Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མི་ནག་མགོ་གསུམ་མདོས་ཀྱི་ལས་འགྲིགས་ལས། གསང་བ་མི་དམར་མགོ་གསུམ་གྱི་སྣ་ཁྲིད།
   
   


 
previousམི་ནག་མགོ་གསུམ་མདོས་ཀྱི་ལས་འགྲིགས་ལས། གསང་བ་མི་དམར་མགོ་གསུམ་གྱི་སྣ་ཁྲིད།next

མི་ནག་མགོ་གསུམ་མདོས་ཀྱི་ལས་འགྲིགས་ལས། གསང་བ་མི་དམར་མགོ་གསུམ་གྱི་སྣ་ཁྲིད།


CMR041_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནག་མགོ་གསུམ་མདོས་ཀྱི་ལས་འགྲིགས་ལས། གསང་བ་མི་དམར་མགོ་གསུམ་གྱི་སྣ་ཁྲིད་བྱ་བ་བཞུགས་སོ། །


CMR041_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། མི་ནག་མགོ་གསུམ་མདོས་ཀྱི་སྣ་ཁྲིད། གསང་བ་མི་དམར་མགོ་གསུམ་ནི། མདོས་རྫོངས་ཞལ་བསྟབ་ལམ་བསྟན་ཚར་ནས་འདི་ཡིས་སྣ་ཁྲིད་བྱས་ནས་སོང་བའི་ཚུལ་དུ། མདོས་དཔག་རན་ཁར་འདི་སྐད་དོ། །ཀྱཻ། མི་དམར་མགོ་གསུམ་ཚུར་ཉོན་དང་། །ནག་པོ་མགོ་གསུམ་མདོས་གཏོང་ན། །མི་དམར་ཁྱོད་ཀྱིས་སྣ་ཁྲིད་གྱིས། །མི་དམར་ཁྱོད་ལ་ཁུར་གཅིག་བསྐུར། །མི་ནག་ཁྱོད་ལ་རྫོངས་སུ་འདེབས། །བདག་དང་ཡོན་བདག་འཁོར་བཅས་ལ། །མི་མཐུན་ཐན་ལྟས་ངན་པ་དང་། །འགོང་པོ་ཐེའུ་རང་ལང་བ་དང་། །ཕོ་སྲི་མོ་སྲི་ལང་བ་དང་། །


CMR041_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་སྲིན་ཆོ་དགུ་བསྡུས་བསྡུས་ནས། །མི་དམར་ཁྱོད་ལ་ཁུར་ཅིག་བསྐུར། །མི་ནག་ཁྱོད་ལ་རྫོངས་གཅིག་འདེབས། །དགྲ་འདྲེའི་ཡུལ་དུ་མི་ནག་སོང་། །མི་ནག་ཤ་འདོད་ཤ་དང་སྤྲོད། །མི་དམར་ཁྲག་འདོད་ཁྲག་དང་སྤྱོད། །མེ་ཉག་སོག་མོ་ངན་པ་དང་། །ཞང་ཞུང་ཇུ་ཐིག་ངན་པ་དང་། །རྒྱ་ཡི་གཙུག་ལག་ངན་པ་དང་། །བོད་ཀྱི་ལྷ་བཀྲ་ངན་པ་དང་། །དགྲ་ཡི་ལྷ་ཉེ་ངན་པ་དང་། །ནུབ་ཀྱི་རྨི་ལམ་ངན་པ་དང་། །དུས་ཀྱི་འཁྲུག་པ་ངན་པ་དང་། །མོ་ངན་སོགས་སྡིག་བསྡུས་བསྡུས་ནས། །མི་དམར་ཁྱོད་ལ་ཁུར་གཅིག་བསྐུར། །མི་ནག་


