Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས་སྤར་ཁའི་དགྲ་ཟོར་མཚོན་གྱི་ཆར་པ།
   
   
   


 
previousམི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས་སྤར་ཁའི་དགྲ་ཟོར་མཚོན་གྱི་ཆར་པ།next

མི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས་སྤར་ཁའི་དགྲ་ཟོར་མཚོན་གྱི་ཆར་པ།


CMR041_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས་སྤར་ཁའི་དགྲ་ཟོར་མཚོན་གྱི་ཆར་པ་བྱ་བ་བཞུགས་སོ། །


CMR041_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མི་ནག་མགོ་བོ་གསུམ་པའི་སྒོ་ནས་དྲག་པོའི་ཟོར་ལས་བྱ་བ་ནི། ་་་མདའ་ཟོར་་་་གཏོར་ཟོར་་་རྐོང་ཟོར། ཁྲག་ཟོར། དུག་ཟོར། ཐོད་ཟོར། ཐུན་ཟོར། མེ་ཟོར། ཆུ་ཟོར། མཚོན་ཟོར་རྣམས་བཤམས། དེ་ནས་སྔགས་པ་ཆས་སུ་ཞུགས་ལ། གསེར་སྐྱེམས་མཆོད། ཟོར་ལམ་བསལ། རྩ་བ་གསུམ་གྱི་ལྷ་ཚོགས་ཆོས་སྐྱོང་དམ་ཅན། མི་ནག་འཁོར་བཅས་ལྷ་སྲིན་སྡེ་བརྒྱད་ཚོགས་ཀྱི་ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་ནས། དགྲ་བགེགས་བྱད་མ་རྡུལ་དུ་བརླག་པར་བསམ། ལིངྒའམ་ཐན་གཟུགས་ལ་འགུགས་གཞུག་དྲག་ཏུ་བྱས་ལ་འདི་སྐད་དོ། །ཧཱུྃ། ང་ནི་འཇམ་དཔལ་ཁྲོས་པའི་སྐུ། །ཞལ་གསུམ་ཕྱག་དྲུག་སྐུ་


CMR041_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སེར། །ཕྱག་ན་དུག་གི་ཟོར་རྣམས་ཐོགས། །ཞེ་སྡང་དུག་ལྔ་འདུལ་བའི་ཕྱིར། །གཡས་ན་ལྷ་ཡི་དམག་དཔུང་སྡུད། གཡོན་ན་ཀླུ་ཡི་དམག་དཔུང་སྡུད། །ཐད་ན་ལྷ་སྲིན་སྡེ་བརྒྱད་སྡུད། །དབུས་ན་སྤྱི་ཡི་དམག་དཔུང་སྡུད། །སྡང་བའི་དགྲ་ལ་དམག་འདྲེན་འཚལ། །གནོད་པའི་བགེགས་ལ་དམག་འདྲེན་འཚལ། །ངན་སྔགས་གདུག་པའི་མཐུ་ཟོར་དང་། །མ་མོ་ཡོངས་ཀྱི་ཁྲག་ཟོར་དང་། །སྡེ་བརྒྱད་ཡོངས་ཀྱི་ཐུན་ཟོར་དང་། །བྱད་ཀྱི་སྔགས་ཟོར་ངན་སྔགས་འདི། །སྡང་བའི་དགྲ་ལ་ཟོར་འཕེན་ནོ། །གནོད་པའི་བགེགས་ལ་ཟོར་


