་མྱུར་ཤིན་ཏུ་ཆེ་བ་དང་། གཞན་ཡང་གདོན་བགེགས་དགྲ་གྱོད་མི་ཁ་བྲ་མཆུ་རྨི་ངན་ལ་སོགས་བར་ཆད་ཐམས་ཅད་ཟློག་པ་ལ་འདི་ཉིད་ཟབ་པས། ས་བདག་གི་ཁྲོ་བོ་ཆེན་པོ་ཀླུ་བདུད་ནག་པོ་ནཱ་ག་རཀཱའམ། མི་ནག་མགོ་


CMR041_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གསུམ་པ་ཞེས་བྱའོ། །ཞེས་གསུངས་སོ།། ༈ འདི་ཡི་ཆོ་གའི་བསྒྲིགས་ཆོག་ལག་ལེན་ནི། རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་ལག་ལེན་ཁྲིགས་སུ་བསྟབས་ནས་རྒྱ་ནག་ཡུལ་དུ་གཏོ་ཕུག་ཅིག་རྒྱུད་དུ་ཡོད་པ་ན། །བོད་དུ་དར་བའི་ལོ་རྒྱུས་ནི། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། སྒྲོལ་མ་དཀར་མོའི་སྤྲུལ་པ། རྒྱ་བཟའ་ཨོང་ཆུང་བོད་དུ་ཡར་བྱོན་ཚེ། སྤྱིར་གཙུག་ལག་རྩིས་ཀྱི་རྒྱུད་གཞུང་མང་པོ་དང་། ཁྱད་པར་ས་བདག་ཧ་ས་གཛྷའི་གཏོ་འདི། རྒྱ་ནག་གི་སློབ་དཔོན་རྣམས་ལ་ཞུས་ཤིང་ཐབས་དུ་མའི་སྒོ་ནས་བླངས་ནས། བློན་པོ་མགར་དང་རྒྱ་བཟའ་གཉིས་ཀྱིས་ས་བདག་གཏོ་ཕུག་ནག་པོའི་རྒྱུད་འདི་ཟབ་ལ་ཤིན་ཏུ་དཀོན་པའི་ཕྱིར། རྒྱ་དཔེ་ནས་བཤུས་ཤིང་གཞུང་གི་ཆ་ལག་རྣམས་ཚང་བ། །སྟག་སྒྲོ་གང་རྒྱུ་ནོར་རྣམས་ཀྱི་དམར་བ་སྙིང་ནོར་བྱས་ནས། བོད་དུ་ཡར་ཁྱེར་ནས་བྱོན་པ་ལ། ཤར་རྒྱལ་མོ་རོང་དུ་ཕྱིན་དུས། འཇམ་དབྱངས་དམར་པོའི་སྤྲུལ་པ་མཁས་པ་གྲགས་སེང་བྱ་བ་ལ་སྤེལ་བས། བོད་ལ་ཡར་དར་བ་རྒྱལ་མོ་རོང་གི་ལུགས་ཡིན། དེ་ནས་བྲག་དམར་དཔལ་གྱི་བསམ་ཡས་སུ་ཕྱིན་ནས། རྒྱལ་པོ་དང་ཞལ་མཇལ་དུས། སྐུའི་རིམ་གྲོ་སྔ་ཤོས་དེ་འདི་བྱས་པ་དང་། ར་ས་འཕྲུལ་སྣང་བཞེངས་དུས། ལྷ་འདྲེས་ཆོ་འཕྲུལ་བསྟན་ནས་བཞེངས་མ་ཐུབ་པ་ལ། འདིའི་གཏོ་ཐིག་བྱས་པས་ཆོ་འཕྲུལ་བར་ཆད་རྣམས་ཞི་ནས་ལྷ་ཁང་བཞེངས་ཐུབ་པ་དང་། གཞན་ཡང་བཀྲ་ཤིས་བདེ་ལེགས་ཕན་ཐོགས་མང་པོ་བྱུང་བ་དང་། དེ་ནས་རྒྱ་གར་ཡུལ་དུ་ལོ་པཎ་རྣམས་ཀྱིས་བསྒྱུར་ནས་སོང་བ་


CMR041_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཛེ་ཏ་རི་པ་དགྲ་ལས་རྣམ་རྒྱལ་དེས། མུ་སྟེགས་པ་དང་འགྲན་བྱས་པའི་དུས། ཟློག་སྒྱུར་འདི་བྱས་པས། མུ་སྟེགས་པ་རྣམས་ཕམ་ཞིང་མཐུ་རྩལ་རྫུ་འཕྲུལ་རྣམས་ཟློག་ཐུབ་པ་དང་། དེ་ནས་བོད་དུ་བསམ་ཡས་བཞེངས་དུས། རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ནས་བསྒྱུར་བ་དང་། སྔ་སོར་བསྒྱུར་བ་རྣམས་བོད་དུ་མར་དར་བ་བསམ་ཡས་པའི་ལུགས་ཡིན། དེ་ནས་པཎྜི་ཏ་རྣམས་ཀྱིས་ཕར་རྒྱ་གར་དུ་ཁྱེར་ནས་བསྒྱུར་སོང་བ་ཡང་ཡོད་དོ། །དུས་ཕྱིས་ས་སྐྱའི་མཐིལ་དུ་བསྟན་སྲུང་འཐིས་པོ་འདིས་བྱས་ནས། ཟླ་བ་རེ་ལ་ལན་རེ་བཅས་ནས་སྟོད་ཧོར་གྱི་དམག་སྣ་ཟློག་པ་ཡང་ཡོད། གཞན་ཡང་ཡོན་ཏན་མང་པོ་ཡོད་པ་འདིར་མ་བྲིས་སོ། །དེ་ནི་འགྱུར་ཆད་དང་ལོ་རྒྱུས་ཟུར་ཙམ་ཞིག་བརྗོད་པའོ།། ༈ འདིའི་མདོས་ཟློག་བཅའ་ཐབས་ནི། ས་སྤྱིན་བླང་ལ་འདེར་སོ་བཟང་པོ་གཙང་མ་བྱས་ལ། མདོས་གཞི་རབ་ས་སྟེགས་དེ་ལ་བྱས། འབྲིང་སྒོ་ཁྲི་སོགས་ཆེ་བར་བྱས། ཐ་མ་ཡང་སླ་ངའི་ལྕགས་སྣོད་དུ་རི་རབ་བང་རིམ་བྲིས་པའི་སྟེང་དུ་དགྲ་འདྲེའི་ལིངྒ་བྲིས་པའི་གདན་ལ། ནག་པོ་མགོ་གསུམ་ནི། གཡས་སྟག་མགོ་དམར་བཀྲ། གཡོན་ཕག་མགོ་མཐིང་ནག །དབུས་གླང་མགོ་སེར་པོ། སྣ་ལྗགས་ཅན་རྭ་བར་ཐོད་སྐམ་ནོར་བུས་མཚན་པ། གསུམ་ཀའང་ཁ་གདངས་བ། མཆེ་བ་གཙིགས་པ། ལྗགས་བརྐྱངས་བ། སྤྱན་བསྒྲད་པ། ལུས་པོ་མི་ནག་བྱ་གཤོག་ཅན། ཕྱག་དྲུག་དང་པོ་གཉིས་ན་གྲི་ཁུག་ཐོད་ཁྲག །བར་པ་གཉིས་ན་རལ་གྲི་ལྕགས་ཀྱུ། ཐ་མ་གཉིས་ན་མདའ་གཞུ་