CMR041_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་རྫོངས་སུ་འདེབས། །དགྲ་བོའི་ཡུལ་དུ་མི་ནག་སོང་། །མི་ནག་ཤ་འདོད་ཤ་དང་སྤྱོད། །མི་དམར་ཁྲག་འདོད་ཁྲག་དང་སྤྱོད། །རྒྱ་གར་ཆོས་འཁྲུག་ངན་པ་དང་། །སྟག་གཟིག་ནོར་གྱི་སྣེ་འདྲེ་དང་། །གེ་སར་དམག་གི་དགྲ་འདྲེ་དང་། །རྒྱལ་ཕྲན་བཞི་ཡི་ཞེ་ངན་དང་། །ཞང་ཞུང་ངན་སྔགས་བཅས་པ་དང་། །བལ་པོའི་ངན་སྔགས་བཏང་བ་དང་། །བནྡེ་ཡོངས་ཀྱི་སྔགས་ཟོར་དང་། །བོན་པོ་ཡོངས་ཀྱི་གཏད་ཟོར་དང་། །སྐྱེ་བོ་ཡོངས་ཀྱི་མདའ་ཟོར་དང་། །སྦྱོ་ཟོར་ཆོ་དགུ་བསྡུས་བསྡུས་ནས། །མི་དམར་ཁྱོད་ལ་ཁུར་གཅིག་བསྐུར། །མི་ནག་ཁྱོད་ལ་རྫོངས་སུ་འདེབས། །དགྲ་བོའི་ཡུལ་དུ་མི་ནག་སོང་། །མི་ནག་ཤ་འདོད་ཤ་དང་སྤྱོད། །མི་དམར་ཁྲག་འདོད་ཁྲག་དང་སྤྱོད། །མི་ནད་སྣ་དགུ་རྟ་ནད་འཚེར་རྩུབ་དང་། །ཕྱུགས་ནད་གློ་ཧོན་ལུག་ནད་ལྟེ་བ་དང་། །ར་ནད་གིག་ཐང་ཕག་ནད་སྡིག་པ་དང་། །ཁྱི་ནད་དེ་ནི་གག་པ་རྣམས། །ནད་སྣ་ཆོ་དགུ་བསྡུས་བསྡུས་ནས། མི་དམར་ཁྱོད་ལ་ཁུར་ཅིག་བསྐུར། །མི་ནག་ཁྱོད་ལ་རྫོངས་གཅིག་འདེབས། །དགྲ་བོའི་ཡུལ་དུ་མི་ནག་སོང་། །མི་ནག་ཤ་འདོད་ཤ་དང་སྤྱོད། །མི་


CMR041_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཁྲག་འདོད་ཁྲག་དང་སྤྱོད། །བརྒྱ་ཡི་མི་ཁ་སྟོང་གི་བྲ་མཆུ་དང་། །གློ་བུར་ཡེ་འདྲོགས་འོང་བ་དང་། །ཕོ་སྐག་གངས་ལྟར་ཉིལ་བ་དང་། །མོ་སྐག་བལ་ལྟར་གཡེང་བ་དང་། །སྐྱེ་བོའི་ཡལ་ཁ་བྱེ་བ་དང་། །མི་ཁ་བྲ་མཆུ་བསྡུས་བསྡུས་ནས། །མི་དམར་ཁྱོད་ལ་ཁུར་གཅིག་བསྐུར། །མི་ནག་ཁྱོད་ལ་རྫོངས་སུ་འདེབས། །དགྲ་བོའི་ཡུལ་དུ་མི་ནག་སོང་། །མི་ནག་ཤ་འདོད་ཤ་དང་སྤྱོད། །མི་དམར་ཁྲག་འདོད་ཁྲག་དང་སྤྱོད། །བེའུ་ལ་སྣ་མེད་ཡ་སོ་སྐྱེས། །རྟ་ལ་སྟེ་ལག་ཁྲིད་པ་དང་། །ཕྱུགས་ལ་ཡན་ལག་མ་ཚང་དང་། །ར་ལུག་ལྷག་ཆད་ཐན་སྣ་དང་། །རི་དྭགས་ཁྱིམ་དུ་འགྲིམ་པ་དང་། །ཡོས་བཏགས་རམ་ཕྱེ་བྱུང་བ་དང་། །བྱ་ཐན་བྱིའུ་ཐན་སྦྲུལ་ཐན་དང་། །ཐན་ངན་ཐམས་ཅད་བསྡུས་བསྡུས་ནས། །མི་དམར་ཁྱོད་ལ་ཁུར་གཅིག་བསྐུར། །མི་ནག་ཁྱོད་ལ་རྫོངས་སུ་འདེབས། །དགྲ་བོའི་ཡུལ་དུ་མི་ནག་སོང་། །མི་ནག་ཤ་འདོད་ཤ་དང་སྤྲོད། །མི་དམར་ཁྲག་འདོད་ཁྲག་ལ་འཐུང་། །སྐེ་ནད་མིག་ནད་སོ་ནད་དང་། །ཁྲག་ནད་རྒྱུ་གཟེར་རིམས་ནད་དང་། །འབྲུམ་བུ་ལྷོག་པ་རྒྱ་ཐོར་དང་། །མི་ནད་ཐམས་


