Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
གཏོར་རྒྱབ་འཆི་བདག་ཞགས་གཅོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོར་རྒྱབ་འཆི་བདག་ཞགས་གཅོད།next

གཏོར་རྒྱབ་འཆི་བདག་ཞགས་གཅོད།


CMR042_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རྒྱབ་འཆི་བདག་ཞགས་གཅོད་བཞུགས་སོ༔


CMR042_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ གང་ཞིག་སྒྲུབ་པའི་རྣལ་འབྱོར་པས༔ བསྲུང་བྱ་གདོན་ཆེན་གདོན་པ་ལ༔ གཏོར་ཁོ་སྟོན་པའི་མན་ངག་ནི༔ རང་ཉིད་ཡི་དམ་བསྙེན་ཐེམ་པའི་གཞུང་བསྲང་སྒྲུབ་པ་ཅི་འགྲུབ་རྗེས༔ བྱུང་ན་བྱིན་རླབས་ཆེ་བ་ཡིན༔ མ་བྱུང་ཉིན་བསྒྲུབས་བྱས་ཀྱང་རུང་༔ གློ་བུར་ལས་བཅོལ་ཞེས་བྱ་བས༔ མཆོད་བསྟོད་རྒྱས་བསྡུས་སྐབས་བསྟུན་ལ༔ ཟློག་པ་ལ་སོགས་ཡོད་པའི་རིགས༔ མདུན་བསྐྱེད་ད་ལ་ཅི་བཞིན་བཤམས༔ ཕྲིན་ལས་བཅོལ་བའི་གཏོར་མ་རྒྱུ༔ ཐོག་མདེལ་ལྟ་བུ་གཅིག་གམ་གསུམ༔ ཤ་དར་མེ་རུ་བཙུགས་པར་བཤམས༔ ལྷ་དེའི་གཞུང་བསྲང་བཟླས་པའི་རིགས༔ རྩ་ངར་ལྡན་པ་ཅི་མང་བསྙེན༔ ཚེས་འཇམ་ཐེབས་བཟང་ལྡོག་མེད་དུས༔ བབ་ཚེ་ཟློག་


CMR042_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རིམ་འབུལ་རྗེས༔ ནད་པ་དེ་ལ་ཟོར་ཁ་སྟོན༔ དམིགས་པ་ཟོར་རྟགས་ཞལ་དུ་གབ༔ དེ་ལས་རང་ཉིད་ཆས་གོས་བཀླུབས༔ མཆེད་ལྕམ་རོལ་ཐོགས་གཡས་གཡོན་བཀྲམ༔ མདུན་དེར་ནད་པས་ཕྱག་གསུམ་འཚལ༔ ཙོག་པུར་འདུག་བཅུག་མཆོད་གཡོག་པས༔ གསེར་སྐྱེམས་བཤམས་ལ་འདི་སྐད་དོ༔ ཧཱུྃ༔ མཆོག་གསུམ་སྟོན་པ་ཡི་དམ་དཀྱིལ་འཁོར་ལྷ༔ དཀྱིལ་འཁོར་དགུ་རྫོགས་ལྷ་ཚོགས་དང་༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ དམ་ཅན་སྲུང་མའི་ཚོགས་བཅས་རྣམས༔ དོ་ནུབ་གསན་ཅིང་དགོངས་སུ་གསོལ༔ ལྷ་དང་སྲུང་མའི་ཚོགས་བཅས་ལ༔ ཤིན་ཏུ་དྲག་པོའི་ཕྲིན་ལས་བཅོལ༔ དུས་ལ་བབ་བོ་