CMR041_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྲུལ་ཞགས་འཛིན་པ། སྟག་གི་ཤམ་ཐབས་དང་སྦྲུལ་གྱི་དོ་ཤལ་བྱས་པ། ཞབས་གཉིས་འདོར་ཐབས་སུ་བརྒྱད་པ། སྦྲུལ་གྱི་མཇུག་མ་འཁྱིལ་བ། ཤིན་ཏུ་འཇིགས་པ་གཅིག་བྱའོ། ༈ མདུན་དུ་མི་དམར་མགོ་གསུམ་ནི། །གཡས་གླང་མགོ། དབུས་ཕག་མགོ། གཡོན་སྤྲུལ་མགོ། ཕྱག་གཉིས་ཀྱིས་སྐྱེར་པའི་མདའ་གཞུ་བཀང་བ་བྱ། དེའི་མདུན་དུ་ཤང་ཤང་སེར་པོ་མི་ལུས་བྱ་མགོ་ཕག་ཟེ་ཡོད་པ། བྱ་གཤོག་ལྡིང་བ། གཡས་ཟངས་དུང་གཡོན་མདའ་གཞུ་བསྣམས་པ་བྱ། གཡས་སུ་བདུད་པོ་ནག་པོ་བཀྲག་མེད་མི་ནག་རྟ་ནག་ཞོན་པ། གཡས་ཁྲམ་ཤིང་། གཡོན་རུ་མཚོན་བྱ། གཡོན་དུ་བཙན་རྗེ་ཡམ་ཤུད་དམར་པོ་མི་དམར་རྟ་དམར་ཞོན་པ་གཡས་རིན་པོ་ཆེའི་རྒྱལ་མཚན། གཡོན་ཞགས་པ་ཐོགས་པ་བྱའོ། །རྒྱབ་ཏུ་མ་མོ་སྐུ་མདོག་དམར་ནག །རྔ་མོང་དཔུང་དཀར་ལ་ཞོན་པ། བུད་མེད་ཆུ་སྲིན་མགོ་ཅན་གྱིས་སྣ་ཁྲིད་བྱས་པ། ཕྱག་གཡས་ན་ཤཱ་རྡེལ་དང་གཡོན་ནད་རྐྱལ་ཐོགས་པ་བྱའོ། །ལུས་ལ་དར་ནག་གྱོན་པ། བམ་རོ་ཁུར་བ་བྱའོ། །དེ་རྒྱབ་ཏུ་མི་ཁ་བ་རུ་བྱ་བ། མིའི་ལུས་ལ་གླང་གི་མགོ། བྲ་བའི་མཆུ་ལ་བྱ་གཤོག་ཅན། ལུས་ནག་ལ་སྤྲུལ་རིས་ཡོད་པ། ལག་ན་ཚེར་ལྕགས་སྡུད་མོ་དང་། ཟངས་ཀྱི་གོད་རྒྱལ་ཐོགས་པ་བྱའོ། །དེ་རྣམས་ཀྱི་རྩེ་ལ་སོ་སོའི་ཙཀ་ལི་བཙུགས། དེ་རྒྱབ་ཁྲོ་བོ་བཅུ་དྲུག་གི་ཙཀ་ལི་བཙུགས། དེ་རྒྱབ་སྤར་སྨེ་ལོ་སྐོར་རྣམས་པར་བཏབ་བམ་གཟུགས་བཅས་ལ་བཞག །དེ་རྒྱབ་ཏུ་མངོན་རྟོགས་མདོས་བཞི་ཡང་ན་ཙཀ་ལི་བཀྲམ་མེད་ཀྱང་


CMR041_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

རུང་། སྒོ་བཞི་གཏོ་མཁན་བཞི་དང་སྒོ་སྲུང་བཞི་རྣམས་བཀོད།། ༈ དེ་རྣམས་བསྡུས་པ་ལ། མགོ་གསུམ་གཙོ་འཁོར་བདུན་བཅས་ལ། གཙོ་བོ་དང་ཁྲོ་བོ་བཅུ་དྲུག་གི་ཙཀ་ལི་བཙུགས། ལོ་སྐོར་བཅུ་གཉིས་གཟུགས་བཅས་ལ་བཀོད། སྤར་སྨེ་གཉི་ས་པར་བཏབ་ལ་བཞག །མཐར་སྒོ་སྲུང་བཞག་པ་ལ། འཁོར་མང་མངོན་རྟོགས་ལྟར་ཡིད་ཀྱིས་བསྒོམས། ༈ དེ་ནས་གཙོ་བོ་གཅིག་དེ་ལ་ལས་སྣ་ཚོགས་ཁ་བསྒྱུར་བར་བཤད་པ་ནི། སྐག་པོ་ཆེ་ཟློག་པ་ན། ཕྱག་དྲུག་ན་སྤར་ཁའི་ཕྱག་རྒྱ་བསྣམས་པར་བྱ། ཡམས་ནད་བཟློག་ན་བུད་མེད་ནད་རྐྱལ་ཐོགས་པ་བརྒྱས་བསྐོར། ཕྱག་ན་ཉི་ཟླ་ཐོགས་པ་ལུས་ཁ་ཁྲམ་ཤིང་དཀར་ནག་གིས་བརྒྱན་པའོ།། ༈ བྱད་བཟློག་ན་ཕྱག་ན་གྲི་གུག་ཐོད་ཁྲག་བར་མ་ན་ཕུར་པ་འདྲིལ་བ། ལུས་ཕུར་པས་བརྒྱན་པའོ།། ༈ དམག་སྣ་བསྒྱུར་ན། ཕྱག་མཚན་མདུང་དར་རྒྱལ་མཚན་མཚོན་བཟུང་བ། འཁོར་ཁྲབ་ཆེན་བརྒྱས་བསྐོར་བའོ།། ༈ ཐན་བསྒྱུར་ན། །ཕྱག་ན་ཐན་གཟུགས་དང་སྦྲུལ་ནག་མགོ་དགུ་དང་རྔ་མོང་བཟུང་བ། འཁོར་ཐན་རིགས་བརྒྱས་བསྐོར་བའོ། ༈ ཁ་མཆུ་སྨྲ་གླེང་བསྒྱུར་ན། ཕྱག་དང་པོ་གཉིས་ན་མི་ཁ་ཟས་སུ་ཟ་བ། འཁོར་དུ་མི་ཁའི་བདག་མོ་མགོ་བརྙན་ཅན་བཅུ་གསུམ་གྱིས་བསྐོར་བ་དང་། ཤང་ཤང་སེར་པོ་ལ་ཤང་ཤང་བརྒྱས་བསྐོར་བའོ།། ༈ དགྲ་སྣ་བསྒྱུར་ན། ཕྱག་ན་རལ་གྲི་དང་མདུང་བཟུང་བ། འཁོར་མི་ནག་རལ་གྲི་དང་མདུང་བཟུང་བརྒྱས་བསྐོར་བའོ།། ༈ གོད་ཁ་དང་


