Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
གཏོར་རྒྱབ་ཀྱི་ཟིན་བྲིས་རབ་ཏུ་གསལ་བ་ཞལ་ཤེས་དམིགས་རིམ་དང་བཅས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོར་རྒྱབ་ཀྱི་ཟིན་བྲིས་རབ་ཏུ་གསལ་བ་ཞལ་ཤེས་དམིགས་རིམ་དང་བཅས།next

གཏོར་རྒྱབ་ཀྱི་ཟིན་བྲིས་རབ་ཏུ་གསལ་བ་ཞལ་ཤེས་དམིགས་རིམ་དང་བཅས།


CMR042_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རྒྱབ་ཀྱི་ཟིན་བྲིས་རབ་ཏུ་གསལ་བ་ཞལ་ཤེས་དམིགས་རིམ་དང་བཅས་བཞུགས་སོ༔


CMR042_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀྲོ་དྷི་ཡེ། དབང་དྲག་པདྨའི་སྐུ་ལ་གུས་བཏུད་ནས། །འགྲོ་ལ་ཕན་ཕྱིར་གཏོར་མའི་མན་ངག་ནི། །ཞལ་ཤེས་ཉམས་མྱོང་སྦྱར་ནས་འདིར་འགོད་བྱ། །རྩ་བ་གསུམ་གྱིས་བཀའ་གནང་བྱིན་གྱིས་རློབས། །འདི་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། །རྟགས་དང་སྔོན་འགྲོ་ལ་ཡང་རིམ་པ་ལྟར། །མཆོད་བརྔན་གླད་སྦྱིན་བདེན་བདར་ཆོས་བཤད་དང་། །ཉེས་སྤང་བྱམས་དང་སྙིང་རྗེ་གཏོང་ལེན་བསྒོམ། །སྒྲུབ་པ་དངོས་གཞི་ལའང་རིམ་པ་ལྟར། །སྤར་བསྟིམ་བསྐྱེད་ཆོག་འགུགས་གཞུག་གཏོར་རྒྱབ་ལྔ། གསུམ་པ་རྗེས་ཀྱི་བྱ་བ་དྲུག་ཡིན་


CMR042_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བསྟིམ་ཞིང་སྲུང་དང་ལམ་དགག་སྟོང་ཉིད་བསྒོམ། །བསྔོ་བ་སྨོན་ལམ་གཏོར་པྲ་བརྟག་པའོ། ༈ །དང་པོ་གཏོར་རྒྱབ་ལམ་དུ་འགྲོའམ་མི་འགྲོ་བརྟག་པ་ནི། ནད་གཉན་དང་ཚད་པ་དང་ཁྲག་ནད་རྒྱུ་གཟེར་སོགས་འགོ་བའི་ནད་ཐམས་ཅད་དང་གཟའ་ནད་ལ་མི་རུང་། །བྱས་ན་སླར་ནུས་པ་ཇི་ཙམ་ཡོད་པའི་ཚད་ཙམ་ཐུའོ། །ཡང་གཉན་དང་ཚད་པའི་འགོ་ཆོག་ན་གཞུང་དུ་གདོན་དང་རླུང་བསྡོང་བ་ལ་ཕན་ནོ། །གདོན་ཕོ་གདོན་རྒྱལ་པོ་དང་དཀོར་བདག་དམ་སྲིའི་གནོད་པ་ཐམས་ཅད་ལ་ཕན་ནོ། །མོ་གདོན་ལ་ཡང་ཕན་ནོ། །ཀླུ་དཀར་ཕྱོགས་ཀྱིས་གདོན་ན་མི་རུང་


CMR042_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། ཀླུ་གདོལ་པ་དང་ཀླུ་བདུད་གདོན་ན་རུང་བར་བཤད། གཟའ་ཡིས་གདོན་པ་ལ་བྱས་ན་རང་ངམ་ནད་པ་ལ་འཁུ་ལྡོག་འོང་བར་བཤད་དོ། །ནད་སྲོག་རླུང་སྨྱོ་འབོག་གཟའ་མ་ཡིན་པ་བརྒྱལ་བའི་ནད་ལམ་འདྲེ། ནད་ངོས་མི་ཟིན་པར་ན་བ། འགྲིམ་སྣ་ཆེ་ན་ངེས་པར་ཕན་ནོ། །ཁྱད་ཁ་ཆེན་པོ། ན་ཚ་རྒོད་ནས་ཤི་སྲི་ཞུགས་པ་ལ་ཡང་ཕན་ཏེ་རང་ལ་ཅུང་ཟད་གནོད་༔ བྱིས་སྦ་མང་དུ་ཤི་བའི་ཕ་མ་ལ་བརྒྱབ་ན་དེ་ཕྱིན་སོས་སོ། །བརྟག་པའོ། །ཨྠྀི། སྔོན་འགྲོ་ནི། བྱད་ཁས་གནོད་པ་ལ་ཤེས་ན་བྱད་མ་ཕ་རོལ་པ་དེ་ཡི་ལྷ་ཡི་དམ་ཆོས་སྐྱོང་གང་ཡིན་པ་དེའི་བསྐང་བ་དང་བཤགས་པ་འདོན། དེ་མི་ཤེས་ན་བྱད་མ་གནོད་བྱེད་དེའི་ལྷ་ཐམས་ཅད་སྤྱན་དྲངས་ནས། རང་གི་ཡི་དམ་ཆོས་སྐྱོང་ལ་བསྟིམས་ནས་རང་ལུགས་ཀྱི་བསྐང་བཤགས་ཚར་གཅིག་འདོན། ནམ་མཁའ་ལ་རྡོ་རྗེ་སེམས་དཔའ་སྒོམ་པའི་ཐུགས་ཀ་ནས་བདུད་རྩིའི་རྒྱུན་བྱུང་ནས་རང་གི་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་ཁྲུས་གསོལ་བས་སྦྱིན་བདག་ལ་ལྷ་འཁོན་ཞུགས་པ་ཐམས་ཅད་དག །ལྷ་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩིའི་རྒྱུན་བྱུང་ནད་པའི་ལུས་ཕྱི་ནས་བཀྲུས་པས་ནད་པ་ཐམས་ཅད་དམ་ཚིག་ཉམས་ཆག་སྔར་བསྟན་པ་དང་བླ་མ་


