Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
༼ཅ༽ །མི་ནག་མགོ་བོ་གསུམ་པའི་མདོས་ཀྱི་གཞུང་ཆེན་ལས། མཆོད་འབུལ་འདོད་ཡོན་ཆར་འབེབས།
   
   
   
   
   
   
   
   


 
previous༼ཅ༽ །མི་ནག་མགོ་བོ་གསུམ་པའི་མདོས་ཀྱི་གཞུང་ཆེན་ལས། མཆོད་འབུལ་འདོད་ཡོན་ཆར་འབེབས།next

༼ཅ༽ །མི་ནག་མགོ་བོ་གསུམ་པའི་མདོས་ཀྱི་གཞུང་ཆེན་ལས། མཆོད་འབུལ་འདོད་ཡོན་ཆར་འབེབས།


CMR041_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

༼ཅ༽ །མི་ནག་མགོ་བོ་གསུམ་པའི་མདོས་ཀྱི་གཞུང་ཆེན་ལས། མཆོད་འབུལ་འདོད་ཡོན་ཆར་འབེབས་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR041_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མི་ནག་མགོ་གསུམ་འཁོར་དང་བཅས་པ་ལ་མཆོད་པ་སྣ་ཚོགས་འབུལ་བ་ནི། ཧཱུྃ། སྟོབས་ལྡན་མི་ནག་མགོ་བོ་གསུམ་པ་ལ། །མཆོད་པའི་བྱེ་བྲག་སྣ་ཚོགས་འབུལ་བ་ནི། །ཤ་ཁྲག་དམར་གྱི་གཏོར་མ་ཆེན་པོ་དང་། །མཐེབ་སྐྱུ་ཤ་དུམ་ཁྲག་ཐིགས་འབྲུ་སྣ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པ་དང་། །རྒྱ་ཇ་ངད་ལྡན་བདུད་རྩི་ཆང་ཕུད་དང་། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་གསེར་སྐྱེམས་འབུལ། །ཞི་རྒྱས་དབང་དྲག་ཕྲིན་ལས་ཐམས་ཅད་སྒྲུབས། །དར་གདུགས་མདའ་དར་བ་དན་བླ་རེ་དང་། །ཤིང་རིས་


CMR041_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་དར་ཟབ་རིན་པོ་ཆེ། །མདའ་འཕང་རྒྱང་བུ་བལ་ཚོན་མདའ་གཞུ་གྲི། །འབྱུང་བའི་ཁ་དོག་ནམ་མཁའ་སྣ་ཚོགས་འབུལ། །བསོད་ནམས་ལོངས་སྤྱོད་མངའ་ཐང་རྒྱས་པར་མཛོད། །བྱ་རིགས་སྣ་ཚོགས་གཅན་གཟན་རི་དྭགས་རིགས། །རྨིག་ཟླུམ་དུད་འགྲོ་ཆུ་གནས་གཟུགས་བརྙན་འབུལ། །ལྟས་ངན་ཐན་ལྟས་ངན་པ་ཐམས་ཅད་སྒྱུར། །ཡོན་བདག་སྐུ་གླུད་ངར་མའི་རྒྱན་ལྡན་དང་། །གླང་ཆེན་ཤུགས་ལྡན་ཡས་གླུད་སྣ་ཚོགས་བཀལ། །ཚངས་བུ་ཏིང་ལོ་རམ་རུག་བཙོད་མཚུར་དང་། །མི་ཁའི་ཡས་རྣམས་སྣ་ཚོགས་མཆོད་པ་འབུལ། །