CMR041_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་སྟོང་བསྒྱུར་ན། ཕྱག་ན་བ་དན་བསྣམས་པ། འཁོར་དུ་མི་ནག་སྟོང་ཡས་ཁུར་བ་བརྒྱས་བསྐོར་བའོ།། ༈ མོ་ངན་དང་རྨི་ལམ་ངན་པ་བསྒྱུར་ན། ཕྱག་ན་མདའ་གཞུ་བཟུང་བ། རྨི་ལམ་གང་བྱུང་དེ་འདྲ་བརྒྱས་བསྐོར་བའོ། ༈ གཞན་ཡང་རྒྱལ་འགོང་ལ་བྱེད་ན། བན་གཟུགས་སོགས་རྒྱལ་འགོང་བརྒྱས་བསྐོར་བའོ།། ༈ འདྲེ་མོ་ལ་བྱེད་ནི། འདྲེ་མོ་གཟུགས་བུད་མེད་བརྒྱས་བསྐོར་བའོ།། ༈ གཞན་ཡང་བྱུར་ཡས་སྣ་ཚོགས་དང་། །མི་ཁ་བཟློག་ན་མི་ཁའི་ཡས་སྣ་ཚོགས་བཞག་པར་བྱའོ། །ཞིང་ནང་ཟབ་བྱུང་ན་རྦབ་རྡོ་ཕྱག་གཡས་སུ་བཞག་པར་བྱའོ། །མདོར་ན་གང་བྱེད་ལ་ཕྱག་ཏུ་བཞག་ལ་འཁོར་དུ་བསྐོར་ལ་ཡས་སྣ་ཚོགས་སྒྱུར་ཤེས་པར་བྱེད།། ༈ དེ་ནས་མཆོད་གཏོར་སྣ་ཚོགས་བཤམས་པ་ནི། མི་ནག་མགོ་གསུམ་གྱི་མདུན་དུ། དམར་གཏོར། མཐེབ་སྐྱུ། ཤ་དུམ། ཁྲག་ཐིགས། བཅུ་གསུམ་རེས་བསྐོར་བའོ། །མི་དམར་གྱི་མདུན་དུ་དམར་གཏོར། ཤང་ཤང་ལ་རྩེ་གསུམ། བདུད་བཙན་གཉིས་ལ་ཟུར་གསུམ་རེ། མ་མོ་ལ་བཤོས་ཟླུམ་བྱ་ནག་གིས་མཚན་པ། མི་ཁ་ལ་ཏིང་ལོ་ཆངས་བུ། མཐེབ་སྐྱུ་དང་ཤ་ཁྲག་མི་ཁའི་རྫས་རྣམས་ཀུན་ལ་མཐུན། ཁྲོ་བོ་རྣམས་ལ་ཟུར་གསུམ་བཅུ་དྲུག །སྤར་ཁ་ལ་པད་ཕོར་མགོ་ཅན་བརྒྱད། སྨེ་བ་ལ་དགུ་ལིང་དགུ། ལོ་སྐོར་ལ་འབྲང་རྒྱས་བཅུ་གཉིས། ལོ་རྒན་ལ་བཤོས་ཟླུམ་བཅུ་གཉིས། དཔལ་མགོན་ལ་དཀར་གཏོར་བཅུ། ལོ་ཟླ་ཞག་དུས་ས་བདག་ལ་བཤོས་བུ་རྒྱབ་ཡོལ་ཅན་བརྒྱད། རུ་འདྲེན་ལ་ཟུར་


CMR041_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཞི། གཏོ་མཁན་ལ་ལྷ་བཤོས་བཞི། སྒོ་བསྲུངས་ལ་མཁར་ཐབ་བཞི། དེ་རྣམས་སྤར་བཏབ་ལ་སོ་སོར་བཀོད། གཏོར་ཆུང་། ཤ་དུམ། མཐེབ་སྐྱུ། ཡོས་བཀྲ། འབྲུ་སྣ་ཀུན་ལ་བཏབ། གཟུགས་འགྲོས་སྣ་ཚོགས་གསུངས་པ་ནི་བསྐང་སྤར་བཏབ་ལ་འཕང་། བགེགས་རིགས་ལན་ཆགས་ལ་ཆངས་བུ། ཏིང་ལོ། ཤ་དུམ་རྣམས་བཞག །མདོས་ནང་དུ་བཙོག་ཡས་རྣམས་འདེབས་མི་རུང་ཤིན་ཏུ་གཙང་བ་གལ་ཆེ་དགོས། ༈ ལོགས་སུ་ངར་མི་ལ་བཙོག་ཡས་བླུག་པ་བཤམས་ཏེ། ཡོན་བདག་གི་ཚངས་བུ་ཚྭ་སྤྲུག་རམ་རུག །ཤ་ཤུན་གོད་རུས། རྫ་དྲེག་སྟོང་དྲེག་སོགས་མི་ཁའི་ཡས་རྣམས་ཚང་བར་བླུགས་ལ། ལན་ཆགས་བགེགས་རིགས་གོད་འདྲེ་བསེ་རག་རྣམས་ལ་བསྔོའོ། །དེ་དང་མཉམ་དུའམ་རྒྱབ་ཏུ་གླང་ཆེན་ཁལ་འགེལ་བཞག ༈ །དེ་ནས་མདོས་ཆེས་ཤིང་རིས་སྣ་ཚོགས་གསུངས་པ་ནི། དགོན་སྡེ་སོགས་ཁམས་ཆེན་གྱི་བྱ་བ་ལ། འོག་ཏུ་ས་སྟེགས་དང་ཙཀ་ལི་སོགས་གཞུང་ནས་བཤད་པ་ལྟར་ཚང་བར་བྱ་དགོས་ཏེ། ནམ་མཁའ་རལ་གྲི་ཐོ་བ་ཤིང་རིས་སོགས་བརྒྱ་དང་བརྒྱད་བཙུགས། སྔགས་པ་སོགས་ཀྱིས་རྐྱེན་བཟློག་ལ་རྒྱུན་དུ་ཡང་ཤིང་རིས་ཕོ་ཏང་མོ་ཏང་སོགས་མདོས་ཆས་བྲིས་ལ་རྒྱུན་དུ་བཟུང་རུང་། མ་འབྱོར་ན། དར་གདུགས། མདའ་དར། ཞལ་སྣམ། རྒྱང་བུ། མདའ་བཀྲ། འཕང་བཀྲ། ཁྲམ་ཤིང་། ཕོ་ཐོང་མོ་ཐོང་། བུ་ཐོང་། རལ་གྲི་ཐོ་བ་སོགས་བཅུ་གསུམ་མམ་བརྒྱད་རེ་གང་འགྲུབ་བཅུག། ༈ དེ་