CMR042_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་གནོད་པ་བྱས་པ་ཐམས་ཅད་དག་པར་བསྒོམས་ལ། ཨོཾ་ས་མ་ཡ༔ ཨཱཿ་ས་མ་ཡ༔ ཧཱུྃ་ས་མ་ཡ༔ འདིའི་བར་དུ་བཛྲ་གུ་རུ་དང་། ཡི་དམ་ཆོས་སྐྱོང་གི་སྔགས་བཙུད། ཨོབཛྲ་སཏཱ་སོགས། ཡིག་བརྒྱ་ཚར་གསུམ་མམ་བདུན་ནམ་ཉེར་གཅིག་ཙམ་བརྗོད། དེ་ནས་ཡེ་ཤེས་ཀྱི་ཆོས་སྐྱོང་གནོད་ན་མཆོད་ཅིང་བསྐང་བཤགས་བྱ་བའོ། །དེ་མ་ཤེས་ན་རང་གི་བསྟན་པ་བཤིག་པར་འགྲོ། ཅིའི་ཕྱིར་ན་སྦྱིན་བདག་དེ་བསྟན་པའི་རུ་ཏྲ་བསྒྲལ་ཞིང་ཚང་བ་ཡིན་པ་ལ། གདུག་ལ་རྟག་ཏུ་བྱམས་ལྡན་པ། ཞེས་པའི་རྩ་ལྟུང་དེ་རང་ལ་ཕོག་གོ །བརྔན་པ་ནི་ལྷ་སྲིན་སྡེ་བརྒྱད་ལས་དང་སྨོན་ལམ་གྱི་དབང་གིས་འགྲོ་བའི་ཚེ་སྲོག་ལ་དབང་བསྒྱུར་བ་དེ། ཚར་གཅོད་པར་དཀའ་བས་མཐུན་པའི་རྫས་ཀྱིས་བརྔན་སྟེར་ན་ཕན་ཏེ། རྒྱས་པར་བྱེད་ན་རྙིང་མའི་བཀའ་སྲུང་སོ་སོ་ལ་གཏོར་མ་འབུལ་ལ་བཀའ་བསྒོའོ། །བརྔན་བསང་བྱའོ། །དེ་ཙམ་མི་ལྕོགས་ན་ཆ་གསུམ་གཏོར་མ་བཞི་བཤམས་ལ་ཆ་དང་པོ་ལ། གདོན་གྱི་རྒྱལ་པོ་ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པ་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ། ཚེ་འདི་ལ་གནོད་ཅིང་འཚེ་བར་མ་བྱེད་པར་རང་རང་སོ་སོའི་གནས་སུ་


CMR042_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ཞིག །བརྗོད་ཅིང་གཏོར་མ་ལག་པས་བཟུང་ནས་སྦྱང་བ་ལྟར་ནད་པ་ལ་བསྐོར་ལ་ཕྱི་རོལ་དུ་བསྐུར། གཉིས་པའི་མཇུག་ཏུ་སྔར་ལྟར་ལས། སྣང་ཞིང་སྲིད་པའི་སྡེ་བརྒྱད་འཁོར་དང་བཅས་པ། སོགས། སྔར་ལྟར་བརྗོད། གསུམ་པ་ལ། ལན་ཆགས་བགེགས་ཀྱི་རིགས་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་གླུད་ཀྱི་གཏོར་མ་འདིས་ཚིམ་པར་སོགས་བརྗོད། དེ་ཡང་བསྡུ་ན་དེས་ཆོག་རྒྱས་པར་ན་གླུད་གཏོར་ཆོས་སྤྱོད་རབ་གསལ་ནས་འབྱུང་བ་ལྟར་གཏོང་གྲུབ་ན་ལེགས་སོ། །བཞི་པ་དཀར་གཏོར་སྤྱི་མཚམས་ལྟར་གཞི་བདག་ལ་བསྔོས་ལ། ཡུལ་ལྷ་གཞི་བདག་ཐམས་ཅད་ཀྱང་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་དང་དམ་ལས་མི་འདའ་བར་ནད་པ་འདི་ལ་གནོད་ཅིང་འཚེ་བར་མ་བྱེད་པར་རང་རང་གི་གནས་སུ་གཤེགས་ཤིག །ཅེས་སྔར་ལྟར་བྱའོ། །དེ་ནི་བརྔན་པ་དང་གླུད་སྦྱིན་པའི་རིམ་པ་སྟེ། འཇིག་རྟེན་གྱི་ལྷ་འདྲེ་གཙང་རིས་ཀྱི་ལྷར་གཏོགས་པ་རྣམས་ནི་ཕར་ཕོག་ཐུག་མ་ཤོར་ན་ཚུར་མི་གནོད་དེ་ཁོང་རྣམས་སྔོན་དགེ་བསྙེན་ཞུས་པ་ཡིན་ནོ། །དེ་ལ་ཕྱོགས་སྐྱོང་གཏོར་མ་སོགས་ཀྱིས་མཆོད་ན་ཕན། གཏོར་རྒྱབ་མི་རུང་སྟེ་ཁོང་


CMR042_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཐབ་གཞོབ་ཆེན་པོ་ཤོར་བའམ། དམར་གཏོར་བརྒྱབ་ན་ཁོང་ལ་ནད་འབྱུང་། ཁོང་རྣམས་ན་ཡུལ་དུ་ནད་ཡམས་ཆེན་པོ་འབྱུང་སྟེ། མགུར་འབུམ་ན་ཚེ་རིང་མའི་གླེང་གཞི་ལྟ་བུའོ། །ཅི་ཡང་མི་ཤེས་པའི་རྫི་བོའི་ཁྲག་ཐབ་ཀྱིས་དེ་ཙམ་གནོད་ན། སྔགས་ཏིང་ངེ་འཛིན་ལྡན་པའི་ཁྲག་ཟོར་བརྒྱབ་ན་ལྟ་ཅི་སྨོས། ཡང་བཙན་དང་རྒྱལ་འགོང་སོགས་ཡིད་བཏགས་ཀྱི་རིགས་སུ་གཏོགས་པའི་ལྷ་འདྲེ་འགའ་རེ་བཀྲེས་སྐོམ་གྱི་སྣང་བ་ཆེན་པོ་རྒྱུན་ཏུ་ཡོད་པས་ཁོང་རྣམས་ལ་མཆོད་པ་དང་གླུད་ཨེ་སྦྱིན་ལ་རེ་འདོད་ཀྱི་ཚུལ་དུ་གནོད་པ་ཡིན་པས། དེ་ལ་གཏོར་མ་བརྒྱབས་ན་ཁྱི་རྐུན་བརྡུང་བ་ལྟར་སྡིག་པ་ཆེ་བས། དེ་ལ་འབྱུང་གཏོར་བསྔོ་དགོས་སོ། །ཡང་ཚེ་སྔོན་ཕར་གནོད་པ་བྱས་པའི་ལས་འབྲས་ཀྱིས། ད་ལྟ་བུ་ལོན་བསྙག་པའི་ཚུལ་དུ་གནོད་པས་དེ་ལ་གཏོར་རྒྱབ་ཀྱིས་མི་ཕན་པས། ཆ་གསུམ་པ་གླུད་གཏོང་བུ་ལོན་འཇལ་བའི་ཚུལ་དུ་བསྔོའོ། །ཡང་སྔོན་ཐུབ་པ་ཆེན་པོ་དང་རྟ་མགྲིན་གསང་བདག་པདྨ་འབྱུང་གནས་སོགས་རིག་འཛིན་གོང་མ་རྣམས་ཀྱི་ཞལ་མཐོང་ཞིང་དམ་ལ་བཏགས་པའི་ལྷ་འདྲེ་ཡིན་ན་བདེན་སྟོབས་བརྗོད་པས་འགྲོ་སྟེ། རང་སྐད་ཅིག་གིས་ཤཱཀྱ་ཐུབ་པར་


