Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མི་ནག་མགོ་བོ་གསུམ་པའི་མདོས་ཆེན་གྱི་གཏོར་རྫོངས་ལྷན་ཐབས།
   
   
   
   


 
previousམི་ནག་མགོ་བོ་གསུམ་པའི་མདོས་ཆེན་གྱི་གཏོར་རྫོངས་ལྷན་ཐབས།next

མི་ནག་མགོ་བོ་གསུམ་པའི་མདོས་ཆེན་གྱི་གཏོར་རྫོངས་ལྷན་ཐབས།


CMR041_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནག་མགོ་བོ་གསུམ་པའི་མདོས་ཆེན་གྱི་གཏོར་རྫོངས་ལྷན་ཐབས་བཞུགས་སོ། །


CMR041_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཆུང་དགུ་ཤ་ཁྲག་དང་ཉ་བོ་དུམ་བུ་རེས་བརྒྱན་ལ། ཡོས་བཀྲ་འབྲུ་སྣ་མཐེབ་སྐྱུ་ཆང་ཕུད་བཏབ། འགུགས་གཞུག་བ་སྒྲལ་ལས་བྱས་ལ་བདུད་རྩིས་བྲན་ལ། གཏོར་ཆུང་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པ་དང་། གང་འདོད་ཡིད་མཐུན་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོདྷིསྭཱ་ཧཱ། ཧཱུྃ། འཇམ་དཔལ་བཀའ་ཉན་མཐུ་བོ་ཆེ། །ཟློག་བྱེད་མི་ནག་མགོ་བོ་གསུམ། །མ་རུངས་གདུག་པ་ལྟོ་འཕྱེའི་གཟུགས། །འགྲན་གྱི་དོ་མེད་དྲག་རྩལ་ཅན། །རིགས་གསུམ་མགོན་པོའི་དབང་བསྐུར་བས། །འཁོར་ལོ་གསུམ་ལྡན་དུས་ལ་བབ། །གཡས་ཕྱོགས་སྟག་གི་མགོ་བོ་ཡིས། །རྒྱལ་འགོང་སྤུན་དགུ་


CMR041_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཆམ་ལ་ཕོབ། །གཡོན་ཕྱོགས་ཕག་ཞལ་རྔམ་བརྗིད་ཞལ། །ས་སྲི་དུར་སྲི་ཆམ་ལ་ཕོབ། །དབུས་ཕྱོགས་གླང་ཆེན་འཇིགས་པའི་མགོས། །དགྲ་གྱོད་དམ་སྲི་ཆམ་ལ་ཕོབ། །སྐུ་མདོག་ནག་པོ་འཇིགས་པའི་ཚུལ། །ཕྱག་དྲུག་གདུག་པའི་མཚོན་ཆ་འཛིན། །གཤོག་པ་གནམ་ལྕགས་རལ་གྲི་འབར། །དུར་ཁྲོད་ཆས་བརྒྱད་རྒྱན་རྣམས་གསོལ། །ཞབས་གཉིས་དཔའ་བོ་འགྱིངས་ལྟར་བསྒད། །རེ་འབྱམས་ནག་པོས་རྔ་མ་གཡུག །བྱུར་དང་མི་ཁ་འོག་ཏུ་མནན། །དགྲ་སྲི་ནག་པོ་ཆམ་ལ་ཕོབ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་ཡོན་