CMR041_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་གྱོད་འཁོན་གསུམ་མི་ཁ་བྲ་མཆུ་ཟློག །སྡང་དགྲ་གནོད་བྱེད་ལོ་ཟླ་ཞག་དུས་སྐག །ལྟས་ངན་མི་ཁ་བྲ་མཆུ་ཟས་སུ་སྦྱིན། །མི་མཐུན་དགྲ་སྣ་གྱོད་སྣ་མི་ཁ་སྒྱུར། །སྤར་སྨེ་ལོ་ཟླ་ཞག་དུས་སྐག་རིགས་དང་། །རྨི་ལྟས་མཚན་ངན་གོད་ཡམས་བཟློག་ཏུ་གསོལ། །ཧཱུྃ། གསོད་བྱེད་མི་དམར་མགོ་བོ་གསུམ་པ་ལ། །ཤ་ཁྲག་གཏོར་མ་མཐེབ་སྐྱུ་མི་ཁའི་ཡས། །དགྲ་བོའི་ཤ་ཁྲག་གློ་སྙིང་གསེར་སྐྱེམས་དང་། །མར་མེ་ཁྲག་ཐིགས་འབྲུ་སྣ་ངར་མི་དང་། །མདའ་འཕང་ནམ་མཁའ་ཡས་སྟགས་སྣ་ཚོགས་འབུལ། །དམ་ཉམས་དགྲ་བོའི་སྙིང་ལ་སྐྱེར་མདའ་རྒྱོབ། །གསོད་གཅོད་ལས་མཁན་ཤན་པ་ཁྱོད་ཀྱིས་གྱིས། །མི་ནག་མགོ་གསུམ་མདོས་སྣ་ཡས་སྣ་ཁྲིད། །ཧཱུཾ། ཤང་ཤང་སེར་པོ་དཔོན་གཡོག་བརྒྱ་རྩ་ལ། །བཤོས་བུ་རྩེ་གསུམ་ཚེར་མང་ཤ་ཁྲག་དང་། །ངར་མི་ཟན་དུམ་ཆངས་བུ་འབྲུ་སྣ་དང་། །གྲོད་པའི་སྒོང་ཐགས་མི་ཁའི་ཡས་རྣམས་བླུགས། །མཐེབ་སྐྱ་ནམ་མཁའ་ནག་པོ་བཅུ་གསུམ་འབུལ། །མི་མཐུན་བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །ཧཱུྃ། བདུད་པོ་ནག་པོ་བཀྲག་མེད་འཁོར་བཅས་ལ། །ཤ་ཁྲག་གཏོར་མ་ཟུར་


CMR041_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཁྲག་གི་མཚོ། །འབྲུ་སྣ་བྱ་ནག་རྟ་ནག་ཁྱི་ནག་གཟུགས། །ཁྲམ་ཤིང་རུ་མཚོན་ནམ་མཁའ་ནག་པོ་འབུལ། །བར་ཆད་བྱེད་པའི་བདུད་དགྲ་རྡུལ་དུ་རློགས། །བདུད་ཀྱི་ཞགས་པ་ནག་པོ་དགྲ་ལ་ཐོབས། །ཧཱུཾ། བཙན་རྗེ་ཤུ་བ་ཡམ་ཤུད་འཁོར་བཅས་ལ། །བཙན་བཤོས་དམར་པོ་ཤ་ཁྲག་རུས་པས་བརྒྱན། །འབྲུ་སྣ་བྱ་དམར་ཁྱི་དམར་རྟ་དམར་གཟུགས། །རིན་ཆེན་རྒྱལ་མཚན་བཙན་ཞགས་ནམ་མཁའ་དམར། །ཆང་ཕུད་གསེར་སྐྱེམས་དགྲ་བོའི་ཤ་ཁྲག་འབུལ། །བཙན་གྱི་ཆད་པ་མི་ལ་བབ་པ་ཟློག །བཙན་གྱི་གློ་བུར་ཡེ་འདྲོག་དགྲ་ལ་ཐོངས། །ཧཱུཾ། མ་མོ་རྔ་ཞོན་དཔོན་གཡོག་འཁོར་བཅས་ལ། །འབྲུ་ནག་བཤོས་བུ་ཟླུམ་པོ་བྱ་ནག་བརྒྱན། །བདུད་རྩི་སྨན་གཏོར་རཀྟ་མར་མེ་སྤོས། །མདའ་བཀྲ་འཕང་བཀྲ་མདའ་མདུང་རལ་གྲི་དང་། །བམ་རོ་དུར་ཁྲོད་ཆས་དང་ཡུངས་ཀར་ཐུན། །ནམ་མཁའ་དར་ཚོན་གཟུགས་འགྲོས་སྣ་ཚོགས་འབུལ། །ནད་ཁ་རིམས་སྣ་ཡམས་ནད་སྣ་ཚོགས་ཟློག །མ་མོའི་དལ་ཡམས་ཟོར་ཐུན་དགྲ་ལ་བྷྱོ༔ །ཧཱུྃ། མི་ཁ་བ་རུ་བུ་མོ་སྤུན་དགུ་མ། །ངར་མི་མདའ་བཀྲ་འཕང་བཀྲ་