CMR041_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་ནོ། །བར་ཆད་རྐྱེན་ལ་ཟོར་འཕེན་ནོ། །ཟོར་འཕང་ཚུར་ལ་མ་ལྡོག་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ང་ནི་འཕགས་པ་འཇམ་དཔལ་ཏེ། །འབྱུང་བ་ལྔ་ཡང་ང་ལ་འདུས། །སྤར་ཁ་བརྒྱད་ཀྱང་ང་ལ་འདུས། །སྨེ་བ་དགུ་ཡང་ང་ལ་འདུས། །ལོ་སྐོར་བཅུ་གཉིས་ང་ལ་འདུས། །ལོ་རྒན་དྲུག་ཅུ་ང་ལ་འདུས། །སྲུང་རྟ་བཅུ་གཉིས་ང་ལ་འདུས། །སྲོག་ལུས་དབང་ཐང་ང་ལ་འདུས། །ལོ་གཤེད་བཅུ་གཉིས་ང་ལ་འདུས། །ང་ཡི་ལག་གཡས་ཟིན་རླུང་ཡིན། །ལག་པ་གཡོན་པ་ཁོན་མ་ས། །རྐང་པ་གཡས་པ་གིན་རི་སྟེ། །རྐང་པ་གཡོན་པ་ཁེན་གནམ་ཡིན། །རྩིབ་ལོགས་གཡས་པ་ཟིན་ཤིང་སྟེ། །རྩིབ་ལོགས་གཡོན་པོ་དྭ་ལྕགས་སོ། །མིག་ནི་སྤར་ཁ་ལི་མེ་སྟེ། །མཚན་མ་ཁཾ་ཆུ་ཉིད་ཡིན་ནོ། །དེ་ལྟར་སྤར་སྨེ་ལོ་ཟླ་ཞག །དེ་ལ་གནས་པའི་ས་བདག་ཚོགས། །དེ་རིང་དྲག་པོས་ལས་ལ་བཞེངས། །སངས་རྒྱས་བསྟན་པའི་སྤྱི་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་ལ། །དེ་རིང་དྲག་པོའི་ཟོར་འཕེན་ནོ། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །དེ་ནས་མདའ་ཟོར་ཐོགས་ལ། ཧཱུྃ། མི་ནག་མགོ་གསུམ་


CMR041_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་འདྲེན་པ། །མི་དམར་མགོ་གསུམ་མཐུ་བོ་ཆེ། །གཡས་པ་གླང་གི་མགོ་བོ་ཅན། །གཡོན་པ་སྦྲུལ་གྱི་མགོ་བོ་ལ། །དབུས་ནི་གཏི་མུག་ཕག་གི་མགོ ། ལུས་པོ་ཕུང་སྲིའི་མགོ་བོ་ཅན། །རྐང་ལག་རྣམས་ནི་འཕྱོ་འཕྱོ་བ། །ཡན་ལག་རྣམས་ནི་ལྡིང་ལྡིང་བ། །བན་ཟོར་ལ་ནི་སྟོབས་རེ་ཆེ། །བོན་ཟོར་ཟློག་པའི་མཐུ་བོ་ཆེ། །དེ་རིང་ཟོར་རྣམས་དགྲ་ལ་དྲོངས། །ཕྱག་ན་མདའ་ཟོར་དྲག་པོ་ཐོགས། །དགྲ་བགེགས་སྙིང་ལ་མདའ་ཟོར་རྒྱོབས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ཙན་ཁྲི་བ་ཏྲི་དམ་སྲི་ཁ་ལ་རཀྵ་དུ་ཏྲི་ཆོད། དམ་ཉམས་ལ་ཆོད། དམ་སྲི་ལ་ཆོད། དགྲ་ལ་ཆོད། དགྲ་འདྲེ་གདོན་གསུམ་ལ་ཆོད། ཅེས་མདའ་ཟོར་འཕང་། ༈ དེ་ནས་དུག་ཟོར་ཐོགས་ལ། བྷྱོཿ མི་ནག་རྒྱབ་ཕྱོགས་ལས་མཁན་ནི། །ཧ་ལ་རྔམ་པ་གླང་ཞོན་ནི། །སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས། །དུར་མི་ནག་པོས་སྔོན་ནས་ཁྲིད། །བདུད་མི་ནག་པོས་རྒྱབ་ནས་དེད། །ལག་ན་དུག་མཚོན་ཟོར་ནག་འཕེན། །བཀའ་ཡི་གཏོར་མ་འདི་བཞེས་ལ། །དམ་ཉམས་དགྲ་ལ་ཟོར་རྣམས་རྒྱོབ། །མྱོས་ཐོབ་ཐལ་བ་རྡུལ་དུ་རློགས། །བྷྱོ་མི