CMR042_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ལ། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། སོགས། བདེན་བདར་སྤྱི་ལྟར་བྱས་ལ་བདེན་པ་ཆེན་པོའི་མཐུས་ནད་པ་འདི་ལ་གནོད་ཅིང་འཚེ་བའི་གདོན་བགེགས་གང་ཡིན་པ་ཐམས་ཅད་གནོད་ཅིང་འཚེ་བའི་བསམ་པ་རབ་ཏུ་སྤོང་ལ་གནས་གཞན་དུ་དེངས་ཤིག །ཅེས་ལན་གསུམ་བརྗོད། རྒྱས་པར་ན་འདིར་ཕྱག་རྟགས་རྡོ་རྗེ་འདོན། འཆང་བ་པོ་ཟེར་བ་ལ་ནད་པ་འདི་ཞེས་ཚིག་བསྒྱུར། ཡང་སྙན་བརྒྱུད་སོགས་ནས་གསུངས་པ་ལྟར་དཀར་ཕྱོགས་ལྷ་འདྲེ་གཞི་བདག་བན་བོན་རྣམས་ཀྱི་འཚོ་བ་བསྒྲུབ་པའི་ཆེད་དུ་ན་དགེ་བསྐུལ་གྱི་ཚུལ་དུ་གནོད་པ་ཡོད་པས། དེ་ལ་རྒྱབ་མི་རུང་བས་དེ་ལ་ཆོས་བཤད་ན་འགྲོ་བས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །སོགས་དང་། སྐར་མ་རབ་རིབ་མར་མེ་དང་། །སོགས། ཞལ་ནས་གསུངས་པའི་ཚིགས་བཅད་བརྗོད་ནས་ཆོས་ཀྱི་སྦྱིན་པར་བསམས་ལ་སེ་གོལ་རྡེབ། དེ་ལྟར་དཀོན་མཆོག་གསུམ་གྱི་བདེན་པའི་སྟོབས་ལ་མི་བརྩི། དམ་པའི་ཆོས་ལ་མི་ཉན། གླུད་དང་གཏོར་མས་བརྔན་ཀྱང་མི་མགུ་བ་རྣམས་ནི་བདག་གིས་དྲག་པོའི་སྒོ་ནས་ཚར་གཅོད་པ་ཡིན་པས་ང་ནི་མ་ཉེས་མ་ལེན་ནོ། །ཞེས་ལན་གསུམ་བརྗོད། ཡང་


CMR042_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ལ་དགྲ་རུ་བཟུང་ནས་བརྒྱབ་ན་ལྟུང་བ་འོང་ཞིང་རྗེས་སོར་རང་ངམ་འཁོར་ཐམས་ཅད་ལ་ལེན་ལེན་པས་རིང་ཐུགས་རྗེ་ཆེན་པོར་བསྒོམ་ལ་ཨ་ཙ་མ་གདོན་འདི་དང་ནད་པ་འདི་ངའི་སྐྱེ་བ་གྲངས་མེད་པའི་མ་རྒན་ཡིན་པ་ལ་འདི་འདྲ་བདེ་བའི་རྒྱུ་དགེ་བ་བཅུ་བདེ་བའི་འབྲས་བུ་ཐམས་ཅད་དང་ལྡན་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། ད་ལྟ་ནད་པ་འདིའི་སྡུག་བསྔལ་ཆེ། གདོན་འདི་དེའི་རྣམ་སྨིན་གྱིས་ངན་སོང་དུ་སྐྱེ་བས་འདི་གཉིས་ཀ་སྙིང་རེ་རྗེ། ནད་པ་འདི་ཡི་ནད་དང་གདོན་འདི་ཡི་སྡིག་སྒྲིབ་གཉིས་ལ་ཐིམ་ནས་འདི་གཉིས་བདེ་བར་གྱུར་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་ཚད་མེད་པར་དར་ཅིག་བསྒོམ། རྒྱས་པར་བྱེད་ན་གཏོང་ལེན་དམིགས་པ་བྱའོ། །དེ་རྣམས་སྔར་ཉིན་ཚར་བའམ་ཡང་ན་སྔ་དྲོ་བྱ། ཡང་སྦྲེལ་ནས་བྱེད་དགོས་བྱུང་ན་གཏོར་རྒྱབ་དང་དེའི་བར་དུ་མལ་རྒྱང་བ་གཅིག་བོས་ཏེ། དེ་མ་བྱས་ན་ཀླུ་ལ་སོགས་པའི་གདོན་ཞིག་གིས་ཚུར་འཛིན་དུས་སླ་ཡང་། ཕར་གཏོང་དུས་མ་གཏོང་པར་གཏོང་འདོད་ཀྱང་སྐད་ཅིག་མ་གཏོང་མི་ཤེས་པའི་རིགས་ཡོད་པས་སོ། །སྔོན་འགྲོ་ཞི་ཆོས་ཀྱི་རིམ་པས་སོ༔ ཨྠྀི༔ དང་པོ་ནི་བཅོམ་ལྡན་འདས་ཀྱིས་དཀོན་མཆོག་གསུམ་ལ་དད་ཅིང་


CMR042_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་ལྷ་འདྲེ་ནི་ཉུང་ངུ་ཙམ་དུ་ཟད་ཀྱི། མ་དད་ཅིང་མི་དགའ་བའི་ལྷ་འདྲེ་ནི་ཤིན་ཏུ་མང་བར་གསུངས་པ་ལྟར། བདུད་དང་བདུད་ཀྱི་རིགས་སུ་གཏོགས་པས་ཡོན་བདག་དད་པ་ཅན་ལ་ནད་སོགས་མ་རུངས་པ་བཏང་ནས། །ཡོན་བདག་དེ་དང་གཞན་མང་པོས་ཆོས་ལ་བདེན་པ་མི་འདུག་ཅེས་ལོག་ལྟར་སྐྱེས་ནས་ངན་སོང་དུ་འགྲོ་བཅུག་པའི་བསམས་པས་གནོད་པ་བྱེད་པ་དང་། གསར་དུ་ལྷ་འདྲེའི་ལུས་བླངས་ནས་གཞན་སུས་དམ་ལ་མ་ཐོགས་པའི་འདྲེ་རྒོད་དང་། ལྷ་འདྲེ་ནག་ཕྱོགས་རྣམས་ཞི་བས་མི་ཐུལ་བས་དྲག་པོས་གཏོར་མས་ཚར་གཅོད་དགོས་ལ་ཡང་རྒྱལ་འགོང་དམ་སྲིའི་རིགས་ནི་སྔོན་དམ་ལ་ཐོགས་ཀྱང་དམ་སྲིའི་རིགས་ཡིན་པས་དྲག་པོས་མ་བཏུལ་ན་བདེན་སྟོབས་ཆོས་སྦྱིན་ཙམ་ལ་མི་བརྩི་བས་སོ། །ཡང་འགྱུར་ལོག་འཕར་ལྡང་བྱེད་པའི་ལྷ་འདྲེ་གཞི་བདག་གིས་རང་དེར་ཡོད་ཚེ་མི་གནོད་པ་སྐད་བྱས་ནས་གཞན་དུ་བྱོལ། རང་མེད་པ་དང་ཁོ་འོང་ནས་གནོད་པ་ཆེར་བྱེད་པ་དང་། མགོ་གཡོག་མགོ་སྐོར་ནས། ཉམས་རྨི་ལམ་དུའམ་སྨྱོན་པ་ཉིད་ཀྱི། འདི་ལྟར་དྲག་ལས་སོགས་མ་བྱེད་དང་ཅི་གསུང་བྱེད་གནོད་པ་མི་བྱེད་དང་འགྲོ་ཟེར་ནས་ཕྱག་འཚལ། དངོས་ཉམས་སུ་སྨོན་པས་


