Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
གནམ་ཆོས་ཐུགས་གཏེར་ལས་ལས་ཧུར་དྲག་མོའི་དམ་བདར་དྲག་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་གཏེར་ལས་ལས་ཧུར་དྲག་མོའི་དམ་བདར་དྲག་པོ།next

གནམ་ཆོས་ཐུགས་གཏེར་ལས་ལས་ཧུར་དྲག་མོའི་དམ་བདར་དྲག་པོ།


CMR042_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་གཏེར་ལས་ལས་ཧུར་དྲག་མོའི་དམ་བདར་དྲག་པོ་བཞུགས་སོ༔


CMR042_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ དམ་བདར་དྲག་པོའི་བཙན་དུག་ནི༔ བྷྱོ༔ ལས་ཧུར་དྲག་མོ་རྫུ་འཕྲུལ་ཅན༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྱོད་ཀྱི་སྨོན་ལམ་འདི་མིན་ནམ༔ རྣལ་འབྱོར་དམ་ཚིག་ཅན་ལ་བརྩེ༔ ཤིན་ཏུ་མཐུ་ཆེ་རི་རབ་བརླག༔ ཅི་བཅོལ་ལས་རྣམས་བསྒྲུབ་ནུས་པ༔ དམ་ཚིག་ཅན་ལ་སྡང་བ་ཡི༔ དགྲ་དང་བགེགས་ནི་གང་འདུག་ཀྱང་༔ བདག་གིས་ཐལ་བར་བརླག་ནུས་ཤོག༔ ཁྱོད་ཀྱི་སྨོན་ལམ་དེ་མིན་ནམ༔ གང་འཇིགས་ཁྱོད་ཀྱི་འཁོར་ཡིན་སྐད༔ གནོད་བྱེད་དགྲ་བགེགས་ལས་ངན་འདི༔


CMR042_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་ད་ལྟ་ཉིད་དུ་སྒྲོལ༔ སྲིད་པ་གསུམ་གྱི་འཇིག་རྟེན་ན༔ ཁྱོད་ལས་འཇིགས་པ་མེད་སན་ཟེར༔ དེ་ལྟར་ཁྱོད་ཉིད་མཐུ་དགྲ་བགེགས་མི་བསྒྲལ་ཅི་བྱུང་ངམ༔ རྡོ་རྗེ་གཡུ་དྲག་མ་ཁྱོད་ནི༔ འགྲན་མེད་མཆེད་ལྔ་ཡོད་དོ་སྐད༔ ཡེ་ཤེས་སྲིང་གཅིག་ཡིན་ནོ་སྐད༔ བརྟག་པ་བདུད་མོ་ཡིན་ནོ་སྐད༔ དམ་ཚིག་མཐུ་ཆེན་ཡིན་ནོ་སྐད༔ ས་བདག་ཚ་བོ་ཡིན་ནོ་སྐད༔ ཁྱོད་ནི་སྟོབས་ལྡན་ཡིན་པས་དགྲ་བགེགས་ཁྱོད་ཀྱིས་མི་གསོད་པ༔ སྲོག་ལ་བབ་ནི་ཡོད་དམ་ཅི༔ རཏྣ་ཁྲོ་དྲག་ཁྱོད་ལས་ནི༔ ཆེ་བའི་མ་མོ་མེད་དོ་སྐད༔ ཁམས་