CMR041_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྡུས་པ་ན། དབུས་སུ་ནམ་མཁའ་དང་མདའ་དར་གཅིག་ལོ་སྐོར་བཅུ་གཉིས་ལ་ཤིང་རིས་དཔེ་རིས་ལྟར་བཅུ་གཉིས། ཕྱོགས་བཞིར་ཁྲམ་ཤིང་དཀར་སེར་དམར་སྔོན་བཞི། གཡས་སུ་སྟག་པའི་ཕོ་ཐོང་གཅིག །གཡོན་དུ་གླང་མའི་མོ་ཐོང་གཅིག །མདུན་དུ་ཚར་བུའི་བུ་ཐོང་གཅིག །མདའ་བཀྲ་འཕང་བཀྲ་རལ་གྲི་ཐོ་བ་རྣམས་བཞི་རེ་བཙུགས། དེ་རྣམས་ཤིང་ལེབ་སྲབ་མོ་ལ་བྲི་རུང་ངོ། །སོ་སོའི་མཐུན་རྫས་སྣ་ཚོགས་ནི་གཞུང་ལྟར་གང་འགྲུབ་རྣམས་བཀྲམ། མཐའ་ལ་རྩང་རྣམས་བཙུགས་ལ་སྔོ་དམར་ཐག་པས་དཀྲི་བར་བྱ། དེ་རྣམས་ཀྱི་ཞིབ་ཆ་ནི་འདོན་ཆོག་ལ་བལྟས་ལ་ལག་ཏུ་བླང་བར་བྱ་དགོས་སོ། །དེ་ལྟར་བཅའ་ཚོགས་ཀྱི་ལག་ལེན་ཅུང་ཙམ་བཤད་པའོ།། ༈ ད་ནི་དངོས་གཞིའི་འདོན་འགྲིགས་ནི། དེ་ཡང་ཕུགས་གཏོར་དང་བསྐང་བ་སོགས་བཤམས་ལ། རང་ཉིད་ཀྱི་ཡི་དམ་གང་ཡིན་གཞུང་བསྲང་། ནུབ་མོ་ཡང་ཚོགས་དང་གཏོར་འབུལ་རྒྱས་པར་བྱའོ། །དེའང་དཀར་པོ་མགོ་གསུམ་གྱི་བཅའ་གཞི་ལོགས་སུ་བཅས་པ་ལ། མཆོད་པ་ཁ་གསོ་ལ། རིགས་གསུམ་མགོན་པོའི་བདག་མདུན་བསྙེན་པ་སྲུང་འཁོར་དཀར་པོ་མགོ་གསུམ་གྱི་གོང་གནོན་རྣམས་འདོན་ཚར་ནས། སླར་གཏོ་མདོས་གསོ་བྲན་བྱས་ལ་འདི་སྐད་དོ།། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ༔ སྟོང་པའི་ངང་ལས། བདག་གི་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར། བཾ་ལས་ཆུའི་དཀྱིལ་འཁོར། སཾ་


CMR041_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རི་རབ་གྲུ་བཞི་པ། དེའི་སྟེང་དུ་མི་ཁ་བྲ་མཆུའི་ཁྲི་ལ། ཡི་གེ་ཁཾ་ནག་པོ་ཡོངས་སུ་གྱུར་པ་ལས། མི་ནག་མགོ་བོ་གསུམ་པ། དབུས་གླང་མགོ་སེར་པོ། སྤྱན་གསུམ་གྱེན་ལ་གཟིགས་པ། སྣ་ལྗགས་ནམ་མཁར་གཡུག་པ། མཆེ་བ་ཐུར་དུ་གཙིགས་པ། འཇམ་དཔལ་གྱི་བཀའ་ཉན་ཕྱིར་སྐུ་མདོག་སེར་པོ། གཡས་སྟག་མགོ་དམར་བཀྲ། ཞལ་གདངས། མཆེ་བ་གཙིགས་པ། གཡོན་ཕག་མགོ་མཐིང་ནག །མིག་སྐར་ཆེན་ལས་གྲུབ་པ། མཆེ་བ་ཉི་ཟླ་ལས་གྲུབ་པ། ངར་སྒྲ་སྒྲོག་པ་གསུམ་གྱི་རྩེར་རིགས་གསུམ་གྱི་མགོན་པོ་དབུ་རྒྱན་གོང་གནོན་ཚུལ་དུ་བཞུགས་པ། ཐོད་སྐམ་གྱི་དབུ་བརྒྱན། ཐོད་རློན་གྱི་དོ་ཤལ། གླང་ཆེན་གྱི་སྟོད་གཡོགས། སྦྲུལ་གྱི་མགུལ་སྟག་གི་ཤམ་ཐབས་བྱས་པ། རེ་འབྱམས་ནག་པོའི་རྔ་མ་གཡུག་པ་ཞབས་གཉིས་འདོར་ཐབས་སུ་འདུག་པ། ཕྱག་དྲུག་གཡས་དང་པོ་ན་རྡོ་རྗེ་དང་གྲི་གུག །བར་མ་ན་རལ་གྲི། འོག་མ་ན་ཞགས་པ་བསྣམས་པ། གཡོན་གྱི་དང་པོ་ན་ཐོད་ཁྲག །བོར་མ་ན་ལྕགས་ཀྱུ། ཐ་མ་ན་མདའ་གཞུ་འཛིན་པ། ལུས་ལ་མཚོན་ཆ་སྣ་ཚོགས་ཀྱིས་བརྒྱན་


CMR041_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྷེ། ཁོའི་སྙིང་གར་ཡི་གེ་ཁོ་ནག་པོ་ལ། ཨོཾ་ཡེ་ཤ་ཀེ་རུ་ཧཱུཾ། ཞེས་པ་རྩ་བའི་སྔགས་ཀྱིས་གཡས་སུ་བསྐོར་བར་བསྒོམ། དེའི་མདུན་དུ་མི་དམར་མགོ་བོ་གསུམ་པ་ནི། །ཕག་དང་སྦྲུལ་དང་གླང་གི་མགོ། ལུས་དམར་བ་དར་ནག་གི་བེར་གསོལ་བ། སྟག་གི་ཤམ་ཐབས་བྱས་པ། ལག་ན་སྐྱེར་པའི་མདའ་གཞུ་བསྣམས་པ། ཕྲག་པ་གཉིས་ལ་མར་མེ་རེས་མཚན་པ། ལྟོ་བ་ན་ཁྲག་གི་ཐིགས་པ་རེ་བླུགས་པའོ། །དེའི་མདུན་དུ་ཤང་ཤང་སེར་པོ། མི་ལུས་བྱ་མཆུ་ཅན་བྱ་ཡི་གཤོག་པ་དང་ཕག་གི་ཟེ་བ་ཡོད་པ། ཕྱག་གཡས་ཟངས་དུང་གཡོན་པས་མདའ་གཞུ་བསྣམས་པར་བསྐྱེད། གཡས་སུ་བདུད་རྗེ་བཀྲག་མེད་མི་ནག་རྟ་ནག་ཅན། སྐུ་ལ་ཟ་འོག་གི་བེར་ནག་གསོལ་བ། ཕྱག་གཡས་རལ་གྲི་དང་གཡོན་བདུད་ཀྱི་ཁྲམ་ཤིང་བསྣམས་པའོ། །གཡོན་དུ་བཙན་རྗེ་ཡམ་ཤུད་མི་དམར་རྟ་དམར་ཅན། སྟག་རལ་དང་གཟིག་ཤུབས་ཐོགས་པ། ཕྱག་གཡས་ན་བཙན་མདུང་དང་གཡོན་བཙན་ཞགས་བསྣམས་པ། སྐུ་ལ་དར་དམར་པོ་གསོལ་བ། དེའི་རྒྱབ་ཏུ་མ་མོ་ནག་མོ་རྔ་མོང་དཔུང་དཀར་ལ་ཆིབས་པ། བལ་མོ་ཆུ་སྲིན་གདོང་ཅན་གྱིས་སྣ་ཁྲིད་བྱས་