CMR042_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་བྱེད་ཅིང་དྲག་ལས་མ་བྱས་ན། ཡང་ཁོས་གནོད་པ་ཆེར་བྱེད་པའི་རིགས་ཡོད་པ་དེ་རྣམས་ལ་མི་རྒྱབ་ཀ་མེད་ཡིན་པས། ༈ ཡི་དམ་ཆོས་སྐྱོང་གཏོར་ཆོག་གཞུང་ལྟར་ཚར་ནས། རང་གི་གདོང་པ་ལ་ཡོད་ན་བཙན་དུག་དང་རོ་སོལ་ཁྲག་གིས་ནག་པོ་བྱ། མེད་ན་ཁྲག་དང་སོལ་བས་གདོང་པ་ཐམས་ཅད་བཏུམ་ཡང་ན་གདོང་དང་མཁུར་པར་བྱུག་གོ །སྔགས་ཆས་དང་ཆོས་གོས་གྱོན་དར་ནག་སྒྲོན། དང་པོ་ནད་པའི་ལུས་ཀྱི་སྲུང་སྐུད་དང་འཁོར་ལོ་སྲུང་མདུད་རྣམས་བཀྲོལ། རང་མཁའ་འགྲོ་རྒྱུ་ལྡོག་གཟའ་དང་སྒྲ་གཅན་བིཊྚི་ཉིན་གཟའ་རྣམས་དང་གདོང་མི་ཐུག་པར་བྱས་ལ་འདུག །གཡས་སུ་དཀར་གཏོར་གཅིག །དམར་གཏོར་ལྷ་གྲངས་ཐམས་ཅད་ལ་རྩང་དམར་པོ་མེ་རི་འདྲ་བ་དང་། དཔལ་འབར་རེ་བཙུགས་ལ་བཤམས། དང་པོ་རང་མདུན་དུ་ནད་པ་དེ་སྔས་མཐོ་བོར་བྱས་པས་གཏོར་མ་གྱུའོ། །གཞོགས་གཡས་ས་ལ་ཕབ་སྟེ་ཉལ་གོས་འཐུག་པོ་ཐུལ་བ་ལྟ་བུ་རྒུན་སྒང་གཏོར་འཁྱག་ཤད་དྲག་པོས་བརྒྱབ་ཀྱང་ལུས་ལ་མི་གནོད་པར་བྱ། སྟེང་དུ་མེ་མི་མཆེད་པའི་ཕྱིར་གོས་སྤུ་མེད་པས་བཀབ་ལ་བཞག་གོ །དེ་ནས་གཏོར་མའི་སྣ་སེལ་གསེར་སྐྱེམས་བེར་ནག་


CMR042_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལྟར་རམ། ཕྱག་བཞི་པའམ། ཡང་ན་མཚོན་ཆ་འཁོར་ལོའི་སྒོ་དབྱེ་དེ་གསེར་སྐྱེམས་སུ་བསྒྱུར་སྲོལ་ཡོད་པ་ལྟར་གང་རུང་བྱ། དཀར་གཏོར་དེ་ཡུལ་དེའི་གཞི་བདག་ལ་བསྔོས་ལ་དྲག་པོ་གཏོར་མའི་ལས་བྱེད་པ་ལ་ཀོ་ལོང་རུ་ང་ཕྲག་དོག་མ་བྱེད་པར་བདག་གི་སྡོང་གྲོགས་མཛོད་ཅིག །ཅེས་བཀའ་བསྒོ། དེ་ནས་དམར་གཏོར་ཐམས་ཅད་བྲན་ལ་བཀུག་གཞུག་བྱ་དགྲ་བགེགས་ཀྱི་ཤ་ཁྲག་རུས་དུམ་དམིགས་ལ། ལྷ་སོ་སོའི་རྩ་སྔགས་ལ་ཁཱ་ཧི་བཏགས་ལ་འབུལ། བརྟན་སྐྱོང་དང་ཆད་མདོ་གཉིས་ལ། ཨ་ཡ་མ་དུ་རུ་ཙ་ཤ་ན་དང་། མ་མ་ཧྲིང་ཧྲིང་ལ་བ་ལི་ཏ་བཏགས་ལ་འབུལ། ལྷ་ཡི་རྟེན་མེད་ན་རྒྱལ་འགོང་བརྡུང་ན་འཁུ་ལྡོག་འོང་བར་གསུངས་པས། རང་གི་ཉེར་བདུན་ལྟ་བུ་ཆས་ཀ་ལེ་མི་དགོས་པ་ཡིན་ཀྱང་ལྷ་རྟེན་ཐམས་ཅད་རྟེན་འབྲེལ་ཞིག་ངེས་པར་བཞག་གོ །དེ་ནས་སྐད་ཅིག་གིས་ནད་པ་འདི་ལུས་ཀྱི་དབུས་སུ་རྩ་དབུ་མ་མཚན་ཉིད་དང་ལྡན་པ་སྦ་ལྕག་ཙམ། རྐང་མཐིལ་གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་སྲན་མ་ཙམ། གཡོན་དུ་མ་ལས་ཐོབ་པའི་ཐིག་ལེ་དམར་པོ་སྲན་མ་ཙམ། །ཕཊ་དེ་གཉིས་གསང་གནས་སུ་འདྲེས་པས་བྱ་མ་སར་གྱི་སྒོ་ང་ཙམ་ཚེ་དང་བསོད་ནམས་


CMR042_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲག་དང་གཟི་མདངས་ཁ་རྗེ་དང་དབང་ཐང་བླ་སྲོག་རྣམ་པར་ཤེས་པའི་ངོ་བོར་གྱུར། ཕཊ་ལྟེ་བ། ཕཊ་སྙིང་ཁ། ཕཊ་མགྲིན་པ། ཕཊ་སྤྱི་བོ། ཕཊ་སྤྱི་བོའི་ཚངས་པའི་བུ་ག་ནས་ཐོན།། མདུན་གྱི་ནམ་མཁར་ཡི་དམ་ལྷའི་ཐུགས་ཀར་ཐིམ་པར་གྱུར། རང་རྟོགས་པ་མཐོ་ཞིང་ཏིང་ངེ་འཛིན་གསལ་ན་རང་གི་ཐུགས་ཀར་བསྟིམ་མོ། །དེ་ནས་ནད་པའི་ལུས་ལ་དམིགས་ནས། ཕཊ་ཨེ་ཡཾ་རཾ་ཁཾ་སུ་ནད་པའི་ལུས་འདི་ཉིད་དུག་གསུམ་ལས་གྲུབ་པའི་བཙོན་ཁང་། དུས་མཐའི་ཆར་སྤྲིན་ལྟར་མནག་པ་ཁ་དོག་ཅིང་མཐིལ་ཡངས་པ་ཟིན་ནས་ཐར་ས་མེད་པའི་ནང་དུ་འདོད་ཆགས་ཁྲག་གི་རྒྱ་མཚོ་ཁོལ་བ་ཞེ་སྡང་གི་མེ་འབར་བ་གཏི་མུག་གི་མུན་པ་གཏིབས་པ་ཕྲག་དོག་གི་རླུང་འཚུབ་པ་སྟེང་ན་ཐོག་དང་མཚོན་གྱི་ཆར་འབེབས་པ་ནང་དུ་ཏྲི་ལས་གནོད་བྱེད་གདོན་བགེགས་གང་ཡིན་པ་དེ་ཉིད་ཁ་ངུ་བ། མིག་ཤི་མིག་ལག་པ་གཡས་པས་བྲང་བརྡུང་ཞིང་གཡོན་པས་སྐུ་འབལ་བ། རྐང་ལག་ལྕགས་སུ་བཅུག་པ་བུ་ག་དགུ་ནས་ཁྲག་འཛག་པ་ཉམ་ཐག་དབུགས་དང་བྲལ་ལ་ཁད་པ་འདར་ཕྲི་ལི་ལི་བྱེད་པ་གཅིག་ཏུ་གྱུར། ན་མོ། རྗེ་བཙུན་སོགས་བདེན་བདར་སྤྱི་ལྟར་བྱས་ལ། བདེན་