CMR041_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྡུས་བསྡུས་ནས། །མི་དམར་ཁྱོད་ལ་ཁུར་གཅིག་བསྐུར། །མི་ནག་ཁྱོད་ལ་རྫོངས་སུ་འདེབས། །དགྲ་བོའི་ཡུལ་དུ་མི་ནག་སོང་། །མི་ནག་ཤ་འདོད་ཤ་དང་སྤྱོད། །མི་དམར་ཁྲག་འདོད་ཁྲག་དང་སྤྱོད། །ཚ་སླད་གྲང་སླད་ཀླད་སྡོད་དང་། །གླན་པ་ལ་གར་ཁོའི་ཁྱོག་དང་། རྟ་ནད་ཐམས་ཅད་བསྡུས་བསྡུས་ནས། །མི་དམར་ཁྱོད་ལ་ཁུར་གཅིག་བསྐུར། །མི་ནག་ཁྱོད་ལ་རྫོངས་སུ་འདེབས། །དགྲ་བོའི་ཡུལ་དུ་མི་ནག་སོང་། །མི་ནག་ཤ་འདོད་ཤ་དང་སྤྱོད། །མི་དམར་ཁྲག་འདོད་ཁྲག་དོང་སྤྱོད། །ཁ་ཚ་གློ་ཧོན་ལྷོག་པ་དང་། །གཟའ་ནད་ཀླད་སྨོན་རྩ་དཀར་དང་། །གོར་ནད་མཆིན་བུ་རྔོ་དམར་དང་། །ནོར་ནད་ཐམས་ཅད་བསྡུས་བསྡུས་ནས། །མི་དམར་ཁྱོད་ལ་ཁུར་གཅིག་བསྐུར། །མི་ནག་ཁྱོད་ལ་རྫོངས་སུ་འདེབས། །དགྲ་བོའི་ཡུལ་དུ་མི་ནག་སོང་། །མི་ནག་ཤ་འདོད་ཤ་དང་སྤྱོད། །མི་དམར་ཁྲག་འདོད་ཁྲག་དང་སྤྱོད། །ལྟེ་བ་མྱང་ངན་ནད་ན་དང་། །འབྲུམ་བུ་སྐྱེ་འགགས་ར་འབུ་སོགས། །ལུག་ནད་ར་ནད་བསྡུས་བསྡུས་ནས། །མི་དམར་ཁྱོད་ལ་ཁུར་གཅིག་བསྐུར། །མི་ནག་ཁྱོད་ལ་རྫོངས་སུ་འདེབས། །


CMR041_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོའི་ཡུལ་དུ་མི་ནག་སོང་། །མི་ནག་ཤ་འདོད་ཤ་དང་སྤྱོད། །མི་དམར་ཁྲག་འདོད་ཁྲག་དང་སྤྱོད། །འབྲས་དང་གག་པ་ལྕེ་འབམ་དང་། །གག་སྨྱོན་ཁྱི་སྨྱོན་བྱུང་བ་དང་། །ཁྱི་ནད་ཐམས་ཅད་བསྡུས་བསྡུས་ནས། །མི་དམར་ཁྱོད་ལ་ཁུར་གཅིག་བསྐུར། །མི་ནག་ཁྱོད་ལ་རྫོངས་སུ་འདེབས། །དགྲ་བོའི་ཡུལ་དུ་མི་ནག་སོང་། །མི་ནག་ཤ་འདོད་ཤ་དང་སྤྱོད། །མི་དམར་ཁྲག་འདོད་ཁྲག་དང་སྤྱོད། །མི་ཁ་བྲ་མཆུ་ཁྱེར་ལ་སོང་། །མོ་ངན་ལྟས་ངན་ཁྱེར་ལ་སོང་། །སྙིང་སྟོང་གོད་ཁ་ཁྱེར་ལ་སོང་། །ཡམས་ནད་དགྲ་སྣ་ཁྲིད་ལ་སོང་། །བཙའ་སད་སེར་གསུམ་ཁྱེར་ལ་སོང་། །མི་ནད་ནོར་ནད་ཁྱེར་ལ་སོང་། །རྟ་ནད་ཁྱི་ནད་ཁྱེར་ལ་སོང་། །ར་ནད་ལུག་ནད་ཁྱེར་ལ་སོང་། །མདོས་ཆེན་འདི་ཡི་གཏོ་སྣ་ཁྲིད། །དམ་ཉམས་དགྲ་བོའི་ཡུལ་དུ་སོང་། །དེ་རུ་གནས་ཆོས་ཟ་སྐལ་གཏོང་། །མིང་ཡང་མེད་པར་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མི་དམར་མགོ་གསུམ་གྱི་སྣ་ཁྲིད་རྫོངས་འདེབས་འདི། མདོས་འབུལ་ཁར་འགེལ་དུ་བཅའ་གསོལ་ཡོད་ཀྱང་ངལ་པོ་ནང་གི་མི་དམར་སྣ་ཁྲིད་བསལ་ན་ལེགས་སོ། །དགེའོ། །ཨ་རཱ་གས་


CMR041_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས།། །། ༧ ཁོམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousམི་ནག་མགོ་གསུམ་མདོས་ཀྱི་ལས་འགྲིགས་ལས། གསང་བ་མི་དམར་མགོ་གསུམ་གྱི་སྣ་ཁྲིད།next