CMR041_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཐུམ་ཧྲིལ་དགྲ་ལ་བྷྱོཿ བཙན་དུག་རེ་ལྕགས་ཐང་ཕྲོམ་འདྲེས་མ་རྣམས་འཕང་ངོ། ༈ །དེ་ནས་ཁྲག་ཟོར་ཐོགས་ལ། བྷྱོཿ སྐུ་ཡི་གཡས་ནས་དཔུང་ནོན་པ། །ཟངས་ཀྱི་མ་མོ་དམར་མོ་ནི། །ཁྲག་མདོག་དམར་པོ་ཁྲག་ལྟ་བུ། །ཞལ་ནས་བྷྱོ་ཡི་སྒྲ་སྒྲོག་པ། །འཇིག་རྟེན་ཀུན་ཡང་འདར་ཞིང་བསྔངས། །སྲིད་པ་གསུམ་གྱི་བདག་མོ་སྟེ། །ལུས་ལ་ནད་ཀྱི་ན་བུན་འཐུལ། །ཁྲག་གི་ཆར་པ་སི་ལི་ལི། །ཆིབས་སུ་རྔ་མོང་དཔུང་དཀར་ཆིབས། །ཁྲག་གི་རྒྱ་མཚོར་གཤེགས་པའི་ཚེ། །ཁྲག་ནད་དགྲ་བོའི་ཡུལ་དུ་དྲོངས། །ཕྱག་ན་ཁྲག་ཟོར་ནད་རྐྱལ་ཐོགས། །དགྲ་ལ་ཁྲག་ཟོར་ཁྲག་ནད་རྒྱོབས། །དམ་ཉམས་བསྟན་དགྲ་རྡུལ་དུ་རློགས། །བྷྱོ་མ་མ་རུ་ལུ་གནོད་བྱེད་དགྲ་འདྲེ་བྱད་གསུམ་གྱི་སྲོག་ལ་མཱ་ར་ཡ་ཆད༔ དེ་ནས་ཐོད་ཟོར་ཐོགས་ལ། བྷྱོཿ ལི་ཡི་ཡུལ་དུ་མ་མོ་ནི། །ཨུ་རྟ་དམར་མོ་ཟངས་ཀྱི་རལ་པ་ཅན། །བྱང་ཤར་མཚམས་ཀྱི་མ་མོ་ནི། །རླུང་ནག་འཚུབ་མའི་ནང་ན་གནས། །སྤྲིན་གྱི་རྒྱལ་མོ་དུ་རུ་ཀ །ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས། །སྔགས་འཆང་བསྟན་པ་སྲུང་བའི་ཚོགས། །དཔལ་ལྡན་ལྷ་མོ་མཐུ་མོ་ཆེ། །སྐུ་ལ་ཡེ་ཤེས་མེ་


CMR041_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་འབར། །སྲིད་གསུམ་ཟོར་གྱི་བདག་མོ་སྟེ། །ནད་ཀྱི་བདག་མོ་ཟོར་ལ་བསྐྱོད། །ཕྱག་ན་ཐོད་ཟོར་སྐྱ་བོ་བསྣམས། །བལ་མོས་ཐོད་ཟོར་དགྲ་ལ་ཡ། །དགྲ་བོ་བདུན་རྒྱུད་རྩད་ནས་ཆོད། །མ་མ་བྷྱོ་བྷྱོ་དམ་ཉམས་དགྲ་བགེགས་མཱ་ར་ཡ་ཕཊ༔ དེ་ནས་རྐོང་ཟོར་ཐོགས་ལ། བྷྱོཿ མ་མོ་ཁྱོད་ཀྱི་ལས་མཁན་ནི། །བལ་མོ་ཆུ་སྲིན་གདོང་པ་ཅན། །ཁ་ནས་ངན་སྔགས་མདའ་ལྟར་འཕེན། །ཞལ་གདངས་མིག་བསྒྲད་མཆེ་བ་གཙིགས། །ལྗགས་ནི་བར་སྣང་གློག་ལྟར་འཁྱུགས། །ཕྱག་ན་རྐོང་ཟོར་དགྲ་ལ་འཕེན། །བདུད་བཙན་གཤིན་རྗེའི་ཟོར་སྣ་ཟློག །དགྲ་བོའི་ཡུལ་དུ་ཟོར་སྣ་ཁྲིད། །དགྲ་བོ་མི་ནོར་རྡུལ་དུ་རློགས། །མ་མ་ཁ་སུ་ཏྲི་ཀ་ཏྲི་ཡཾ་ཡཾ་ཐུམ་རི་ལི་ལི། དེ་ནས་ཐུན་ཟོར་ཐོགས་ལ། ཧཱུྃ། ང་ནི་གཟའ་བདུད་ཆེན་པོ་ཡིན། །ང་ནི་དུ་ཝ་མཇུག་རིང་ཡིན། །སེམས་ཅན་སྲོག་ལ་ང་དབང་ཆེ། །དེ་བས་ཐམས་ཅད་ང་ལ་འདུས། །དེ་རིང་ལོག་འདྲེན་བསྒྲལ་བ་ཡིན། །ང་ཡི་མགོ་ནི་མི་དམར་ཡིན། །ལག་ན་མེ་ཟོར་དམར་པོ་བསྣམས། །མེ་ཟོར་དམ་ཉམས་དགྲ་ལ་རྒྱོབ། །སྤྱན་མིག་གཡས་གཡོན་ཉི་ཟླ་གཉིས། །ལག་པ་