CMR041_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པ། བུད་མེད་ནད་ཀྱི་རྐྱལ་པ་དང་བམ་རྐྱལ་ཁུར་བ་གྲངས་མེད་པས་བསྐོར་བའོ། །དེའི་རྒྱབ་ཏུ་མི་ཁ་བ་རུ་བྱ་བ་དེ། མི་ཡི་ལུས་ལ་གླང་གི་མགོ། བྲ་བའི་མཆུ་ལ་བྱ་གཤོག་ཅན། ལུས་ནི་ནག་ལ་སྤྲུལ་རིས་ཡོད་པ། མགོ་ལུས་མེད་པ་མིག་གིས་གང་བ་མི་ཁ་ལྕགས་ཀྱི་སྤང་མོ། ཟངས་ཀྱི་འཕར་བ། ནེ་ཙོ་སྨྲ་མཁན། བྱ་རོག་འུག་པ་མིག་སེར་ལ་སོགས་པ། མི་ཁའི་བུ་མོ་སྤུན་དགུས་བསྐོར་བ། དེའི་ཕྱི་རོལ་དུ་ཁྲོ་བོ་ཕ་བརྒྱད་ནི། ཤར་དུ་སེང་གེ་གླང་ཆེན་རྟ་མཆོག་གི་མགོ་ཅན་སྐུ་མདོག་དཀར་པོ། ལྷོར་ཁྱུང་དང་སྡིག་པ་རུས་སྦལ་གྱི་མགོ་ཅན་སྐུ་མདོག་སེར་པོ། ནུབ་ཏུ་སྟག་དང་རྔ་མོང་འབྲུག་གི་མགོ་ཅན་སྐུ་མདོག་དམར་པོ། བྱང་དུ་ཆུ་སྲིན་དོམ་དང་དྲེད་ཀྱི་མགོ་ཅན་སྐུ་མདོག་ལྗང་གུ། ཤར་ལྷོར་ཀཾ་ཀ་རྨ་བྱ་འུག་པའི་མགོ་ཅན་སྐུ་མདོག་སྨུག་པོ། ལྷོ་ནུབ་ཏུ་པར་དང་དུག་སྦྲུལ་ཉ་ཡི་མགོ་ཅན་སྐུ་མདོག་སེར་པོ། ནུབ་བྱང་དུ་ཤ་བ་གཡག་དང་རྟོལ་པོའི་མགོ་ཅན་སྐུ་མདོག་དམར་ནག །བྱང་ཤར་དུ་གཟིག་དང་སྤྱང་ཀི་བྱི་ལའི་མགོ་ཅན་སྐུ་མདོག་ལྗང་ནག །དེ་དག་ཐམས་ཅད་གར་དགུའི་ཉམས་དང་ལྡན་པ། ཞལ་ནས་


CMR041_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོ་ཟློག་གི་སྒྲ་སྒྲོག་པ། ས་བདག་བུ་བརྒྱད་ནི། ཤར་དུ་ཕག་དང་སེང་གེ་གླང་ཆེན་གྱི་མགོ་ཅན་སྐུ་མདོག་དཀར་པོ། ལྷོར་ཕག་དང་བྱ་རྒོད་སྤྲེལ་གྱི་མགོ་ཅན་སྐུ་མདོག་སེར་པོ། །ནུབ་ཏུ་རྟ་སྦྲུལ་སྟག་གི་མགོ་ཅན་སྐུ་མདོག་དམར་པོ། བྱང་དུ་དོམ་དང་ཆུ་སྲིན་དྲེད་ཀྱི་མགོ་ཅན་སྐུ་མདོག་ནག་པོ། ཤར་ལྷོར་དུར་བྱ་འུག་པ་ཆུ་བྱའི་མགོ་ཅན་སྐུ་མདོག་སེར་པོ། ལྷོ་ནུབ་ཏུ་ཉ་དང་དུག་སྦྲུལ་པིར་གྱི་མགོ་ཅན་སྐུ་མདོག་ལྗང་གུ། ནུབ་བྱང་དུ་གཡག་དང་ཤ་བ་རྟོག་པོའི་མགོ་ཅན་སྐུ་མདོག་དུད་ཁ། བྱང་ཤར་དུ་བྱི་ལ་གཟིག་དང་སྤྱང་ཀིའི་མགོ་ཅན་སྐུ་མདོག་ནག་པོ། དེ་དག་ཐམས་ཅད་དབུ་གསུམ་ཕྱག་དྲུག་པ། མི་ལུས་སྦྲུལ་གྱི་མཇུག་མ་ཅན། སྟག་གི་ཤམ་ཐབས་དང་བྱ་ཁྱུང་གི་གཤོག་པ་ལྡིང་བའོ། །དེའི་ཕྱི་རོལ་དུ་རི་འི་རབ་དེའི་ཕྱོགས་མཚམས་སུ་སྤར་ཁ་ཆེན་པོ་བརྒྱད་ནི། ཤར་དུ་ཟིན་ཤིང་ལྗང་གུ་རྟ་ལ་ཆིབས་པ། ལྷོར་ལི་མེ་དམར་མོ་རྒོད་མ་ལ་ཆིབས་པ། ནུབ་ཏུ་དྭ་ལྕགས་དཀར་པོ་དྲེའུ་ལ་ཆིབས་པ། བྱང་དུ་ཁཾ་ཆུ་ནག་པོ་ཕག་ལ་ཆིབས་པ། ཤར་ལྷོར་ཟོན་རླུང་སེར་མོ་རྔ་མོང་ལ་ཆིབས་པ། ལྷོ་ནུབ་ཏུ་ཁོན་མ་སེར་མོ་ལུག་ལ་ཆིབས་པ། ནུབ་བྱང་དུ་ཁེན་གནམ་


CMR041_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྔོན་པོ་ཁྱི་ལ་ཆིབས་པ། བྱང་ཤར་དུ་གིན་རི་སེར་པོ་གླང་ཆེན་ལ་ཆིབས་པའོ། །དེའི་ཕྱི་རོལ་སྨེ་བ་ཆེན་པོ་དགུ་ནི། ཤར་དུ་གསུམ་མཐིང་ས་བསེན་གསུམ་བོང་བུ་ལ་ཆིབས་པ། ལྷོ་རུ་དགུ་དམར་མ་མོ་དགུ་དྲེའུ་ལ་ཆིབས་པ། ནུབ་ཏུ་བདུན་དམར་བྲག་བཙན་བདུན་རྟ་ལ་ཆིབས་པ། བྱང་དུ་གཅིག་དཀར་ལྷ་མོ་བརྟན་མ་གཅིག་ཕག་ལ་ཆིབས་པ། ཤར་ལྷོར་བཞི་ལྗང་ཀླུ་སྔོན་བཞི་ཆུ་སྲིན་ལ་ཆིབས་པ། ལྷོ་ནུབ་ཏུ་གཉིས་ནག་བདུད་པོ་གཉིས་རྟ་ནག་ལ་ཆིབས་པ། ནུབ་བྱང་དུ་དྲུག་དཀར་རྒྱལ་པོ་དྲུག་སེང་གེ་ལ་ཆིབས་པ། བྱང་ཤར་དུ་བརྒྱད་དཀར་དགྲ་བླ་བརྒྱད་གླང་ཆེན་ལ་ཆིབས་པ། དབུས་སུ་ལྔ་སེར་ས་བདག་ལྔ་ཤ་བ་ལ་ཆིབས་པའོ། །དེའི་ཕྱི་རོལ་དུ་ལོ་སྐོར་ཆེན་པོ་བཅུ་གཉིས་ནི། ཤར་དུ་སྟག་ཡོས་གཉིས་སྐུ་མདོག་ལྗང་ཁུ། ཤར་ལྷོར་རླུང་འབྲུག་སེར་པོ། ལྷོ་རུ་རྟ་སྦྲུལ་གཉིས་སྐུ་མདོག་དམར་པོ། ལྷོ་ནུབ་ཏུ་ས་ལུག་སེར་པོ། ནུབ་ཏུ་བྱ་སྤྲེལ་གཉིས་སྐུ་མདོག་དཀར་པོ། ནུབ་བྱང་དུ་ས་ཁྱི་སེར་པོ། བྱང་དུ་བྱི་ཕག་གཉིས་སྐུ་མདོག་ནག་པོ། བྱང་ཤར་དུ་ས་གླང་སེར་པོ།། དེ་དག་ཐམས་ཅད་མི་ལུས་བྱ་གཤོག་ལ་