CMR042_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་མཐུས་དཀོན་མཆོག་གསུམ་གྱི་བདེན་སྟོབས་ལ་མི་བརྩི། དམ་པའི་ཆོས་བཤད་ཀྱང་མི་ཉན། མཐུན་རྫས་གཏོར་མས་བརྔན་ཅིང་ལན་ཆགས་གླུད་གཏོར་འཇལ་ཡང་མི་མགུ་བའི་གདོན་བགེགས། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ཀྱིས་སྲོག་འཕྲོག་པར་ཤོམ་པ། ཚེ་ལ་རྐུ་བ་སྲོག་ལ་འཇབ་པ། འགྱུ་ལོག་འཕར་ལྡང་མགོ་གཡོག་མགོ་སྐོར་བྱེད་པའི་རྒྱལ་འགོང་དམ་སྲི་གནོད་བྱེད་གང་ཡིན་པ་ཐམས་ཅད་གཟུགས་ཕུང་ཤ་ཁྲག་གི་ལིངྒ་འདི་ལ་ཁུག་ཅིག །ཅེས་རྔ་རོལ་མོ་འུར་བརྡུང་དང་བཅས་པས་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྤོ་ཊ་པཾ། བཛྲ་གནྡྷེ་ཧོ༔ ཅེས་འགུགས་གཞུག་ལན་གསུམ་བྱ། དེ་ནས་སྔོན་ཨོ་རྒྱན་ནས་དམ་ལ་བཏགས་པའི་སྡེ་བརྒྱད་སྡེ་དཔོན་སུམ་ཅུ་དྲེགས་པ་བཅོ་བརྒྱད་ཕྱི་ནང་གསང་བའི་སྡེ་བརྒྱད་མགུར་ལྷ་བཅུ་གསུམ་དགེ་བསྙེན་ཉེར་གཅིག་བརྟན་མ་བཅུ་གཉིས་རྣམས་ལ་དམ་བདར་བས་སྔོན་གྱི་དམ་ཚིག་དྲན་ནས་བདག་གི་སྡོང་གྲོགས་བྱེད་ཅིང་འདྲེ་ངན་དེ་རྩད་ནས་བརླག་པར་བསམ་ཞིང་། གཏེར་གོང་འོག་གང་ཡང་རུང་བའི་གུ་དྲག་གི་ཆད་མདོ་བཏོན་ལ། མེ་རུ་སྦར་ལ་གཏོར་མ་སྡུན་མ་དེ་རྒྱབ་བརྟན་སྐྱོང་


CMR042_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བཏོན་ལ་གཅིག་རྒྱོབ། དམིགས་པ་དྲེགས་པ་ཅན་ཐམས་ཅད་ཀྱི་མཐུ་ནུས་ལས་གྲུབ་པའི་གཏོར་མ་མེ་དཔུང་འབར་བ་དེ་བྲུབ་ཁུང་ནང་གི་ལིངྒ་དེ་ལ་བརྒྱབས་པས་གཞོབ་ཐུལ་གྱིས་སོང་བར་བསྒོམ། བསྡུ་ན་ཆད་མདོ་བརྟན་སྐྱོང་གཏོར་མ་གཅིག་གིས་ཆོག །དེ་ནས་སྤུ་གྲི་མཆེད་གསུམ་གཏེར་གོང་འོག་གང་ཡང་རུང་བ་ལ་རྒྱས་པར་ན་གཏོར་མ་གསུམ་སོ་སོར་རྒྱབ། བསྡུ་ན་གཅིག་གིས་ཆོག །དེ་བཞིན་དུ་མ་ནིང་དུད་སོལ་མ། ཕྱག་བཞི་པ་སོགས་རང་གཏོར་མགྲོན་ཆོས་སྐྱོང་ཐམས་ཅད་ཆོས་སྐྱོང་ཆུང་བ་ཚོ་སྔོན་མ་ཆེ་བ་ཚོ་རྒྱབ་མ་བྱས་ཤིང་རྒྱོབ། དམིགས་པ་ལྷ་སོ་སོའི་ཕྱག་མཚན་མེ་འབར་བར་བསྒོམས་ནས་རྒྱབ་པ་འཇམ་མོ། །ཤིན་ཏུ་གལ་ཆེ་ན་རང་ཡི་དམ་དུ་བསྒོམ། གཏོར་མ་དེ་ཆོས་སྐྱོང་ཉིད་དུ་བསྒོམ་ལ་བརྒྱབས་པས། དགྲ་བགེགས་དེ་བསད་བཅད་གཏུབས་བསྲེགས་ཟོས་ནས་མལ་ཡང་མེད་པར་བསམ། འདི་གཉན་པས་རང་ནུས་པ་ཆུང་ན་རང་ལ་ལྡོག་དོགས་ཡོད་པས་ཡག་ཉེས་ཆེའོ། །ནུས་པ་དང་ལྡན་ན་འདི་ཆོད་ཆེའོ། །འདི་ཐམས་ཅད་དཔལ་འབར་སྦྱར་ལོ་ལྷ་སོ་སོའི་བསྐུལ་འདོན་ཅིང་རྔ་བརྡུང་ལ། བསྐུལ་པའི་ཚིག་ལ་དགྲ་བགེགས་སོ་སོ་བསྒྱུར་ཁ་དགོས་


CMR042_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་ཟུར་ཡོད་ན་དེ་རིགས་པ་བརྟགས་ལ་བསྒྱུར་ཤེས་པར་བྱས་ལ། བསྐུལ་འདོན་ཚར་བ་དང་། མཆོད་གཡོག་སོགས་ཀྱིས་རྔ་དང་རོལ་མོ་ཆེན་པོ་བྱེད་ཅིང་རང་གིས་རྡོར་དྲིལ་དང་། བཅས་གཏོར་མ་བཟུང་ནས་ལྷ་གང་ཡིན་པའི་དྲག་སྔགས་དཔེར་ན་ཕྱག་བཞི་པ་ལ་ཤཱ་ས་ན་དང་བཞི་སྙིང་ལྟ་བུ་འདོན་ཅིང་དམིགས་པ་བཟུང་ལ། དམིགས་པ་གསལ་བར་ཟིན་པ་དང་རྒྱབ་པར་བྱའོ། །ཡང་ཆོས་སྐྱོང་རྣམས་རྫོགས་ཡི་དམ་རྣམས་མ་བརྫོགས་པའི་མཚམས་འདིར་ནད་པ་ཡར་ཅུང་ཟད་བསླང་ལ། ཡོད་ན་རྭ་སྲུང་དང་དྲག་པོ་བདེ་གཤེགས་འདུས་པ་སོགས་ནས་གསུངས་པའི་རྫས་རྒོད་ཡོད་ན་རབ་མེད་ན་ནག་པོ་དགུ་སྦྱོར། མེད་ན་གུ་གུལ་གྲི་ཤ་ལ་ཆ་སོགས་དྲག་པོའི་རྫས་གང་རྙེད་ཀྱིས་བདུག་ཅིང་རྫས་དུད་རང་ལ་མི་ཕོག་པར་བྱས་ནས་ནད་པ་མགོ་བཏུམ་ལ་བདུག །མཆོད་གཡོག་པས་རོལ་ཆེན་དང་བཅས་རང་གི་ཡུངས་ཀར་དང་རྡོ་ཕྱེ་སོགས་གང་འཛོམ་གྱིས་བྲབ་ཅིང་སུམ་བྷ་ནི་སོགས་དྲག་སྔགས་ཤེས་ཚད་བརྗོད། སླར་ཉལ་བཅུག་ལ། སེང་གདོང་མ་འཇའ་ཚོན་གླིང་པའི་དེ། རྟ་མགྲིན་དྲག་པོ་འཇའ་ཚོན་ལུགས། ཁྲོ་ཆུ། དྲག་པོ་བདེར་འདུས་ཀྱི་བསྐུལ་པ་རྔམ་བརྗིད་སྟོབས་ལྡན་ནམ། ཤིན་ཏུ་གལ་