CMR042_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཀུན་ཏུ་རྒྱུག་བྱེད་པ༔ དོན་མེད་གནས་སུ་ནད་ཆར་འབེབས༔ རྣལ་འབྱོར་སྐུ་ལ་བསྡོ་བ་ཡི༔ དམ་ཉམས་འདི་ཉིད་མི་བསྒྲལ་ན༔ ཁྱོད་ཀྱི་མཐུ་རྩལ་མེད་དམ་ཅི༔ པད་མ་ནག་དྲག་ཁྱོད་ཉིད་ནི༔ རལ་གཅིག་དྲག་མོ་མཐུ་རྩལ་ཅན༔ ཁྱོད་ལ་འགྲན་ཟླ་མེད་དོ་ཟེར༔ ཁྱོད་ཀྱིས་ཆེ་འགྱིང་བྱེད་པ་སྟེ༔ ང་ལ་འདི་བས་ཐུ་མ་བྱུང་༔ འདི་འདྲའི་དམ་ཉམས་དགྲ་བགེགས་འདི༔ མྱུར་དུ་བསྒྲལ་བར་མི་བྱེད་པར༔ ཁྱོད་ལ་དགྲ་བོ་སུ་ཡིས་མནན༔ ལས་འདི་ཁྱོད་ཀྱིས་མྱུར་དུ་སྒྲུབས༔ ཀརྨ་འདྲོག་ཆེན་མཐུ་རྩལ་ཅན༔ ཁ་མོ་ཆེ་ནི་འགྲན་མེད་ཟེརཿ༔ ཁྱོད་ལ་མཐུ་རྩལ་ཡོད་པས་ན༔ དགྲ་བགེགས་མི་གསོད་ཅི་ལ་བསྐྱུར༔ ཁྱོད་ཀྱི་ད་བར་བསྐྱུར་བ་འདི༔ ཁྱོད་ལ་ནད་ཀྱིས་ཟིན་ནམ་ཅི༔ ཁྱོད་ལྔས་དགྲ་བོ་བསྒྲལ་བ་ལ༔ རླུང་འཚུབ་བས་ཀྱང་མགྱོགས་སོ་ཟེར༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ འཇིག་རྟེན་ཁམས་ན་འགྲན་ཟླ་བྲལ༔ སེམས་ཅན་དོན་མེད་ནད་ཀྱིས་གསོད༔ ད་རེས་རྣལ་འབྱོར་བདག་ཅག་ལ༔ དོ་བསྡོ་ཕོད་བཙུགས་ཆོས་སྐྱོང་བརྙས༔ དམ་ཉམས་དགྲ་བགེགས་འདི་ཉིད་ནི༔ མྱུར་དུ་བསྒྲལ་བར་མི་བྱེད་པར༔ ཁྱོད་ལ་


CMR042_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་ཅི་འདྲ་བྱུང་༔ ཁྱོད་ཀྱིས་མྱུར་དུ་དགྲ་བགེགས་ཟློག༔ དུར་ཁྲོད་བདག་མོ་མཐུ་རྩལ་ཅན༔ ངེ་ནེ་མ་ཞེས་ཡོངས་སུ་གྲགས༔ ཁྱོད་ལ་མཐུ་རྩལ་ཡོད་པ་ན༔ དགྲ་ལ་ཆོ་འཕྲུལ་མི་གཏོང་བ༔ བདག་ནི་ཡི་ཆད་ལས་ཅི་བྱུང་༔ ནད་ཀྱི་བདག་མོ་གདུག་པ་ཅན༔ ཤིན་ཏུ་འཇིགས་པས་དགྲ་བགེགས་སོད༔ དགྲ་བོ་མི་གསོད་ནད་ཅིས་ཐེབས༔ སྐྱ་མོ་མཆེད་བཞི་དྲེགས་པའི་བདག༔ ཁྱོད་ཀྱིས་དགྲ་བགེགས་མི་གསོད་ན༔ ཁྱོད་ཀྱི་མཐུ་རྩལ་བདེན་པ་མེད༔ ལས་ངན་དགྲ་བགེགས་སྡིག་ཅན་འདིས་ལས་ཧུར་དྲག་མོ་མི་བདེན་ཟེར༔ ངས་ནི་ཡི་དམ་ཕྱག་མང་སྨྲས༔ དགྲ་བོས་འདྲེ་མོ་ནག་རབ་ཟེར༔ གསང་བའི་གཡུ་དྲག་མཐུ་རྩལ་ཅན༔ ཐུགས་ཆེན་ལྕམ་གཅིག་ཡིན་ནོ་སྨྲས༔ འདྲེ་མོ་ལས་ཀྱི་མེ་ལོང་འཛིན༔ དགྲ་བོ་ཡིས་ནི་དེ་ལྟར་ཟེར༔ ཡེ་ཤེས་འཇིགས་བྱེད་མཐུ་ཆེན་སྨྲས༔ དགྲ་བོས་རྒྱལ་འགོང་མགོ་དགུ་ཟེར༔ དུད་སོལ་དྲེལ་ཆིབས་འཇིགས་སོ་སྨྲས༔ དགྲ་བོས་བོང་ཞོན་ནད་བདག་ཟེར༔ ཨེ་ཀ་ཙ་ཏི་འཇིགས་རུང་སྨྲས༔ དགྲ་བོས་མིག་བཏོན་སྐུ་ཟད་ཟེར༔ ཁ་མོ་ཆེ་ནི་འཇིགས་སོ་སྨྲས༔ དགྲ་བོས་འདྲེ་