CMR041_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་མཇུག་བྱ་ཁྱུང་སྡེར་མོ་ཅན་ནོ། །དེའི་ཕྱི་རོལ་དུ་ལོ་རྒན་དྲུག་ཅུ་སྲུང་རྟ་ལ་ཆིབས་པ་ནི། ཤར་དུ་ཤིང་ལོ་བཅུ་གཉིས་ལྗང་གུ། ལྷོར་མེ་ལོ་བཅུ་གཉིས་དམར་པོ། ནུབ་ཏུ་ལྕགས་ལོ་བཅུ་གཉིས་དཀར་པོ། བྱང་དུ་ཆུ་ལོ་བཅུ་གཉིས་ནག་པོ། མཚམས་བཞིར་ས་ལོ་བཅུ་གཉིས་སེར་པོ། དེའི་ཕྱི་རོལ་དུ་ཁོར་ཡུག་དཀར་པོ་ལ། །གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་བརྒྱད་ནི། ཤར་དུ་དྲི་ཟ། ཤར་ལྷོར་མེ་ལྷ། ལྷོར་གཤིན་རྗེ། ལྷོ་ནུབ་ཏུ་སྲིན་པོ། ནུབ་ཏུ་ཆུ་ལྷ། ནུབ་བྱང་དུ་རླུང་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་དབང་ལྡན། སྟེང་དུ་ཚངས་པ། འོག་ཏུ་ས་བདག་དང་། ལྷ་ཆེན་བརྒྱད་དང་། ཀླུ་ཆེན་བརྒྱད་དང་། གཟའ་ཆེན་བརྒྱད་དང་། གཉན་ཆེན་བརྒྱད་དང་། རྒྱུ་སྐར་གྱི་ལྷ་མོ་ཉི་ཤུ་རྩ་བརྒྱད་དང་། རྒྱལ་པོ་ཆེན་པོ་སྡེ་བཞི་རྣམས་གསལ་བའོ། །དེའི་ཕྱི་རོལ་དུ་ས་བདག་རྒྱལ་བློན་ནི། ཤར་ཕྱོགས་ས་བདག་ཙང་ཀུན་ནི། ཟ་འོག་སྔོ་བཀྲའི་རི་མོ་ཅན། ཕྱག་ན་རུ་མཚོན་སྔོན་པོ་སྦྱར་བ། ལྕགས་བྱི་སྔོན་པོ་ལ་ཆིབས་པ། ལྷོ་ཕྱོགས་ས་བདག་ཙང་ཀུན་ནི། ཆུ་དར་སྔོན་པོའི་ན་བཟའ་གསོལ་བ། ཆུ་སྲིན་


CMR041_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་ཕྱག་ན་བསྣམས་པ། གཡུ་འབྲུག་སྔོན་པོ་ཆིབས་པ། ནུབ་ཕྱོགས་ས་བདག་ཧལ་ཁྱི་ནི། འཇོལ་བེར་དཀར་པོ་སྐུ་ལ་གསོལ་བ། གསེར་གྱི་སྣ་རེ་ལག་ན་ཐོགས་པ། བྱ་ཁྱུང་རྒྱལ་པོའི་གདན་ལ་བཞུགས་པ། བྱང་ཕྱོགས་ས་བདག་བེལ་སྣ་ནི། ཆུ་དར་སྔོན་པོའི་ན་བཟའ་གསོལ་བ། ཕྱག་ན་གཟིག་གི་རྒྱལ་མཚན་ཕྱར་བ། གཟིག་ཆེན་ངར་མ་ལ་ཆིབས་པ། ཤར་ལྷོ་ས་བདག་འབྲུག་ལྷ་ག་པ། ལྷོ་ནུབ་ཏུ་ས་བདག་པི་ལིང་དཀར་པོ། ནུབ་བྱང་དུ་ས་བདག་གྲུབ་གཉེན་སྔོན་པོ། བྱང་དུ་ས་བདག་ཀི་ཀང་ནག་པོ། དབུས་སུ་ས་བདག་ཧོ་བན་ནི། སྤྲེའུ་ལུས་ལ་མི་ཡི་དབུ། ལག་ན་རླུང་གི་ཆ་ལང་བསྣམས་པ། གཡུ་འབྲུག་སྔོན་མོ་ལ་ཆིབས་པའོ། །དེ་རྣམས་ལ་ལོ་ཟླ་བ་ཞག་དུས་ཚོད་ལ་དབང་བའི་ས་བདག་རྣམས་ཀྱིས་བསྐོར་བའོ། །སྒྱུར་བྱེད་ཆེན་པོ་རུ་འདྲེན་སྡེ་བཞི་ནི། གཡས་ཀྱི་རུ་འདྲེན་དམ་ཅན་རྡོ་རྗེ་ལེགས་པ་སེང་གེ་ལ་ཞོན་པ། སྔགས་པ་ཕུར་ཐོགས་བརྒྱས་བསྐོར་བ། གཡོན་གྱི་རུ་འདྲེན་རྒྱལ་པོ་པེ་ཧར་གླང་ཆེན་ལ་ཞོན་པ། བཙུན་པ་ཉན་ཐོས་གཙང་མ་བརྒྱས་བསྐོར་བ། མདུན་གྱི་རུ་འདྲེན་དུད་སོལ་ལྷ་


CMR041_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དྲེའུ་ལ་ཞོན་པ། བུད་མེད་ནད་རྐྱལ་མཚོན་གྱི་གྲུ་གུ་ཐོགས་པ་བརྒྱས་བསྐོར་བའོ། །རྒྱབ་ཀྱི་རུ་འདྲེན་ཀླུ་བདུད་སྨྱོ་ཁ་ཀླུ་རྟ་སྔོན་པོ་ལ་ཆིབས་པ། སྐྱེས་བུ་དམག་དཔོན་ཕུབ་ཐོག་མདུང་དར་ཐོགས་པ་བརྒྱས་བསྐོར་བ། གཏོ་མཁན་ཆེན་པོ་རིགས་བཞི་ནི། ཤར་དུ་གཏོ་མཁན་སྟག་མགོ་ཅན། ཆར་སྤྲིན་ནག་པོ་གོས་སུ་གྱོན་པ། ལྷོ་ཕྱོགས་གཏོ་མཁན་འབྲུག་མགོ་ཅན། འཇོལ་བེར་སེར་པོ་གོས་སུ་གསོལ་བ། ནུབ་ཕྱོགས་གཏོ་མཁན་ཆུ་སྲིན་མགོ་ཅན། སྐུ་ལ་ཟ་འོག་སྟག་ལྤགས་གསོལ་བ། བྱང་ཕྱོགས་གཏོ་མཁན་རྟ་མགོ་ཅན། སྐུ་ལ་སྒྱུ་འཕྲུལ་སྟག་གི་ན་བཟའ་གསོལ་བ། སྒོ་སྲུང་ཆེན་པོ་བཞི་ནི། ཤར་གྱི་སྒོ་སྲུང་སྟག་སྐྱའོ། །ལྷོའི་སྒོ་སྲུང་གཡུ་འབྲུག་སྔོན་མོ། ནུབ་ཀྱི་སྒོ་སྲུང་བྱ་དམར་མོ༔ བྱང་གི་སྒོ་སྲུང་རུས་སྦལ་རྒྱ་བོ་རྣམས་གསལ་བའོ། །ཕྱི་རོལ་དུ་འཁྲུགས་འདྲེ་བཅོ་བརྒྱད་རང་རྟ་ལ་ཞོན་པ། དེ་ལ་ལན་ཆགས་ཀྱི་བདག་པོ་བདག་མོ་རྣམས་ཀྱིས་བསྐོར་བའོ། །དེ་རྣམས་ཀྱང་འཕགས་པ་རིགས་གསུམ་གྱི་མགོན་པོའི་བཀའ་ཉན་གསུང་སྡོད་པ། བདག་དང་ཡོན་བདག་གི་བར་ཆད་རྐྱེན་སེལ་ཞིང་ཡས་སློང་བའི་ཚུལ་དུ་འདུག་པའོ།