CMR041_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དང་། །གོད་རྒྱུ་གོད་རུས་རམ་རུག་བཅོད་མཚུར་དང་། །རྫ་དྲེག་སྟོང་དྲེག་སྐྱེད་དྲེག་སྦྱང་མ་ཕབས། །ཤ་དང་ཚྭ་སྐག་སྐྱ་ག་བྱ་ནག་སྤུ། །མི་ཁའི་ཡས་སྟགས་སྣ་ཚོགས་ཁྱོད་ལ་འབུལ། །བརྒྱ་ཡི་མི་ཁ་སྟོང་གི་བྲ་མཆུ་ཟློག །གྱོད་སྣ་འཁོན་སྣའི་མི་ཁ་དགྲ་ལ་སྒྱུར། །ཧཱུྃ། ས་བདག་ཁྲོ་བོ་ཕ་བརྒྱད་བུ་བརྒྱད་ལ། །གཏོར་མ་ཆང་ཕུད་གསེར་སྐྱེམས་འབྲུ་སྣ་དང་། །ཤེལ་ཚིགས་མཐེབ་སྐྱུ་ནམ་མཁའ་ཤིང་རིས་དང་། །དར་ཚོན་གཟུགས་འགྲོས་སྣ་ཚོགས་མཆོད་པ་འབུལ། །སྡང་དགྲ་གནོད་བྱེད་བར་ཆད་ཐམས་ཅད་ཟློག །ཧཱུྃ། སྤར་ཁ་བརྒྱད་པོ་འཁོར་དང་བཅས་པ་ལ། །བཤོས་བུ་པད་ཕོར་མགོ་ཅན་ཤེལ་ཚིགས་དང་། །འབྲུ་སྣ་དར་ཟབ་སྤར་ཁའི་ཤིང་རིས་བརྒྱད། །གཟུགས་འགྲོས་སྣ་ཚོགས་མཆོད་པ་རྒྱ་ཆེན་འབུལ། །འགྲམ་འཁྲུགས་བདུད་གཅོད་སྤར་ཁའི་སྐག་རྣམས་ཟློག །ཧཱུྃ། སྨེ་བའི་ལྷ་ཚོགས་བཞི་བཅུ་ཞེ་ལྔ་ལ། །གཏོར་མ་དགུ་ལིང་གསེར་སྐྱེམས་འབྲུ་སྣ་དང་། །ནམ་མཁའ་དར་ཟབ་ཤིང་རིས་མཐེབ་སྐྱུདང་། །བྱ་དང་རི་དྭགས་གཅན་གཟན་དུད་འགྲོའི་གཟུགས། །མདོས་དང་གཏོར་མ་སྣ་ཚོགས་མཆོད་པ་