CMR042_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཅན༔ དམ་ལས་མ་འདའ་ས་མ་ཡ༔ དོ་ནུབ་རྒྱུ་སྦྱོར་ཡོན་བདག་འདིའི༔ ལུས་ངག་ཡིད་ལ་གནོད་པ་ཡི༔ སྔོན་ལས་འཕྲལ་རྐྱེན་གང་ཡིན་པའི༔ འདྲེ་གདོན་འབྱུང་། པོ་བགེགས་ཀྱི་ཚོགས༔ ནད་འདྲེ་ཚ་སྲི་བྱེད་པ་ལ༔ གཏོར་མའི་དབལ་ཟོར་འདི་བསྟན་པས༔ རུ་ང་ཕྲག་དོག་མ་བྱེད་ཅིག༔ ཕོ་ལྷ་དགྲ་ལྷ་ལེའུ་དང་༔ ལུས་ལ་མགོན་སྐྱབས་བྱེད་པ་རྣམས༔ གསེར་སྐྱེམས་གཉེན་པོ་འདི་གསོལ་ལ༔ ཁྱོད་ལ་གཏོར་ཟོར་སྣ་མི་སྟོན༔ ཡུལ་ལྷ་གཞི་བདག་ཁྱིམ་ལྷ་དང་༔ མ་ལྷ་ཞང་ལྷ་སྐྱོབ་བྱེད་རྣམས་གསེར་སྐྱེམས་གཉེན་པོ་འདི་གསོལ་ལ༔ ཁྱོད་ལ་གཏོར་ཟོར་སྣ་མི་སྟོན༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ ས་བདག་ཀླུ་གཉན་འཁོར་བཅས་རྣམས༔ གསེར་སྐྱེམས་གཉེན་པོ་འདི་གསོལ་ལ༔ ཁྱོད་ལ་གཏོར་ཟོར་སྣ་མི་སྟོན༔ ས་སྐོར་འདི་ལ་གནས་པ་རྣམས༔ མཐོ་བ་རྣམས་ཀྱིས་ཞབས་ལྡོག་ཅིག༔ དམའ་བ་རྣམས་ཀྱི་དབུ་ཆུམས་ཤིག༔ གཡས་སུ་འདུག་པ་གཡས་སུ་བྱོལ༔ གཡོན་དུ་འདུག་པ་གཡོན་དུ་བྱོལ༔ ཐད་དུ་འདུག་པ་ཐད་དུ་སྐུ་གཟུར་ཅིག༔ གསེར་སྐྱེམས་གཉེན་པོ་འདི་གསོལ་ལ༔ དོ་ནུབ་ཟོར་གྱི་


CMR042_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཕྱེས་ཤིག༔ རུ་མ་ང་ལ་ཕྲག་མ་དོག༔ དྲག་པོ་ཟོར་གྱི་འོད་འཕྲོས་པས༔ སྐུ་ལ་དེ་ནི་གདོན་ལ་རེ༔ བདེན་པའི་སྟོབས་བརྗོད་མི་ཐུབ་ཅིང་༔ ཕན་པའི་ཚིག་སྨྲས་མི་བརྩི་བར༔ དགོས་པའི་གླུད་བྱིན་མི་ལེན་པའི༔ ནད་འདྲེ་ཚ་སྲིའི་གདོན་བགེགས་ལ༔ དོ་ནུབ་ང་ཡིས་ཟོར་འདི་འཕེན༔ དེ་བས་ལྷ་དང་སྲུང་མའི་ཚོགས་དཀོན་མཆོག་གསུམ་གྱིས་གཟུ་དཔང་མཛོད༔ མཁའ་འགྲོ་ཆོས་སྐྱོང་སྡོང་གྲོགས་གྱིས༔ གསེར་སྐྱེམས་གཉེན་པོ་འདི་གསོལ་ལ༔ ཟོར་ཁ་གནོད་བྱེད་བགེགས་ལ་སྟོན༔ ཐལ་བ་རྡུལ་ཕྲན་བཞིན་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གསེར་སྐྱེམས་གཏོར༔ ཡི་དམ་གང་ཡིན་དེའི་བསྐུལ་པ་བཏང་ལ༔ བསྒྲུབ་བྱའི་ཚེ་བསོད་བསྡུ་བ་དང་ཧོམ་ཁུང་དུ་གནོད་བྱེད་གང་ཡིན་གསལ་བ་རྣམས་གཞན་གསལ་ལྟར་ལ༔ དེ་ནས་ནད་པའི་སྟོད་གོས་ཕུད་བཅོལ་ལ་ལག་ཏུ་གཏོར་མ་མེ་རུ་སྒྲོན་པ་གསལ་ལ་ངག་ཏུ༔ ཧཱུྃ༔ མ་གཡེལ་མ་གཡེལ་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཚོགས༔ བདག་ལ་གསན་ཅིང་དགོངས་སུ་གསོལ་ནས་ཀྱང་༔ ཟོར་ལམ་བསྟན་པའི་དུས་ལ་བབ༔ ཟོར་འཕང་སླར་ལ་མ་ལྡོག་ཅིག༔ དོ་ནུབ་ཟོར་གྱི་ལམ་བསྟན་