CMR041_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་མངོན་རྟོགས་བསྒོམ་པའི་རིམ་པའོ།། ༈ དེ་ནས་མཆོད་རྫས་དང་མདོས་ཆས་རྣམས་བྱིན་གྱིས་རླབས་པ་ནི། མདོས་དང་མཆོད་རྫས་ལ་འབྲུ་སྣ་ཡོས་བཀྲ་བཏབ་ལ་ཆུ་གཙང་གིས་བྲན་ནས། མདོས་དང་མཆོད་རྫས་མི་གཙང་དྲི་མ་དག་པར་ཤོག །ཨོཾ་ཤུདྡྷེ་ཤུ་དྷ་ན་ཡེ་སྭཱ་ཧཱ། ཤཱཀྱ་ཐུབ་པའི་བྱིན་རླབས་ཀྱིས། །ཐལ་མོ་ཁང་སྟོང་ཕྱག་རྒྱའི་ནང་། །ཨཱཡིག་དཀར་པོར་འོད་འཕྲོས་པས། །མདོས་དང་མཆོད་རྫས་དངོས་འཛིན་དང་། །མི་གཙང་དྲི་མ་ཐམས་ཅད་དག །དོན་དམ་སྟོང་ཉིད་ངོ་བོར་གྱུར། །ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷ་ཝ་ཤུདྡྷོཉཧཾ༔ སྟོང་པའི་ངང་ལས་ལྷ་ཚོགས་དེ་དག་གི་མདུན་དུ། སོ་སོ་རང་རང་གི་ཡིད་དང་མཐུན་པའི་ལོངས་སྤྱོད་ནི། རིན་པོ་ཆེའི་སྣོད་དུ་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། གསེར་སྐྱེམས། ཇ་ཕུད། དཀར་གསུམ། མངར་གསུམ། ཀླུ་སྨན་རྣམས་དང་། གཞན་ཡང་གཏོར་ཆུང་མཐེབ་སྐྱུ། ཤ་དུམ། ཁྲག་ཐིགས། འབྲུ་སྣ། ཡོས་བཀྲ་རྣམས་དང་། གཞན་ཡང་མར་མེ། གཏོར་མ། མདའི་བཀྲ། འཕང་བཀྲ། མདུང་དང་ནམ་མཁའ། །


CMR041_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་དང་དྲི་ཆབ། དེ་རྣམས་ལ་བདུན་རེ་ཡོད་པ། བཤོས་བུ་ཡུངས་ཀར་གྱིས་བརྒྱན་པ། དར་ཚོན་བལ་ཚོན་སྣ་ཚོགས། བདུད་རྩི་གསེར་སྐྱེམས་རྣམས་དང་། གཞན་ཡང་ཚེར་མང་གི་ངར་མི་བཅུ་གསུམ། ཟན་དུམ་ཆང་བཀྲད་བཅུ་གསུམ། མཐེབ་སྐྱུ་བཅུ་གསུམ། ནམ་མཁའ་ནག་པོ་བཅུ་གསུམ། གྲོད་པའི་སྒང་ཐག་གཅིག་ལ། ཁ་མིག་སྣ་གསུམ་བྲིས་པ་ལ་མི་ཁའི་ཡས་སྣ་ཚོགས་བླུག་ལ། གཞན་ཡང་མི་ཁའི་ཡས་སྣ་ཚོགས་ནི། མདའ་བཀྲ་འཕང་བཀྲ། ཕོ་ཐོང་མོ་ཐོང་། གཡག་གི་རྭ་ཅོ། རམ་རུག་བཙོད་མཚུར། རྫ་དྲེག །སྟོང་དྲེག །སྤུ་བའི་དྲེག་པ། རམ་པའི་སྤྱན་གཟིགས། ཕབས་དང་ཡུངས་མ་སྦྲང་ཟན་རྡོ་ནག །སྟག་མ། གླང་མ། དེ་རྣམས་དགུ་རེ་ཡོད་པ། །ཁམ་སའི་གླང་ཆེན་གཅིག་ལ། མི་ནག་གཅིག་གིས་ཆིབས་པ། ས་ཐེལ་ནག་པོས་སྣ་ཁྲིད་བྱས་པ། ས་མི་ནག་པོའི་རྒྱབ་ནས་དེད་པ། རེ་བ་ནག་པོ་བཞི་དེའི་ནང་དུ་མི་ཁའི་ཡས་རྣམས་བཀལ་བའོ། །གཞན་ཡང་མདའ་བཀྲ་ནམ་མཁའ་བཅུ་གསུམ་རེ་བཙུགས་པ། མི་ནག་ཁྲམ་ཐོགས་བཅུ་གསུམ། བུད་མེད་ནད་རྐྱལ་ཐོགས་པ་བཅུ་གསུམ། གཏོར་


CMR041_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤ་དང་མཐེབ་སྐྱུ། ཡོན་བདག་གི་ངར་གླུད་ཀྱིས་བརྒྱན་པའོ། །གཞན་ཡང་གནམ་ལ་འཕུར་དགུ། ས་ལ་འཛུལ་བཅུ། དཀོར་ནོར་སྣ་ཚོགས། ཟས་སྣ་ཚོགས། གཏོར་མ་སྣ་ཚོགས། ཤིང་རྩི་སྣ་ཚོགས། ཤ་དུམ་སྣ་ཚོགས། འབྲུ་སྣ་ཚོགས། སྨན་སྣ་ཚོགས། དར་སྣ་ཚོགས། བྱ་རིགས་སྣ་ཚོགས། རི་དྭགས་སྣ་ཚོགས། གཅན་གཟན་སྣ་ཚོགས། གཡུང་དྭགས་སྣ་ཚོགས། ཆུ་གནས་སྣ་ཚོགས། ཕོ་ཐོང་མོ་ཐོང་བུ་ཐོང་། མདའ་བཀྲ་འཕང་བཀྲ། འཇའ་བཀྲ་སྔོ་དམར། དར་ཚོན་སྣ་ལྔ། བལ་ཚོན་དཀར་དམར། རྒྱ་ལོང་དང་མེ་ལོང་མདའ་མདུང་དང་རལ་གྲི། དར་གདུགས་དང་མདའ་དར། རྒྱལ་མཚན་དང་འཕན། དཔག་བསམ་གྱི་ལྗོན་ཁྲམ་ཤིང་དཀར་ནག་བཅུ་གསུམ། ལོ་སྐོར་གྱི་ཤིང་རིས་བཅུ་གཉིས། གཞན་ཡང་ཤིང་རིས་སྣ་ཚོགས་སུམ་བརྒྱ་དྲུག་ཅུའི་དཔེའུ་རིས་དང་མཐུན་པ། ཕྱི་རོལ་ལྕགས་རི་ལ་རྩང་དམར་ནག་བརྒྱ་དང་རྩ་བརྒྱད་སྲིན་མོ་འགྲོས་སུ་བཙུགས་པ། དེ་ལ་ཉ་བོ་ཤ་དུམ་ཟློག་བྱང་གིས་བརྒྱན་པ། དེ་རྣམས་ཀྱང་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་གང་ལ་