CMR041_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཟོར་ཆུ་ཟོར་བསྣམས། །མེ་ཟོར་ཆུ་ཟོར་དགྲ་ལ་རྒྱོབས། །ང་ཡི་ཁ་འདི་སྲིན་པོའི་ཁ། །བྱད་དང་ངན་སྔགས་དགྲ་ལ་རྒྱོབས། །ལག་པ་གཡས་གཡོན་ལྷག་པ་སྟེ། །ཕྱག་ན་ཁྲག་ཟོར་ཤིང་ཟོར་བསྣམས། །ཤིང་གི་ཟོར་མདའ་དགྲ་ལ་རྒྱོབས། །རྐེད་པ་གཡས་པ་པ་ཝ་སངས། །ལག་པ་ལྕགས་ཀྱི་མདའ་ཟོར་བསྣམས། །ལྕགས་ཟོར་གྲི་མདུང་དགྲ་ལ་རྒྱོབས། །རྐང་གཡོན་དུ་ཝ་མཇུག་རིང་ཡིན། །ལག་ན་གསེར་གྱི་མཆོད་རྟེན་བསྣམས། །ས་བདུད་ས་སྲིན་དགྲ་ལ་རྒྱོབས། །སྒལ་ཚིགས་རྒྱུ་སྐར་ཉེར་བརྒྱད་དེ། །ལག་ན་ཐུན་རྫས་སྣ་ཚོགས་ཐོགས། །སྐར་ངན་སྐར་མདའ་དགྲ་ལ་རྒྱོབས། །གཟའ་གདོང་རྒྱུ་སྐར་འཁོར་བཅས་རྣམས། །དྲག་པོ་ཟོར་གྱི་ལས་ལ་བཞེངས། །མཚོན་ཆ་དུག་ཐུན་སྣ་ཚོགས་ཟོར། །བསྟན་པ་བཤིག་པའི་དགྲ་ལ་དྲོངས། །ཐལ་བ་རྡུལ་དུ་བརླག་པར་མཛོད། །རཀཱ་ར་ཧུ་ལ་གནོད་བྱེད་དགྲ་བགེགས་མཱ་ར་ཡ་རྦད། དེ་ནས་མཚོན་ཆ་སྣ་ཚོགས་ཐོགས་ལ། ཧཱུྃ། ནམ་མཁའ་གཡུ་ཡི་ལྡིང་ཁང་ནས། །གསང་བ་གཟའ་བདུད་སྤྲུལ་པ་ལས། །ཤེལ་གྱི་མདོག་ཅན་མི་སྲུན་པ། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །


CMR041_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ན་གཅོད་བྱེད་རལ་གྲི་བསྣམས། །གཡོན་ན་མཚོན་ཆ་སྣ་ཚོགས་བསྣམས། །དམ་ཉམས་དགྲ་ལ་མཚོན་ཟོར་ཡ། །གནོད་པའི་བགེགས་ལ་མཚོན་ཟོར་ཡ། །བྱད་མ་དམ་ཉམས་དགྲ་འདྲེ་ལ། །སྣ་ཚོགས་མཚོན་ཆའི་ཆར་པ་ཕོབ། །མགོ་ལུས་ཡན་ལག་དུམ་བུར་གཏུབས། །བཛྲ་ཏིག་ན་དགྲ་བོའི་སྙིང་ལ་མཱ་ར་ཡ་ཆོད་ཆོད། ༈ དེ་ནས་མེ་ཟོར་ཐོགས་ལ། ཧཱུྃ། དུར་ཁྲོད་ཆེན་པོ་བསིལ་ཚལ་ནས། །ས་སྟེང་མེ་རི་འབར་ཀློང་ནས། །མ་ཧཱ་དེ་ཝའི་ཐུགས་སྤྲུལ་ལས། །སྤྱང་ཀིའི་མགོ་ཅན་མི་སྲུན་པ། །སྐུ་མདོག་དམར་ནག་འཇིགས་པའི་གཟུགས། །ཕྱག་གཡས་སྲེག་པའི་མེ་དཔུང་བསྣམས། །གཡོན་པས་མེ་ཟོར་དམར་པོ་བསྣམས། །དེ་རིང་བགེགས་ལ་མེ་ཟོར་ཡཱ། །དེ་རིང་དགྲ་ལ་མེ་ཟོར་ཡཱ། །དགྲ་བགེགས་སྲེག་པའི་ལས་མཛོད་ཅིག །མ་ཧཱ་དེ་ཝ་གནོད་བྱེད་དགྲ་བགེགས་ཐུམ་རི་ལི་ལི། ཛྭ་ལ་རཾ་རཾ༔ ༈ དེ་ནས་ཆུ་ཟོར་ཐོགས་ལ། ཧཱུྃ། རྒྱ་མཚོ་འཁྱིལ་བའི་རྦ་ཀློང་ནས། །ཕག་རྒོད་མགོ་ཅན་མི་སྲུན་པ། །གཡས་པ་ཆུ་ཟོར་སྔོན་པོ་ཐོགས། །གཡོན་ནི་ཆུ་ཐིགས་བཤའ་སྦྱད་བསྣམས། །དགྲ་བགེགས་སྟེང་དུ་ཆུ་ཟོར་


CMR041_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱོབས། །ཡུལ་མཁར་རྨིང་ནས་ཕྱགས་པར་མཛོད། །དགྲ་བོ་མཱ་ར་ཡ་ཁཾ་ཁཾ། དེ་ནས་གཏོར་ཟོར་ཐོགས་ལ། ཧཱུྃ། འཕགས་པ་འཇམ་དཔལ་ཐུགས་རྗེ་ཡིས། །འགྲོ་དྲུག་ཡོངས་ལ་ཕན་གདགས་ཕྱིར། ཡ།སྟོབས་ལྡན་མགོ་གསུམ་ལས་ལ་བཞེངས། །མི་དམར་བདུད་བཙན་ལས་ལ་བཞེངས། །མ་མོ་དཔོན་གཡོག་ལས་ལ་བཞེངས། །ཁྲོ་བོ་ཕ་བརྒྱད་ལས་ལ་བཞེངས། །ས་བདག་བུ་བརྒྱད་ལས་ལ་བཞེངས། །སྤར་སྨེ་ལོ་སྐོར་ལས་ལ་བཞེངས། །ལོ་རྒན་དྲུག་ཅུ་ལས་ལ་བཞེངས། །དཔལ་མགོན་བདུན་ཅུ་ལས་ལ་བཞེངས། །ལོ་ཟླ་ཞག་དུས་ལས་ལ་བཞེངས། །རུ་འདྲེན་སྡེ་བཞི་ལས་ལ་བཞེངས། །ཕོ་ཉ་གཡོག་འཁོར་ལས་ལ་བཞེངས། །དོ་ནུབ་དགྲ་ལ་དམག་འདྲེན་ནོ། །དོ་ནུབ་བགེགས་ལ་དམག་འདྲེན་ནོ། །དོ་ནུབ་ཟོར་གྱི་ལམེ་བྱེ་དོ། །དོ་ནུབ་གཏོར་ཟོར་དགྲ་ལ་འཕེན། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །སྲུང་རྟ་སྲོག་ལུས་དབང་ཐང་ལུས། །ཕྱོགས་ཀྱི་བདུན་ཟུར་གཤེད་བཞི་དང་། །ལོ་སྐག་ཟླ་སྐག་ཟོར་གྱིས་ཟློག །མི་ནད་ཡམས་ནད་ཟོར་གྱིས་ཟློག །གློ་བུར་ཡེ་འདྲོགས་ཟོར་གྱིས་ཟློག །མོ་ངན་རྨིས་ངན་ཟོར་