CMR041_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །གྱོད་དང་ཕུང་སྲིའམ་དགྲ་སྲིའམ། ལྟས་ངན་ནམ། མི་ཁའམ། དགྲ་ལ་སྒྱུར། འདི་བཞི་འགྲེའོ། །༈ འདི་ཡི་སྐབས་སུ་ལྷ་གཏོར་འབུལ་རེ་མདོས་ནང་དུ་ཕུལ་བཅུག་།ཆང་ཕུད་ཁྲག་ཐིགས་རེ་ཡང་མཆོད། ༈ མི་དམར་ཧཱུཾ། འབྱུང་བ་ལྔ་ཡི་ཁྲི་སྟེང་ནས། །མ་རུངས་ལོག་འདྲེན་གཏུམ་པོའི་སྐུ། །འཁོར་དུ་གདུག་པའི་ཚོགས་ཀྱིས་བསྐོར། །མི་དམར་མགོ་གསུམ་ཤང་ཤང་དང་། །བདུད་བཙན་མ་མོ་རྔ་ཞོན་མ། །མི་ཁའི་བུ་མོ་སྤུན་དགུ་ཡང་། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །གྱོད་དང་ཕུང་སྲི་དགྲ་ལ་སྒྱུར། ཁྲོ་བོ་ཕ་བུ། ཧཱུྃ། ཧ་ས་གརྒྷའི་བཀའ་འཁོར་ན། །ས་བདག་ཁྲོས་པའི་འཇིགས་གཟུགས་ཅན། །ཁྲོ་བོ་ཕ་བརྒྱུད་བུ་བརྒྱད་ཚོགས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །གྱོད་དང་ཕུང་སྲི་དགྲ་ལ་སྒྱུར། །སྤར་ཁ་བརྒྱད། ཧཱུྃ། མི་ནག་མགོ་གསུམ་བཀའ་འཁོར་ན། །འགྲོ་བ་ཚེ་དཔལ་བསྐྱེད་པའི་ལྷ། །སྤར་ཁ་


CMR041_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པོ་འཁོར་དང་བཅས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །གྱོད་དང་ཕུང་སྲི་དགྲ་ལ་སྒྱུར། །སྨེ་བ་དགུ། ཧཱུྃ། ནག་པོ་ཆེན་པོ་བཀའ་འཁོར་ན། །ཕོ་བྲང་གླིང་དགུ་བཞི་བཅུའི་ལྷ། །སྨེ་བ་དགུ་པོ་འཁོར་དང་བཅས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །གྱོད་དང་ཕུང་སྲི་དགྲ་ལ་སྒྱུར། །ལོ་སྐོར་བཅུ་གཉིས། ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ན། །འགྲོ་བའི་རྣམ་ཤེས་བརྟེན་པའི་གཞི། །ལུས་སྲོག་དབང་ཐང་བསྐྱེད་པའི་བརྟེན། །ལོ་སྐོར་བཅུ་གཉིས་ལོ་རྒན་ཚོགས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །གྱོད་དང་ཕུང་སྲི་དགྲ་ལ་སྒྱུར། ༈ །དཔལ་མགོན་བདུན་ཅུ། ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ན། །སྟོང་གསུམ་འཇིག་རྟེན་བྱ་ར་བ། །དཔལ་མགོན་བདུན་ཅུ་རྩ་གཉིས་ལ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་


CMR041_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །གྱོད་དང་ཕུང་སྲི་དགྲ་ལ་སྒྱུར། །རུ་འདྲེན་བཞི། ཧཱུཾ། ནག་པོ་ཆེན་པོའི་བཀའ་འཁོར་ན། །རྡོ་རྗེ་ལེགས་པ་པེ་ཧར་རྒྱལ། །མཁར་ནག་རྡོ་རྗེ་དུད་སོལ་མ། །རང་རང་འཁོར་ཚོགས་བཅས་པ་ལ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །གྱོད་དང་ཕུང་སྲི་དགྲ་ལ་སྒྱུར། ༈ །གཏོ་མཁན་སྒོ་སྲུང་། ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ན། །གཏོ་མཁན་རིགས་བཞི་སྒོ་སྲུང་བཞི། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །གྱོད་དང་ཕུང་སྲི་དགྲ་ལ་སྒྱུར། །གཏོར་ཆུང་ཕུལ། དེ་ལ་ནས་འབྲུ་སྣ་ཡོས་བཀྲ་མདོས་ལ་བཏབ། བཙོག་གླུད་ངར་མདོས་ནང་དུ་བཏབ་བཅུག་ལ། རྫོངས་འདེབས་གཞུང་ལྟར་འདོན་པར་བྱ། གཏོར་རྫོངས་འདི་མདོས་ཐབས་ལ་སྦྱར་དགོས། གཏོ་ཐབས་ལ་མི་དགོས་གཞུང་གི་རྫོངས་འདེབས་དེས་ཆོག་པར་བཤད་དོ། གཏོར་རྫོང་ལྷན་ཐབས་སུ་བཀོད་པའོ། །ཀརྨ་ཨ་རཱ་གས་སོ། །ལྗོངས་འདེབས་ལ་འཇུག་གོ །


previousམི་ནག་མགོ་བོ་གསུམ་པའི་མདོས་ཆེན་གྱི་གཏོར་རྫོངས་ལྷན་ཐབས།next