Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
སྣང་བརྒྱད་མདོས་ཀྱི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousསྣང་བརྒྱད་མདོས་ཀྱི་ཟིན་བྲིས།next

སྣང་བརྒྱད་མདོས་ཀྱི་ཟིན་བྲིས།


CMR042_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བརྒྱད་མདོས་ཀྱི་ཟིན་བྲིས་བཞུགས་སོ།


CMR042_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་མཉྫ་ཤྲཱི་ཡེ། གནམ་ས་སྣང་བརྒྱད་མདོས་ཀྱི་བཅའ་ལུགས་ནི། །སྤྲོ་མ་ལ་སོགས་གཙང་མ་ཉོབ་བཀང་ལ། །དེ་ཡི་སྟེང་དུ་ཟན་ནམ་འཇིམ་པ་ལ། །རི་རབ་བང་རིམ་བཞི་སྟེང་རུས་སྦལ་བཞག །དེ་སྟེང་དཀར་གཏོར་ཆེ་བ་རྩེ་རྒྱལ་གཅིག །དེ་རྒྱབ་ཕྱོགས་བཞིར་དཀར་གཏོར་བཞི་བཞག་སྟེ། །དཀར་གཏོར་ལྔ་པོ་འབྱུང་བའི་ས་བདག་ཡིན། །དེ་རྒྱབ་སྨེ་བ་དགུ་ལ་སྨེ་བཤོས་དགུ། །ལྔ་སེར་བཤོས་བུ་གཙོ་བོའི་མདུན་དུ་བཞག །དེ་རྒྱབ་སྤར་ཁ་བརྒྱད་ལ་སྤར་བཤོས་བརྒྱད། །དེ་རྒྱབ་ལོ་སྐོར་བཅུ་གཉིས་ལོ་བཤོས་བསྐོར། །དེ་རྒྱབ་ཕྱོགས་བཞིར་དཀར་གཏོར་རེ་


CMR042_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རེ་དང་། །མཚམས་སུ་འབྲི་གཡག་རྟ་ལུག་གཟུགས་འགྲོས་བཞི། །ཤར་སྟག་ལྷོ་འབྲུག་ནུབ་བྱ་བྱང་རུས་སྦལ། །དེ་ཡི་རྒྱབ་ཏུ་ངར་མི་རིལ་བུ་དང་། །མཐེབ་སྐྱུ་ཆངས་བུས་བསྐོར་ཏེ་ཤ་རྒྱན་སྤངས། །རྩེ་ལ་མདའ་རྒོད་སྨུག་རྒོད་གཙང་མ་ལ། །དར་ཚོན་སྣ་ལྔའམ་ནི་བལ་ཚོན་བཏགས། །གཞི་ནི་དཀར་པོའི་སྟེང་དུ་སྣང་མདོས་བཞག །ཐ་མར་མཆོད་པ་སྣ་བདུན་གསེར་སྐྱེམས་དང་། །ཤེལ་ཚིགས་ཕྱེ་མར་ལ་སོགས་ཅི་འབྱོར་བཤམས། །ཤུག་དུད་ཅུང་ཟད་བཏང་ཞིང་ཕྱེ་མར་མཆོད། །ཕྱི་རོལ་ཤིང་རྩི་སྣ་ཚོགས་བརྒྱན་པར་འཛུགས། ༈ །རྒྱས་པར་བྱེད་ན་སྔགས་