CMR041_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཟློག །བན་བྱེད་བོན་བྱད་ཟོར་གྱིས་ཟློག །ཕྱུགས་ལ་གློ་ཧོན་ཟོར་གྱིས་ཟློག །མེ་ཆུ་དགྲ་གཤེད་ཟོར་གྱིས་ཟློག །ཤིང་དགྲ་ལྕགས་དགྲ་ཟོར་གྱིས་ཟློག །དགྲ་གྱོད་འཁོན་གསུམ་ཟོར་གྱིས་ཟློག །དེ་ལྟར་མི་ནག་འཁོར་བཅས་ཀྱི། །ཕྱག་གཡས་རང་རྟགས་མཚོན་ཆ་ཐོགས། །དགྲ་བོའི་ལུས་ལ་མཚོན་ཟོར་རྒྱོབ། །གཡོན་པས་གཏོར་ཟོར་བགེགས་ལ་འཕེན། །གནོད་པའི་བགེགས་ལ་གཏོར་ཟོར་རྒྱོབས། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བགེགས་ཀྱི་སྟེང་དུ་ཟོར་སྣ་དྲོངས། །ཁྱད་མའི་སྟེང་དུ་ཟོར་སྣ་དྲོངས། །སངས་རྒྱས་བསྟན་པའི་སྤྱི་དགྲ་དང་། །དཔལ་ལྡན་བླ་མའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་ལ། །སྣ་ཚོགས་ཟོར་གྱི་ཆར་པ་ཕོབ། །དམ་ཉམས་སྙིང་ལ་གཏོར་ཟོར་རྒྱོབས། །ལུས་ངག་ཡིད་གསུམ་དུམ་བུར་གཏུབ། །ཤ་ཁྲག་ལས་མཁན་ཞལ་དུ་བཞེས། །ལྷག་མ་མེས་བསྲེགས་ཆུ་ཡིས་ཁྱེར། །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །དེ་ནས་གཏོར་ཟོར་འཕངས་ལ་བཟློག་སྔགས་རིང་མོ་བརྗོད། དམིགས་པ་ནི་རང་ཉིད་ཡི་དམ་འཕགས་པ་འཇམ་དཔལ་ཁྲོས་པའི་ཕྱག་ན། མི་ནག་མགོ་གསུམ་འཁོར་དང་བཅས་པ་སོ་


CMR041_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་ཕྱག་མཚན་གང་ཡིན་ཐོགས་ནས། དམ་ཉམས་པའི་དགྲ་བགེགས་ལ་བརྒྱབས་པས། ཤོ་མོང་ལ་སེར་བ་ཕོག་པ་ལྟར་དུམ་བུར་གཏུབ་པ་དང་། ཁོ་ཡི་རྣམ་ཤེས་ཨཱདཀར་པོ་གསལ་བ་ལས། འཇམ་དཔལ་དང་དཀྱིལ་འཁོར་ལྷ་ཚོགས་ལས་འོད་ཟེར་འཕྲོས་ཨཱཡིག་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་དག་སྟེ། ཨཱ་ཡིག་བདེ་བ་ཅན་དུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་རྒྱངས་སེ་འཕང་། ་་ས་བརྒྱད་གནས་པའི་བྱང་ཆུབ་སེམས་དཔོ་འ་རྒྱལ་བའི་སྲས་སུ་འཁྲུངས་པར་བསམ། ཤ་ཁྲག་དེ་མི་ནག་མགོ་གསུམ་འཁོར་བཅས་ཀྱིས་ཟོས་པར་བསམ། ལྷག་མ་བསྐལ་པའི་མེ་ཡིས་བསྲེགས་ཏེ། ཐལ་བ་ཆུས་ཁྱེར་ནས་མཐའ་ཡི་རྒྱ་མཚོར་ཁྱེར་བས་མིང་ནས་མེད་པར་བསམས། དེ་ལྟར་བྱས་པས་ཕྱི་མ་ཡང་རང་ལ་མི་སྒྲིབ་པར། རྒྱུད་ཐམས་ཅད་ནས་གསུངས་སོ། །ཨ་རཱ་གས་གསུངས། བཀྲ་ཤིས་པར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས་སྤར་ཁའི་དགྲ་ཟོར་མཚོན་གྱི་ཆར་པ།next