CMR042_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྙིང་འབྱིན་ཟེར༔ གཟའ་བདུད་ཆོས་སྐྱོང་ཆེན་པོ་སྨྲས༔ དགྲ་བོས་འདྲེ་ཕོ་སྦྲུལ་མཇུག་ཟེར༔ དུར་ཁྲོད་བདག་མོ་མཐུ་ཆེན་སྨྲས༔ དགྲ་བོས་མི་འདྲེ་བླ་འཁྱམས་ཟེར༔ ནད་བདག་ཆེན་མོ་ཡིན་ནོ་སྨྲས༔ དགྲ་བོས་འདྲེ་མོ་སྲོག་གཅོད་ཟེར༔ སྐྱ་མོ་རྫུ་འཕྲུལ་ལྡན་ནོ་སྨྲས༔ དགྲ་བོས་འདྲེ་མོ་སྤུན་བཞི་ཟེར༔ ཡི་དམ་ཆོས་སྐྱོང་མཐུ་མེད་ཟེར༔ རྣལ་འབྱོར་བདག་ལ་ལྷ་མེད་ཟེར༔ དགྲ་བོས་འདི་ཙམ་བརྙས་པ་ལ༔ རྟག་ཏུ་ལྷ་མཆོད་དོན་ཆུང་སྙམ༔ འུག་པ་གསེར་གྱི་མིག་ཅན་ཁོ༔ ཉ་མོའི་སྟེང་དུ་རྒོད་ལུགས་ཀྱང་༔ ཉིན་ལ་བབ་ན་བལྟ་དབང་མེད༔ ལས་ཧུར་དྲག་མོ་འཁོར་བཅས་རྣམས༔ དོན་མེད་སྟེང་དུ་མཐུ་ཆེ་སྟེ༔ དགྲ་བོ་བྱུང་ན་ད་མི་སྣང་༔ ལས་ཧུར་དྲག་མོའི་མཐུ་རྩལ་དང་༔ ལས་འཕྲོ་བསྒུགས་ནས་བསྡད་པ་ལ༔ དེ་འདྲའི་མཐུ་རྩལ་སུ་ལ་ཡོད༔ དེ་བས་ཁྱོད་ལ་མཐུ་མེད་ན༔ ཧ་ཧ་ཉམས་ཡང་མཚར་པོ་ཆེ༔ ད་རེས་རེམ་ཞིག་དགྲ་ལ་རྒྱུགས༔ བློ་བྱོ་སྡང་བའི་དགྲ་ལ་བྱོ༔ སོད་སོད་སྡང་བའི་དགྲ་བགེགས་སོད༔ ལས་ཧུར་དྲག་མོས་མྱུར་ཆོམ་ལ༔ ཞིང་བཅུའི་དམ་ཉམས་དགྲ་བགེགས་འདིའི༔ ཤ་ལ་ཟོ་ཞིག་ཚྭ་ས་ཁ་རཾ་