CMR041_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །སྨེ་བ་དབུས་ཚུད་གཅོད་འདྲལ་སྐག་རིགས་ཟློག །ཧཱུྃ། ལོ་སྐོར་ཆེན་པོ་བཅུ་གཉིས་འཁོར་བཅས་ལ། །བཤོས་བུ་འབྲང་རྒྱས་ཞལ་དཀར་བཅུ་གཉིས་དང་། །ཤ་ཁྲག་གཏོར་མ་མཐེབ་སྐྱུཆང་ཕུད་དང་། །དར་ཚོན་བལ་ཚོན་ཤིང་རིས་སྣ་ཚོགས་འབུལ། །བདུན་ཟུར་དགྲ་གཤེད་ལོ་སྐག་ཐམས་ཅད་ཟློག །ཧཱུྃ། ལོ་རྒན་དྲུག་ཅུའི་ལྷ་ཚོགས་ཐམས་ཅད་ལ། །གཏོར་མ་བཤོས་བུ་ཟླུམ་པོ་གསེར་སྐྱེམས་དང་། །འབྲུ་སྣ་ཤེལ་ཚིགས་གཟུགས་འགྲོས་སྣ་ཚོགས་དང་། །མཐེབ་སྐྱུ་ཤིང་རིས་དར་ཚོན་སྣ་ཚོགས་འབུལ། །སྐོར་ཆེན་དྲུག་ཅུའི་ལོ་སྐག་བསྒྱུར་དུ་གསོལ། །ཧཱུྃ། གཙང་རིགས་དཔལ་མགོན་བདུན་ཅུ་རྩ་བརྒྱད་ལ། །བདུད་རྩི་གསེར་སྐྱེམས་དཀར་གསུམ་མངར་གསུམ་དང་། །གཏོར་མ་མཐེབ་སྐྱུ་འབྲུ་སྣ་ཤེལ་ཚིགས་དང་། །གཟུགས་འགྲོས་སྣ་ཚོགས་ཤིང་རིས་མདོས་མཆོད་འབུལ། །སྟེང་འོག་ཕྱོགས་མཚམས་གདོན་བགེགས་ཚོགས་རྣམས་དང་། །མི་མཐུན་བར་ཆད་ཐམས་ཅད་བསྒྱུར་དུ་གསོལ། །ཧཱུྃ། ལོ་ཟླ་ཞག་དུས་ས་བདག་རྒྱལ་བློན་ལ། །དཀར་གསུམ་མངར་གསུམ་གཏོར་མ་ཤེལ་ཚིགས་དང་། །


CMR041_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་སྣ་དར་ཚོན་མཐེབ་སྐྱུ་གཟུགས་འགྲོས་འབུལ། །དུས་ཚོད་སྐག་རིགས་ཐམས་ཅད་བསྒྱུར་བ་དང་། །ཀོ་ལོང་འཁོན་འགྲས་ཐམས་ཅད་ཞི་བར་མཛོད། །ཧཱུྃ། སྒྱུར་བྱེད་རུ་འདྲེན་ཆེན་པོ་སྡེ་བཞི་ལ། །དགྲ་བོ་བསྒྲལ་བའི་ཤ་ཁྲག་རུས་པ་དང་། །ཤ་ཁྲག་དམར་གྱི་གཏོར་མ་ཆེན་པོ་དང་། །མདོས་ཆས་གཟུགས་འགྲོས་སྣ་ཚོགས་མཆོད་པ་འབུལ། །མདོས་སྣ་ཟོར་ཁ་དམ་ཉམས་དགྲ་ལ་དྲོངས། །ཧཱུྃ། གཏོ་མཁན་ཆེན་པོ་རིགས་བཞི་ཁྱེད་རྣམས་ལ། །རིན་ཆེན་སྣ་ཚོགས་དར་དང་ཟ་འོག་དང་། །བདུད་རྩི་ཇ་ཆང་དཀོར་ནོར་སྣ་ཚོགས་དང་། །འདོད་པའི་ལོངས་སྤྱོད་ས་གཞི་བཀང་སྟེ་འབུལ། །སྔགས་འཆང་ཡོན་བདག་འཁོར་དང་བཅས་པ་ལ། །གཏོ་བཅོས་འདི་ཉིད་ཡག་པའི་ཕྲིན་ལས་མཛོད། །ཧཱུྃ། སྒོ་སྲུང་ཆེན་པོ་གཉེན་ཆེན་སྡེ་བཞི་ལ། །ཤེལ་ཚིགས་དཀར་གསུམ་མངར་གསུམ་གཏོར་མ་དང་། །འབྲུ་སྣ་དར་ཚོན་གཟུགས་འགྲོས་སྣ་ཚོགས་འབུལ། །སྒོ་བཞི་སྲུངས་ལ་དཔལ་བསྐྱེད་བར་ཆད་ཟློག །ཧཱུྃ། ས་ཆ་ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ལྷ་ཀླུ་གཞི་བདག་གཉན་དང་ཡུལ་ལྷ་ལ། །དཀར་གཏོར་གསེར་སྐྱེམས་འདོད་ཡོན་