CMR042_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ན་རཏྣ་ལུགས་ཀྱི་བསྟོད་བསྐུལ་རྣམ་རྒྱལ་འབར་བ་རྣམས་འདོན་ཅིང་རིམ་པ་ལྟར་རྒྱོབ། དམིགས་པ་གོང་ལྟར་གུར་དྲག་དུས་རང་གུར་དྲག་ལ་གཏོར་མ་ཡཀྵ་མེ་དབལ་ལམ་ལྕགས་སྡིག ཁྲོ་ཆུ་དུས་རང་ཁྲོ་ཆུ་ལ་གཏོར་མ་ཡ་མ་རཱ་ཙ་བསྒོམ་ཡང་རུང་ངོ་། །གཏོར་མ་ཕལ་ཆེར་གྱུ་ནས་ཐལ་ན་རྒྱབ་མའི་ཡི་དམ་ཚེ་རྒྱབ་མི་རུང་། ནད་པའི་སྟེང་དུ་རྒྱབ་པའི་དམིགས་པ་དང་བཅས་རྒྱོབ་བསྡིག་མང་དུ་བྱས་ལ་ཕར་ནད་པའི་སྟེང་དུ་ཕུལ་ནས་བཞག་གོ །གཡུལ་ཡག་ཀྱང་དམག་དཔོན་འགྱེལ་ན་གཡུལ་ཉེས་པ་ལྟར། སྔོན་མ་ཡག་ནས་རྒྱབ་མ་ཉེས་ན་ངན་པས་གཡུལ་ཚོད་བཟུང་བ་ལྟ་བུའོ། །དེར་གཏོར་མ་ཐམས་ཅད་བརྫོགས་ནས་མཆོད་གཡོག་པས་རོལ་མོ་དྲག་ཏུ་སྦིར་ལ། རང་ཉིད་རྡོ་དྲིལ་དང་བཅས་པས་མང་པོ་ལ་དྲག་སྔགས་དཔེར་ན་རྟ་མགྲིན་གྱི་ཆེད་བརྒྱད། དྲག་པོའི་སྔགས་རིང་ཏྲི་ཙ་ཙ་ན། ཁྲོ་ཆུའི་བཟློག་སྔགས་རྣམས་འདོན་ཅིང་དང་པོ་སོག་མའམ། སུ་རུ་ཆུན་པོ་ལ་མེ་སྦར་ལན་གསུམ་ཙམ་བྲན། དེ་ནས་ཡི་དམ་ཆོས་སྐྱོང་གི་དར་ནག་གིས་བྲབ་སྨོན་པ་ཡིན་ན་རང་གི་ལྷམ་གཡོན་པ་ཕུད་ལ་བརྡུང་། དེ་ནས་ཆོས་གོས་ཐུ་བས་བརྡུང་སྟེ། དམིགས་པ་ཡང་རང་གི་ཡི་དམ་གང་


CMR042_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེར་གསལ་བའི་ང་རྒྱལ་དྲག་པོས་ཕྱག་གཡས་ཀྱི་ཕྱག་མཚན་མེ་འབར་དེས་ཧོམ་ཁུང་ནང་གི་གདོན་དེ་ལ་བརྒྱབས་པས་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་གཞོབ་བུན་བུན་སོང་བར་བསྒོམ། འདི་ཡི་དུས་ན་ནད་པའི་མགོ་ཐོག་ཏུ་རང་གི་རྐང་པ་གཡོན་པས་ཅུང་མནན། ལྷའི་ང་རྒྱལ་དྲག་པོས་གདོན་དེ་ལ་ཞེ་སྡང་ཆེན་པོ་བསྐྱེད་ཅིང་བསྐྱེད་རིམ་གྱི་ང་རྒྱལ་དྲག་པོས། མི་ཞེ་སྡང་ཅན་འཁྲུག་པ་བྱེད་པ་ལྟར། རང་ཡང་ང་རྒྱལ་གྱི་རང་དབང་མི་འདུ་བ་ཙམ་འབྱུང་ཞིང་། དེ་བྱུང་ན་ཕན་པ་ལག་བླངས་སོ། །བརྟུལ་ཞུགས་ཆུང་བས་བགེགས་རྣམས་མཚམས་མ་ཆོད། ཅེས་གསུངས་པས་འདི་རུ་དྲག་པོ་བརྟུལ་ཞུགས་ཀྱི་སྤྱོད་པ་ཡིན་པས་ལྷའི་ང་རྒྱལ་དྲག་པོ་དང་གདོན་ལ་ཐུབ་ཐུབ་བྱེད་པ་གལ་ཆེའོ། །དེ་ལྟར་ཆོས་གོས་བྲབ་དུས་དམིགས་པ་གསལ་བ་དང་། ཕཊ་དྲག་པོ་གཅིག་བརྗོད་ལ་དེ་ནས་རང་མལ་དེར་འདུག་ནས་ཡུད་ཙམ་དམིགས་མེད་དུ་མཉམ་པར་བཞག་གོ །ཡང་ཐུན་མེད་ལྕགས་རྫས་སུ་དར་ནག་ཆོས་གོས་ཀྱིས་བྲབ་པ་གལ་ཆེ་ན་མ་གཏོགས་མི་དགོས་སོ། །དེ་ནས་གཏོར་མ་རྣམས་མཆོད་གཡོག་པར་བསལ་བཅུག་ལ་ནད་པ་ཡར་བསླང་ལ། མདུན་གྱི་ནམ་མཁའི་ཡི་དམ་ཐུགས་ཀ་ནས་ནད་པའི་


CMR042_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བླ་སྲོག་ཚེ་བསོད་རྣམ་ཤེས་ཐིག་ལེ་དཀར་པོ་དེ་མར་ངང་ཧྲི་ལི་ལི་བྱུང་ནས་སྤྱི་བོ་ནས་ཞུགས་པས་སྙིང་གར་ཐིམ་པར་བསྒོམ་ཞིང་། མགོར་ཕྲེང་བ་བཞག་ལ། ཚེ་དབང་དུ་གྱུར་ཅིག །ཅེས་སོགས་བརྗོད། སྟེང་ཐམས་ཅད་རྡོ་རྗེའི་གུར། ཞེས་སོགས་སྲུང་འཁོར་བྷེ་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ཞེས་སོགས་བརྗོད་ལ་ཡི་དམ་སྔགས་ཤམ་དུ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་ལ་སྔགས་སྲུང་མདུད་བསྐོན། དར་སྐུད་དམ་ཏོང་སྐུད་དམ་སྣལ་མ་ཁ་དོག་སྣ་ལྔ་སྒྲིམ། མ་རྙེད་ན་ཁ་དོག་དཀར་དམར་ནག་གསུམ་སྒྲིམ་པའམ། ཡང་ན་ཡི་དམ་གྱི་ཁ་དོག་ཅན་གྱི་སྐུད་པ་ལ་རྡོ་རྗེའི་མདུད་པ་བྱ་ཡི་དམ་སྔགས་ཀྱིས་བསྔགས་ལ་གདོན་འཇུག་པའི་སྒོ་སྲིན་ལག་གཉིས་ཅུང་ཟད་བསྡམ་ལ་བཅིང་། །སྲིན་ལག་གི་གདོན་འཇུག་པའི་རྩ་དེ་ཧཱུྃ་ཡིག་དམར་པོ་གཅིག་གིས་བཅད་པར་བསམ་མོ། །དེ་ནས་རང་དང་ནད་པ་ལྷ་དང་གདོན་བགེགས་ཐམས་ཅད་དོན་ལ་གྲུབ་པ་རྡུལ་ཙམ་ཡང་མེད་དེ་སྒྱུ་མ་རྨི་ལམ་ལྟར་ཤེས་པར་བྱས་ལ་སྟོང་ཉིད་དར་ཙམ་གཅིག་བསྒོམ། འདི་ལྟར་བགྱིས་པའི་དགེ་བས་གདོན་དེས་གཙོར་བྱས་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པར་གྱུར་ཅིག །