CMR042_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཁཱ་ཧི༔ ཁྲག་ལ་འཐུངས་ཤིག་རཀྟ་ཁ་རཾ་ཁཱ་ཧི༔ རུས་པ་འཆོས་ཤིག་ཀཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཀླད་པ་ལྡོག་ཅིག་ཀོ་རོ་ཙ་ན་ཁ་རཾ་ཁཱ་ཧི༔ རྒྱུ་མ་གསོལ་ཅིག་བ་སུ་ཏ་ལ་ཁ་རཾ་ཁཱ་ཧི༔ དགྲ་བགེགས་གནོད་བྱེད་ཀྱི་ཤ་ཁྲག་དབུགས་གསུམ་ལ་རྒྱུག་རྒྱུག་རྦད་རྦད༔ ཁྲོ་ཟོ༔ ཆོམ་ཆོམ་གྷི་གྷི༔ ཙེར༔ ཧུལ་ཧུལ༔ དགྲ་བགེགས་གནོད་བྱེད་ཧུར་ཐུ་ཛཿ མཱ་ར་ཡ་རྦད་ནན་ནན་ཧྲིང་ཛ་ཛཿ རུ་རུ་རུ་ཀཾ་ཀཱི་ཧཱུྃ༔ དུ་མ་ར༔ ཀརྨ་ཏུ་བློ་རྒྱུག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གླུ་ཧྱ༔ ཙབྱམསྱ། འདིའི་ཞལ་གདམས་ལ༔ དགྲ་བོ་ཟེར་བར་དགྲ་བགེགས་སྦྱར་བ་རིམ་གྲོ་དུས་སོ༔ སོད་ཅེས་པའི་ཚབ་ཏུ་བཟློག་སྦྱར་རུང་༔ དམིགས་པ་རང་ཉིད་ལས་ཧུར་དུ་སྒོམས༔ དེ་ཡང་འཁོར་ཡོངས་རྫོགས་ཀྱིས་བསྐོར༔ བདག་བསྐྱེད་འཁོར་བཅས་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་སོ་སོའི་ཐུགས་ཀར་ཐིམ༔ མདུན་བསྐྱེད་འཁོར་བཅས་ཀྱི་ཐུགས་ཀར་དམིགས་བྱ་དགྲ་བོའི་ས་བོན་ཧཱུྃ་ལྗང་གུ་གཅིག་ཡར་རྒྱུག་མར་བརྒྱུགས་པས་ཐུགས་སྣད་པར་བྱས༔ ཡང་དགྲ་བོ་དེ་དངོས་འདྲ་བ་གཅིག་གིས་དབྱུག་ཐོ་ཁྱེར་ནས༔ མདུན་བསྐྱེད་ལྷ་དེ་རྣམས་ཀྱི་བྲང་ལ་བརྡེགས༔ དེ་ནས་ལྷ་རྣམས་རབ་ཏུ་ཁྲོས་ནས་ཡུལ་དུ་སོང་ནས་རྡུལ་དུ་བརླགས་པར་བསམ་མོ༔ འདི་ནམ་རེད་འདོན་མི་རུང་གལ་ཐུག་དུས་འདོན༔ སྒྲུབ་པའི་གནད་ཡི་གེ་བསྒྲུབ་མི་རུང་དུས་


CMR042_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐུག་ན་ལེགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་བྱ་ལོ་ཆོ་འཕྲུལ་ཆེན་པོའི་བཅུ་གཉིས་ཉིན་ལས་ཧུར་དྲག་མོས་དངོས་སུ་གསུངས་སོ༔ ཡེ་ཤེས་འཇིགས་བྱེད་གཏོར་ཟློག་འདི༔ སྤྲུལ་སྐུ་ཉིད་ཀྱིས་བཀས་བསྐུལ་ནས༔ གཞུང་ནས་ཁྲིགས་སུ་སྡེབ་པ་དང་༔ ཁ་བཀང་འདོན་ཆ་སྦྱོར་གསུངས་ནས༔ ལོ་ཡི་རྒྱལ་པོ་བྱི་བའི་ལོ༔ སྨིན་དྲུག་ཟླ་བར་བརྩམས་བྱས་ཀྱང་༔ ཤིན་ཏུ་གཉན་པའི་ལྟས་མཐོང་ནས༔ ལོ་དགུའི་བར་དུ་བཏང་སྙོམས་བཞག༔ བཀའ་རྒྱ་གྲོལ་བའི་ལྟས་མཐོང་ཞིང་༔ སྤྲུལ་སྐུའི་དགོངས་པ་རྫོགས་པའི་ཕྱིར་སྤྲེལ་ལོ་སྨིན་དྲུག་ཟླ་བ་ཡི་ཉེར་བདུན་ཉི་ན་པར་རྫོགས་པར་བསྒྲིགས༔ སྔོན་ཆད་ས་སྟེང་མ་གྲགས་པ་འམ༔ བཟློག་པ་འདི་བས་ཟབ་པ་ནི༔ འཇིག་རྟེན་ཁམས་ན་སྲིད་མི་འགྱུར་ཤིན་ཏུ་ཟབ་ཅིང་གཉན་པའི་ཕྱིར༔ གཞན་ལ་མི་སྤེལ་གསང་ཞིང་སྤྱོད༔ དེ་སྐད་གཏེར་སྟོན་སྐུ་གཤེགས་ཀྱང་༔ གཏེར་བློན་རཱ་ག་ཨ་སྱས་སྨྲས༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགནམ་ཆོས་ཐུགས་གཏེར་ལས་ལས་ཧུར་དྲག་མོའི་དམ་བདར་དྲག་པོ།next