CMR041_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་དང་། །གཟུགས་འགྲོས་འབྲུ་སྣ་ཤེལ་ཚིགས་ཤིང་རིས་འབུལ། །འཁོན་འགྲས་ཕོག་ཐུག་གང་སོང་ཞི་བ་དང་། །ཁ་འཛིན་སྡོང་གྲོགས་དུས་རྣམས་ཀུན་ལ་མཛོད། །ཧཱུྃ། བགེགས་རིགས་ལན་ཆགས་མགྲོན་རྣམས་ཐམས་ཅད་ལ། །སྐུ་གླུད་ངར་མི་ཆངས་བུ་ཏིང་ལོ་དང་། །འབྲུ་སྣ་མར་མེ་ཤ་ཤུན་གོད་རུས་དང་། །ཤ་ཁྲག་བཟའ་བཏུང་བཙོག་གླུད་སྣ་ཚོགས་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ཐམས་ཅད་ཀྱི། །ལན་ཆགས་བྱང་ཞིང་བུ་ལོན་དག་གྱུར་ནས། །གནོད་ཅིང་འཚེ་བའི་བསམ་པ་མ་ཆུང་ལ། །སོ་སོ་རང་རང་གནས་སུ་ད་སོང་ལ། །ཕྱིན་ཆད་གནོད་ཅིང་འཚེ་བར་མ་བྱེད་ཅིག །ནད་རིམས་གོད་འདྲེ་རྐྱེན་ཁ་བཟློག་ཏུ་གསོལ། །ཐན་དང་ལྟས་ངན་ཐམས་ཅད་བསྒྱུར་དུ་གསོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོ་ནག་པོ་ཕེ་ཤ་ཀེ་རུ་ཧཱུཾ། མ་ཧཱ་ལོ་ཀ་པཱ་ལ་སརྦ་བྷུ་མི་པཱ་ཏི་ས་པཱ་རི་ཝཱ་ར་ཨརྒྷཾ༴ པཱདྱ༴ པུཥྤེ༴ དྡྷུ་པེ༴ ཨ་ལོ་ཀེ༴ གྷནྡྷེ༴ ནཻ་ཝི་ཏེ༴ ཤབྟ་པྲ་ཏཱིཙྪ་ཡེ་ཨཱཿཧཱུྃ། མ་ཧཱ་བ་ལིཾ་ཏ༴ རཀྟ༴ མཱཾ་ས༴ སརྦ་པཱ་ཙ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་མི་ནག་འཁོར་དང་བཅས་པ་ལ།


CMR041_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་གང་འདོད་ཅི་ལ་ཅི་དགྱེས་པའི་ལོངས་སྤྱོད་ཐམས་ཅད་ཆར་ལྟར་བབ་ནས། ཞལ་ཟས་བཟའ་བཏུང་སྣ་ཚོགས་གསོལ་ཞིང་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས། བསམ་མོ། །མཆོད་འབུལ་འདི་ཤིན་ཏུ་གལ་ཆེའོ། །དེ་ནས་ངར་མདོས་ལ་འཇུག་པའོ། ༧ ཨ་རཱ་གས་འདོན་འགྲིགས་སུ་བྲི་ས་སོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previous༼ཅ༽ །མི་ནག་མགོ་བོ་གསུམ་པའི་མདོས་ཀྱི་གཞུང་ཆེན་ལས། མཆོད་འབུལ་འདོད་ཡོན་ཆར་འབེབས།next