CMR042_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ སྟེང་གི་ལྷ་ལ་ཟོར་མི་འཕེན༔ བར་གྱི་གཉན་ལ་ཟོར་མི་འཕེན༔ འོག་གི་ཀླུ་ལ་ཟོར་མི་འཕེན༔ དགྲ་ལྷ་གཉན་ལ་ཟོར་མི་འཕེན༔ མགོན་བྱེད་རྣམས་ལ་ཟོར་མི་འཕེན༔ སྐྱོབ་བྱེད་ལྷ་ལ་ཟོར་མི་འཕེན༔ ཡུལ་ལྷ་རྣམས་ལ་ཟོར་མི་འཕེན༔ ཡོན་གྱི་བདག་པོའི་ཚེ་སྲོག་ལ༔ བར་ཆད་བྱེད་པའི་གདོན་བགེགས་ཀྱི༔ ལུས་ངག་ཡིད་ལ་ཟོར་འདི་ཡ༔ ཕུང་པོ་ལྔ་ལ་ཟོར་འདི་ཡ༔ དོ་ནུབ་ཟོར་གྱི་ཕྲིན་ལས་མཛོད༔ ཅེས་གལ་ཆེན་ཡིན་ན་བདེན་སྟོབས་བརྗོད་རྗེས་ལྷ་དེའི་དྲག་སྔགས་རྣམས་དང་ཧཱུྃ་བཞི་བརྗོད་ནས་དབང་ངམ་རྒྱབ་པར་བྱའོ༔ མཐར་སྲུང་འཁོར་ཚེ་སྲོག་བྱིན་རླབས་བསྟིམས་ནས༔ ཚེ་འགུགས་ཤིས་བརྗོད་བྱས་ལ་རང་གནས་དུ་བཏང་ངོ་༔ དེ་རྣམས་གཞན་དུ་གསལ་བར་ཤེས་པར་བྱའོ༔ གཏོར་རྒྱབ་འཆི་བདག་ཞག་གཅོད་ཅེས་པ་འདི་རང་གི་བསྙེན་པ་ཐེམ་པའི་ལྷ་གང་ལའང་སྦྱར་ཆོག་པ་ཞིག་དགོས་ཞེས་པདྨ་ཀུན་དགས་བསྐུལ་ངོར་རཱ་ག་ཨ་སྱས་བྲིས་པ་ལ་ཉེས་ཆ་མཆིས་ན་རྩ་གསུམ་ལྷ་ལ་བཤགས་ཤིང་དགེ་བས་འགྲོ་བའི་མི་མཐུན་ཀུན་སེལ་ཤོག༔ འདི་ཤིན་ཏུ་གཉན་པས་གར་ཐོད་ཐོད་བྱ་མི་རུང་༔ སྲུང་མས་འཁུ་ལྡོག་འོང་བས་ཨ་ཐོ་རྒྱུ༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཏོར་རྒྱབ་འཆི་བདག་ཞགས་གཅོད།next