CMR042_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཕྱག་རྒྱ་དྲུག །བསྡུས་པར་མཆོད་པ་བྱིན་བརླབ་བསང་ལྟར་བྱ། །རྒྱས་པར་སྣང་བརྒྱད་དཀར་ནག་ཁྲ་གསུམ་དང་། །སྣང་མདོས་ཉིད་ཀྱང་གཞུང་ལྟར་འདོན་པ་ཡིན། །འབྲིང་དུ་སྣང་བརྒྱད་དཀར་ནག་གང་རུང་དང་། །སྣང་མདོས་འདོན་ཞིང་ཤིན་ཏུ་བསྡུས་པ་ནི། །སྣང་བརྒྱད་གང་རུང་འདོན་ཞིང་གཏོར་མ་རྣམས། །དཀར་གཏོར་གཞུང་མ་ལྟ་བུ་བསྔོས་བྱས་ལ། །ས་བདག་རིགས་དང་བིཊྚི་ཁྲ་ཚ་ཟིན་ཕུང་གཡུ་མཛོད་ལ་སོགས་ལ་དཀར་གཏོར་ལྔ་མཐར་བཞག་པ་ཕྱག་ལེན། མཆན། དེ་ནས་སྣང་མདོས་ཁང་ཐོག་དཀྱིལ་དུ་བཞག །སྟག་དང་དཀར་གཏོར་ཁང་པའི་ཤར་སྟེང་བཞག །འབྲུག་དང་དཀར་གཏོར་གཅིག་ནི་ལྷོ་ཡི་ཕྱོགས། །བྱ་དམར་དཀར་གཏོར་ཁང་པའི་ནུབ་ཏུ་ཕུལ། །རུས་སྦལ་རྒྱ་བོ་དཀར་གཏོར་བྱང་དུ་བཞག །གལ་ཏེ་ཕུད་པའི་དུས་ཡིན་ན། །ཕུང་པོ་མ་ཁྱོག་བར་དུ་བྱ་ཁྱི་བསྲུང་། །བག་མའི་དུས་སོགས་ཡིན་ན་དེ་དང་མཚུངས། །དམག་འགྲོ་ཁང་སར་དུར་སྤོ་ཁང་རྙིང་བཤིག་པ་སོགས་ལ་བྱེད་ལས་འདིའོ། མཆན། །དེ་ནི་བཅས་སོགས་སྟབས་བདེ་ལེགས་པ་ཡིན། །རྒྱས་པར་རི་རབ་སྟེང་དུ་རྡུལ་ཚོན་གྱིས། །རུས་སྦལ་སྤར་སྨེ་བྲིས་སྟེང་བཤོས་བུ་བཀོད། །ནམ་མཁའ་ཕྱོགས་ལྔར་བཙུགས་ཀྱང་འགལ་


CMR042_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །གལ་ཏེ་བྱེད་ན་འབྱུང་ལྔའི་རང་མདོག་ལྔ། །ནམ་མཁའ་བྱེད་སྲོལ་ཕལ་ཆེར་མེད་པ་ཡིན། །སྔགས་འཆང་འོད་ཟེར་ཞེས་བྱས་བསྐུལ་བའི་ངོར། །རྭ་གའི་མིང་ཅན་བསམ་གཏན་པ་དེས་བཀོད། །ཉེས་འགལ་མཆིས་ན་མཁས་ལ་བཤགས། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར་དུ་བསྔོ། །དགེའོ། །མངྒ་ལཾ།། ༈ དམིགས་པ་ནི་རང་ཉིད་འཇམ་དཔལ་དུ་བསྒོམ་པའམ། ཡང་ན་ཤཱཀྱ་ཐུབ་པ་བསྒོམས་བྱས་ལ། མདུན་དུ་རི་རབ་གསེར་གྱི་རུས་སྦལ་ཏེ། །འཇམ་དབྱངས་གསེར་མདོག་རལ་གྲི་པོ་ཏི་བསྣམས། །འཁོར་དུ་འབྱུང་བ་སྤར་སྨེ་ལོ་ས་སྤར་སྨེས་བསྐོར། །མངོན་སུམ་ལྟར་དམིགས་སྤྱན་དྲངས་མཆོད་པ་འབུལ། །རྗེས་ནས་སྲུང་སྐྱབས་མགོན་སྐྱབས་ཕྱོགས་སྐྱོང་བཞུགས། །དེ་ལྟར་གསལ་བར་དམིགས་ལ་སྣང་བརྒྱད་འདོན། །མཐར་ནི་དམིགས་མེད་ཆོས་ཀྱི་དབྱིངས་སུ་གཤེགས། །ཤིན་ཏུ་གལ་ཆེན་བྱ་བར་སེམས་པ་ན། །སྣང་བརྒྱད་འདོན་རྗེས་སྣང་བརྒྱད་སྙིང་པོའི་སྔགས། །བརྒྱ་རྩ་བརྒྱད་སོགས་བཟླས་ནས་བཀྲ་ཤིས་བརྗོད། །འདི་ནི་ཤིན་ཏུ་ཟབ་པའི་མན་ངག་ཡིན། །དེ་སྐད་དྲང་སྲོང་༧ རཱ་གའི་མིང་གིས་སྨྲས། །དགེ་བས་སྐྱེ་དགུ་བདེ་


CMR042_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགོད་པར་ཤོག །བསྟན་འཛིན་ཡོངས་ཀྱི་བསྟན་པའི་སྒྲོན་མཆོག་དམ་པར་ཤོག །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


no previousསྣང་བརྒྱད་མདོས་ཀྱི་ཟིན་བྲིས།next