CMR042_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བསྔོ་བ་དང་། སེམས་ཅན་ནད་པ་ཅི་སྙེད་པ་སོགས་དང་། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ཞེས་སོགས་སྨོན་ལམ་བཏབ་པར་བྱའོ། །ཡང་བདེ་རིམ་ལྟ་བུ་གལ་ཆུང་བ་ལ་གཏོར་རྒྱབ་དགོས་ཟེར་བྱུང་ན་གཏོར་ཁ་སྟོན་ཙམ་བྱ་ཟེར། གཏོར་མ་ལ་དགྲ་བགེགས་འགུགས་གཞུག་བྱས་ལ་དེའི་ཤ་ཁྲག་ཏུ་དམིགས་མདུན་དུ་སྦྱིན་བདག་གི་རྒྱབ་ཕྱོགས་ཀྱི་ནམ་མཁར་ཆོས་སྐྱོང་རྣམས་ཞལ་གདངས་བའི་ནང་དུ་གཏོར་མ་ཕུལ་བར་བསྒོམས་ལ། དེའི་མཐུ་བར་གཏོར་མ་ཕུལ་འདི་ལ་ཅུང་མེད་ཀྱང་ཆོག །རྗེས་ལ་ཆུང་རྣམས་དང་གཏོར་མ་བསྲེགས། གཏོར་མ་ཟ་མི་རུང་ཟོས་ན་ཕན་མི་ཐོགས། ཡུལ་པས་ཆུང་སྒོ་གོང་དུ་བཞག་གོ །གཏོར་ཁ་སྟོན་ཙམ་གྱི་གཏོར་མ་ནི་ཟ་རུང་ངོ་། །ཡང་ཡི་དམ་ཆོས་སྐྱོང་གི་གཏོར་མདོས་གང་ཡང་རུང་བ་ནད་པའི་སྟེང་དུ་རྫོགས་ན་ཡང་དམིགས་པ་སོགས་འདྲ་ལ། རྒྱས་པར་ན་འཁོར་སོ་སོའི་བསྐུལ་པ་དང་བཅས་རེ་རེ་ནས་བརྒྱབ་ལ་གཙོ་བོའི་གཏོར་སྣོད་དང་བཅས་པ་སྟེང་དུ་བརྫོགས། བསྡུ་ན་དུས་གཅིག་ལ་བརྫོགས། དེ་ཙམ་གལ་ཆུང་ན་སྟེང་དུ་བརྫོགས་བསྡིགས་བྱས་ལ་རྒྱབ་ཕྱོགས་སུ་བརྫོགས། དུད་སོལ་མའི་བརྒྱ་རྩ་ལ་དེ་ལྟར་བྱས་ན་ནད་ལ་ཕན་


CMR042_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རང་ལ་ཉམས་གྲིབ་ཆེན་པོ་འོང་འདུག་བླ་མ་ཝོལ་པས་གསུངས་སོ། ༈ །པྲ་བརྟག་ནི། ལ་ལས་གཏོར་མའི་རྩེ་མོ་ཚུར་བསྟན་ནས་བྱུང་ན་ཕར་སོང་ནས་ཚུར་བྱུང་བ་ཡིན་ཟེར་མཁན་འདུག་ཀྱང་དེ་མི་འཐད་གཏོར་མ་ལངས་ནས་འདུག་པ་གཏོར་མ་བཞད་པ་ཡིན་ཟེར་ཡང་དེ་རང་མ་བཟང་བ་འདྲ་བར་སྣང་། གཏོར་མ་ཐམས་ཅད་རྩེ་ཕྱོགས་གཅིག་ཏུ་ཕར་བསྟན་ན་གཏོར་ཁ་ཤད་པ་ཡིན་པས་ཅུང་མི་དགའ་ཟེར་བ་སྣང་ཡང་། དེ་ལ་ཕུགས་སྐྱོན་མེད་པ་འདྲ། གཏོར་མ་རྩེ་ཚུར་བསྟན་ན་ཤིན་ཏུ་ངན། ཚུར་གང་ཡང་མ་ལོག་པ་ལ་རྩེ་ཕྱོགས་ཀུན་ཏུ་བསྟན་ནས་རྟེན་སྤྱོད་ཧྲུག་གེ་སོང་ན་ཤིན་ཏུ་བཟང་། གཏོར་སྣོད་མཉམ་དུ་འཕེན་པ་ཁ་སྦུབ་དང་ཟད་པ་ལ་ཁྱད་ཆེར་མི་སྣང་། རང་དམིགས་པ་གསལ་ཞིང་ང་རྒྱལ་ཆེན་པོ་གཞན་རོགས་རྣམས་ཀྱང་ཞག་ཐུབ་པ་བྱུང་ན་བཟང་། ནད་པ་སྐད་ངན་ངུ་འབོད་དང་འགྲོ་ཟེར་བ། ཐམས་ཅད་བསད་སོང་ཚིག་སོང་བརླགས་སོང་ཟེར་ན་བཟང་། ནད་པ་སྐྲག་ཅིང་བསྔངས་ནས་རྡུལ་བ་དང་འབྲོས་ཤོམ་བྱེད་ན་བཟང་། གདོན་འབྲོས་པའི་རྟགས་སོ། །ནད་པ་དེ་ཚེ་གཉིད་ལ་སོང་ནས་ཆད་སྨོས་ཉལ་ལ་དགའ་བ་ཧུ་ཤུ་འདོན་ཅིང་ལུས་བརྡུང་བ་ལྟར་གཟེར་མིག་