CMR041_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གང་དགོས་པའི་ལོངས་སྤྱོད་ཆར་བཞིན་དུ་འབེབས་པར་གྱུར་ཅིག ༈ མདོས་དང་གཏོར་མ་མཆོད་རྫས་ཡས་གླུད་ཐམས་ཅད་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་མང་ཞིང་རྒྱ་ཆེ་བ་སོ་སོའི་ཅི་འདོད་པའི་ལོངས་སྤྱོད་ཟད་པ་མེད་པ་ཆར་བཞིན་དུ་འབབ་པོར་གྱུར། ཨོཾ་ན་མཐསརྦ་ཏ་ཐཱ་ག་གྷོ་བི་ཤྭ་མུ་ཁེ་བྷུ༔ སརྦ་ཐ་ཁཾ་ཨུཏྟ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། །མདོས་དང་མཆོད་རྫས་ཡས་གླུད་རྣམས་ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་ཅིག །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ མི་ནག་མགོ་གསུམ་འཁོར་དང་བཅས་པ་རྣམས་ཀྱང་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣ་ཡི་ཡུལ་དུ་དྲི་ཞིམ་པ། ལྕེ་ལ་རོ་མངར་བ། ལུས་ལ་རེག་བྱ་འཇམ་པ། གཏོར་མ་ནི་ཞལ་ཟས་སྣ་ཚོགས། ཆང་ཕུད་བཏུང་བ་སྣ་ཚོགས། དར་གདུགས་ནི་ན་བཟའ་སྣ་ཚོགས། ཡོས་བཀྲ་དང་འབྲུ་སྣ་ནི་དཀོར་ནོར་སྣ་ཚོགས། ནམ་མཁའ་འཇའ་ཚོན་སྣ་ཚོགས། མདའ་བཀྲ་སྐྱེས་པ་སྟག་ཆས་ཅན། འཕང་བཀྲ་བུད་མེད་བརྒྱན་ཆ་ཅན། ཕོ་ཏོང་མོ་ཏོང་ནི་བྲན་གཡོག་སྣ་ཚོགས། རྒྱང་བུ་ནི་སྤྱན་གཟིགས་སྣ་ཚོགས། ཤིང་རིས་སྣ་ཚོགས་ནི་


CMR041_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པའི་དུས་ན་མཁར། གཤེགས་པའི་དུས་ན་ལམ། གཞན་ཡང་གང་ལ་གང་འདོད། ཅི་ལ་ཅི་དགྱེས་པའི་ཡོ་བྱད་ཆར་བཞིན་དུ་འབབ་པ། འདོད་པའི་ཡོན་ཏན་དཔག་ཏུ་མེད་པར་གྱུར་ཅིག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། མགྲོན་ཐམས་ཅད་ཀྱི་ཕམ་རྒྱལ་མེད་པར་ཐོབ་ནས་བཀྲེས་པ་དང་སྐོམ་པ་ཞི་བ་དང་། ལུས་ལ་ན་བཟའ་སྣ་ཚོགས་གྱོན་ནས་དགའ་མགུ་ཡི་རང་བར་གྱུར་ཅིག །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ན་མས་མན་སྤ་ར་ཎ་རསྨི་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། མགྲོན་ཐམས་ཅད་བདག་གིས་དབང་དུ་འདུས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གྱུར་ཅིག །ན་མས་མནྟ་བུདྡྷཱ་ནཾ་གྲ་ཧྥ་ཀྲོ་ཏི་ཤྭ་རི་པྲ་བྷན་ཛྷཱ་ཎ་མ་ར་ཡ་ས་ཧུ། ཞེས་བྱིན་གྱིས་བརླབས་སོ། །དེ་རྣམས་མངོན་རྟོགས་བསྒོམ་པའི་རིམ་པའོ། །དེ་ལྟར་ནག་པོ་མགོ་གསུམ་གྱི་མདོས་ཟློག་འདི་བྱས་ན། ལྟས་ངན་མཚན་ངན་ཐམས་ཅད་ཟློག་པ་དང་། བསྲུང་བྱ་ལ་བྱད་ཁ་ཟུག་པ་དང་། ལྷ་འདྲེའི་ཆོ་འཕྲུལ་དམག་སྣ་བསམ་སྦྱོར་ངན་ནམ། ཀླུའི་གཏད་ཁྲམ་དུ་སོང་བའམ། དགྲ་སྣ་ཁ་མཆུ་འོང་ཚད་ནོར་གོད་ཆེའམ། གདོན་དང་གནོད་བྱེད་ཟློག་སྒྱུར་ལ་འདི་གལ་ཆེའོ། །དཀར་པོ་མགོ་གསུམ་འདི་ཡོན་མཆོད་ཀྱི་བསྲུང་དུ་


CMR041_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། དམར་པོ་མགོ་གསུམ་སྣ་ཁྲིད་ལ་མྱུར་མགྱོགས་ཆེ། ནག་པོ་མགོ་གསུམ་ཟློག་སྒྱུར་ལ་མཐུ་བོ་ཆེ། བདུད་མོ་རྔ་ཞོན་གྱིས་གདོན་ཚུར་ལ་མི་ལོག་པའི་རྔམ་པོ་ཆེ། གླང་ཆེན་ཁལ་འགེལ་ལ་སོགས་ཁུར་སྟོབས་ཆེ། འདི་ཡི་ལག་ལེན་ནི། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གོང་བསྙེན་དང་། བཅའ་ཚོགས་མན་ངག་ལ་མཁས་པ་གལ་ཆེ། ལག་ལེན་བསྙེན་པ་མ་ཐེམས་པས། ཟ་འདོད་ཀྱིས་ཚོགས་བསོག་གིས་བྱས་ན། ཡོན་མཆོད་གཉིས་ཀ་ཕུང་འདྲེ་ཡིན། གར་ཐོད་ཐོད་དུ་མི་བྱ་ཞིང་ཤིན་ཏུ་གསང་བ་ཁོ་ན་ཡིན། སློབ་དཔོན་གསང་ཞིང་དཔེ་རྐུས་ན། །རིགས་གསུམ་མགོན་པོའི་བཀའ་བསྐྱོན་ལ། །མི་ནག་མགོ་གསུམ་འཁོར་བཅས་ཀྱིས། །སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་། དབུགས་འགམས་ཚེ་བཏུང་རྡུལ་དུ་རློགས། །དེ་ཕྱིར་བཀའ་རྒྱ་དམ་དུ་བྱ། །ས་མ་ཡ། །སྤྱི། ཁ་ཐཾ། ཞེས་པ་འདི་ནི་རྒྱུས་མདོས་ཀྱི་མངོན་རྟོགས་བསྐྱེད་རིམ་བསྟན་པའོ། །བསྡུས་པ་ལ་སོ་སོར་བསལ་ཤེས་པར་བྱའོ། །དེ་ནས་སྤྱན་འདྲེན་གསང་བ་ལྷ་འབོད་ལ་འཇུག་གོ །ཨ་རཱ་གས་བསྒྲིགས་པའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousས་བདག་གཏོ་ཐིག་ནག་པོའི་རྒྱུད་ལས། མི་ནག་མགོ་བོ་གསུམ་པའི་རྒྱས་མདོས་བར་ཆད་ཀུན་སེལ།next