CMR042_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནང་ན་གདོན་སོང་ཚར་བ་ཡིན། གཏོར་མ་རྒྱབ་ཤོམ་གྱི་དམར་གཏོར་བཅའ་དུས་ནས་རང་ལ་ནད་པའི་གདོན་གང་ཡིན་དེའི་སློང་འབྱུང་སྟེ། ཕོ་གདོན་ཡིན་ན་དོན་མེད་དུ་ཞེ་སྡང་སྐྱེ་ནས་གྲྭ་པ་སོགས་ལ་ཞེ་སྡང་ལོད་པ་འབྱུང་། མོ་གདོན་ཡིན་ན་འདོད་ཆགས་སེམས། ཀླུ་གདོན་ལ་གཉིད་དང་གཏི་མུག་འབྱུང་། ནད་ཡང་ཐུ་ནས་འོང་སྟེ་དེ་དུས་ཐུ་ནས་བྱུང་ན་གདོན་བྱིངས་ཆུང་བ་ཡིན་པས་ཕན་སླ། གཏོར་མ་བརྒྱབ་ཐོན་ནས་ནད་པ་ཐུ་ནས་བྱུང་ན། གདོན་བྱིངས་ཆེན་བསླང་བ་ཡིན་པས། རྗེས་མ་གཏོར་མ་བསྐྱར་ནས་བརྒྱབས་པས་ཕན། རང་ཡང་བསྐྱེད་རིམ་མི་གསལ་ནད་པ་ལ་སྔངས་སྐྲག་མི་སྐྱེ་ཐུ་དྲག་ཅི་ཡང་མེད་ན་གདོན་ནད་རང་མིན་པའི་རྟགས་ཡིན་ཏེ་ཕོན་དཀའོ། །ཐུ་དྲག་མེད་ན་ལས་རྣམ་སྨིན་ཡིན་གྱི་ཡི་དམ་ཆོས་སྐྱོང་དང་རང་གི་ནུས་པ་ལ་ལོག་ལྟ་མི་བྱ་སྟེ། རྣམ་པར་སྨིན་པ་ལ་བཟློག་པའི་ཐབས་མེད་པ་ལ་མདོ་རྣམས་ནས་གསུངས་པ་ཡིད་ལ་བྱའོ། །གདོན་བྱིངས་ཆེན་དང་ཀླུའི་གདོན་འདྲེས་ན་འཕྲལ་དུ་མི་ཕན་ཀྱང་རིམ་གྱིས་བདེ་བར་འགྱུར་རོ། །ནད་རྙིང་ལ་ཡང་དེ་དང་འདྲའོ། །གདོན་རྒོད་ཡིན་ན་ཕྱིར་ནངས་ནས་ཕན་པར་འགྱུར་རོ། །རྒྱལ་པོ་དམ་སྲི་ཡིན་ན་ནད་པ་ཇེ་


CMR042_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་དང་། ཡང་ཐུ་ལ་ཁ་མང་དུ་བྱེད་ཅིང་ཇེ་བདེ་འོང་ལ་ནད་པ་ཕན་ཁ་གོད་ཚད་དང་ཁྱིམ་དུ་འཐབ་མོ་འགའ་རེ་འབྱུང་ངོ་། །དེ་ནི་གདོན་འགྲོ་བའི་རྟགས་སོ། །མདོར་ན་གདོན་རྒོད་འདུལ་བ་ལ་ནི་འདི་བས་ཟབ་པ་མི་སྲིད་དེ། གདོན་ཕྲན་ཚོགས་ཀྱི་གདོན་རྒོད་ཡིན་ཅིང་རང་ནུས་པ་ཆེ་ན། གདོན་དེ་ཚེ་འཕོ་བར་ནུས་སོ། །འབྲིང་དུ་ནི་དེ་ཕྱིན་ཆད་གཞན་ལ་གནོད་མི་ནུས་སོ། །ཐ་མ་ཡང་དུད་དེ་ཚང་ངམ་ཡང་ཐ་ན་ནད་པ་དེ་ལ་ཡང་གནོད་མི་ནུས་པར་འགྱུར་རོ། །ཤིན་ཏུ་གདོན་སྟོབས་ཆེ་ཞིང་བསྡོང་བ་མང་བ་དམ་བྱེད་ཁ་དྲག་པོ་ལ་ནི་ནད་པ་དེ་ལ་ཕན་ནས། ནོར་སྙིང་དམར་ཅན་ནམ་བྱིས་པའམ་རྒན་གོག་ལྟ་བུ་གཅིག་ལ་རྐྱེན་འགྱུར་བ་སྣ་ཚོགས། དེ་ཅིའི་ཕྱིར་ན་གཅིག་མ་ལོན་བར་ལ་ཁོ་མི་འགྲོ་བའི་རིགས་སུ་གདའོ། །བྱད་ཁ་དྲག་པོས་ཆོས་སྐྱོང་གནོད་པ་ཡིན་ན་སྨྱོན་པ་ཁོ་རང་གིས་དངོས་སུ་སྨྲ་བའམ། ཉམས་རྨི་ལམ་དུ་དྲག་ལས་མ་བྱེད་འདི་ལྟར་ཡིན་ཟེར་བ་འབྱུང་ངོ་། །ཡང་ཡུལ་ལྷའི་གནོད་པ་ལ་ཡང་དེ་འདྲ་འབྱུང་སྟེ། དྲག་ལས་བྱེད་མི་བྱེད་གལ་ཆེ་ཆུང་དང་བསྟུན་པར་བྱའོ། །བདག་གིས་ནི་ནད་གདོན་ཆེན་དང་། སྨོན་པ་མང་དུ་བཏུལ་བའི་གདམས་ངག་གི་གཙོ་


CMR042_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གཏོར་རྒྱབ་ཡིན་ནོ། །ཡང་སྨྱོན་རྒོད་ཅིས་ཀྱང་མ་ཐུལ་ན་ནད་པའི་རྣམ་པར་ཤེས་པ་མི་སྤར་བར་གཏོར་མ་བརྒྱབས་ནས་ནད་པའི་ལུས་ཤ་ཁྲག་དང་གདོན་མཉམ་དུ་བསྲེག་པར་བསྒོམ༔ འདི་དཔལ་གྲྭ་ལོའི་གདམས་པ་ཕྱག་བཞི་པའི་ཡིག་ཆ་འགའ་རེ་ལས་འབྱུང་སྟེ། རྣམ་ཤེས་སྤར་ན་གདོན་ཡང་མཉམ་དུ་འཁྲི་སྟེ་ནད་པ་གདོན་གཉིས་དབྱེར་མེད་དུ་གྱུར་ནས་ཕྱེ་དཀའ་བ་ལ་དགོངས་པ་རེད་ཀྱང་འདིས་ཚེ་ལ་ཅུང་ཟད་གནོད་པས་དོགས་མ་བྱུང་ན་དགའོ། །འདི་རྣམས་ནི་ལྷ་སོ་སོའི་གཞུང་ལ་ཟུར་ཙམ་ལས་མ་གསུངས། སློབ་དཔོན་མཁས་པ་རྣམས་ཀྱི་གསུང་རྒྱུན་ངག་ཁྲིད་དུ་ཡོད་པ་དང་། རང་གི་ཉམས་མྱོང་སྦྱར་ནས་བཀོད་པ་འདི་ནི་སྔོན་ཆད་ཡི་གེར་བཀོད་པ་མེད་ཅིང་ཤིན་ཏུ་ཟབ། འོན་ཀྱང་གདོན་རྣམས་ཨར་ལ་གཏད་པས་ཉེས་པ་ཡང་ཅུང་ཟད་ཡོད་དེ་མི་འཁུ་བའི་དམ་ཚིག་ལྔ་ལས་གདོན་དང་འབྱུང་པོ་ལ་འཁུ་བར་གསུངས་པའོ། །དེའི་ཕྱིར་དཔེ་འདི་མང་དུ་མི་སྤེལ་བར་གཅེས་སྤྲས་སུ་བྱའོ། །ཞེས་རི་པ་བླ་མ་ཀརྨ་བག་ཡོད་ཀྱིས་གསུང་གིས་བསྐུལ་བ་ལྟར་རིག་སྔགས་འཆང་བ་ཀརྨ་ཨ་རཱ་གས་ལེགས་པར་བཀོད་པའོ། །འདི་བྲིས་ཉེས་པ་གང་མཆིས་བཤགས་ཤིང་དགེ་བས་འགྲོ་བའི་


CMR042_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་རྣམས་རབ་ཏུ་ཞི་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཏོར་རྒྱབ་ཀྱི་ཟིན་བྲིས་རབ་ཏུ་གསལ་བ་ཞལ་ཤེས་དམིགས་རིམ་དང་བཅས།next