Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
མདོས་བཟློག་བསྐང་གསུམ་གང་བྱེད་ཀྱང་རྗེས་ཆོག་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་ལྟ་བུའི་གདམས་ངག་རྐྱེན་ཟློག་གྲོང་ཆོག་བྱས་ཀྱང་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་ཐབས་ཟབ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམདོས་བཟློག་བསྐང་གསུམ་གང་བྱེད་ཀྱང་རྗེས་ཆོག་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་ལྟ་བུའི་གདམས་ངག་རྐྱེན་ཟློག་གྲོང་ཆོག་བྱས་ཀྱང་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་ཐབས་ཟབ་མོ།next

མདོས་བཟློག་བསྐང་གསུམ་གང་བྱེད་ཀྱང་རྗེས་ཆོག་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་ལྟ་བུའི་གདམས་ངག་རྐྱེན་ཟློག་གྲོང་ཆོག་བྱས་ཀྱང་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་ཐབས་ཟབ་མོ།


CMR042_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་བཟློག་བསྐང་གསུམ་གང་བྱེད་ཀྱང་རྗེས་ཆོག་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་ལྟ་བུའི་གདམས་ངག་རྐྱེན་ཟློག་གྲོང་ཆོག་བྱས་ཀྱང་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་ཐབས་ཟབ་མོ་བཞུགས་སོ།།


CMR042_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའམ་སྲུང་ཟློག་ལ་སོགས་གང་བྱས་ཀྱང་མཇུག་རྗེས་ཀྱི་ཆོ་གའི་རིམ་པ་འདི་ལྟར་ཏེ། མདུན་དུ་བསྐྱེད་པའི་ལྷ་ཚོགས་ཐམས་ཅད་ཀྱི། །དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་དང་། །གསང་གནས་ལྔ་ནས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ལྔ་ཡི་བྱིན་རླབས་དངོས་གྲུབ་ཀུན། །ཐིག་ལེ་དཀར་པོ་ཨོཾ་གྱིས་མཚན་པ་དང་། །དམར་པོ་ཨཱཿས་མཚན་སྔོན་པོ་ཧཱུྃ་གིས་མཚན། །སེར་པོ་སྭཐམཚན་ལྗང་ཁུ་ཧཡིས་མཚན། །ཆར་བཞིན་བབས་ནས་རང་གི་གནས་ལྔར་ཐིམ། །དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་གྱུར། །ཡེ་ཤེས་ལྷ་རྣམས་བདག་ལ་རྗེས་དགོངས་ནས། །


CMR042_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་ཁྱེད་དང་དབྱེར་མེད་དོན་གཅིག་ཀྱང་། །མ་རྟོགས་འཁྲུལ་པས་འཁོར་བར་འཁྱམས་ལགས་ན། །ཐུགས་རྗེས་བརྩེ་བས་བདག་ལ་དགོངས་སུ་གསོལ། །བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ། །འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། །བརྒྱུད་འཛིན་སྲིད་ཀྱི་དངོས་གྲུབབསྩལ་དུ་གསོལ། །འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འགགས་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཡོན་ཏན་རེ་སྐོང་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་འགྲོ་


CMR042_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་དངོས་གྲུབ་བསྩལ་དུ་གསོལ། །བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཐུགས་རྗེས་ཕྱི་བཤོལ་མེད་པར་མྱུར་དུ་སྩོལ། །ཁྱེད་དང་བདག་གཉིས་གཡར་དམ་གཅིག་པའི་གནད། །ད་ལྟ་ཉིད་དུ་མཆོག་ཐུན་གཉིས་ཀ་སྩོལ། །ༀ་གུ་རུ་དེ་ཝ་ཌཱཀྐི་ནཱི་སརྦ་དྷརྨཱ་པ་ལ་ཀཱ་ཡ་སིདྡྷི་ཨོ། ཝཱཀྐ་སི་དྷི་ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་སྭཱ། ཀརྨ་སིདྡྷི་ཧཱ། ཞེས་གོང་གི་དམིགས་པ་གསལ་བས་ལན་གསུམ་བརྗོད། །ནང་མཆོད་བདུད་རྩིས་གནས་གསུམ་ཐིག་ལེ་བྱ། །ཅུང་ཟད་ལྕེ་ལ་མྱོང་བར་བྱ་བ་དང་། །གཏོར་མ་ནས་ཀྱང་ཅུང་ཞིག་དངོས་གྲུབ་བླངས། །སླར་ཡང་མཆོད་པ་ཁ་གསོ་བྲན་བྱས་ལ། །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་མཆོད་རྫས་ཐམས་ཅད་ནི། །མཆོད་པའི་སྤྲིན་ཕུང་ནམ་མཁའ་ཁྱབ་གྱུར་པ། །རང་གི་ཐུགས་ལས་སྤྲུལ་པའི་ལྷ་མོའི་ཚོགས། །ནམ་མཁའ་གང་བས་བདག་མདུན་སོ་སོ་ལ། །མཆོད་ཅིང་བསྟོད་པའི་དབྱངས་ཀྱིས་བསྟོད་པར་གྱུར། །བདག་དང་མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་ལ། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །མཆོད་པའི་ལྷ་མོ་བཅུ་དྲུག་ལ་སོགས་པ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟ་


CMR042_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བུས་མཆོད། །ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨཱ་པཱ་ལ་ཨརྒྷཾ་སོགས། ཧཱུྃ། བྱིན་རླབས་ཀུན་གྱི་འབྱུང་གནས་རྩ་བ་སྟེ། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་རྣམ་གཉིས་འབྱུང་བའི་རྩ་བ་སྟེ། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་རྣམ་བཞི་འགྲུབ་པའི་རྩ་བ་སྟེ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། ༈ །རྩ་བ་གསུམ་གྱི་ལྷ་ཚོགས་དགོངས་སུ་གསོལ། །བདག་ནི་ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ་ལ་སོགས། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །སྡིག་ལྟུང་ཉེས་པའི་ཚོགས་བགྱིས་མཐོལ་ལོ་བཤགས། །ཁྱད་པར་བདག་ཅག་སོ་སྐྱེའི་དབང་གྱུར་པས། །ཆོ་ག་ལྷག་ཆད་ནོར་འཁྲུལ་གྱུར་པ་དང་། །ཏིང་འཛིན་མི་གསལ་བྱིང་རྒོད་གཉིད་རྨུགས་དང་། །མཆོད་གཏོར་ཆུང་ཞིང་གཙང་སྦྲ་མ་བྱས་སོགས། །འགལ་ཞིང་འཁྲུལ་པ་གང་མཆིས་བཟོད་པར་གསོལ། །བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ནས་ཀྱང་། །ཚེ་འདིའི་བར་ཆད་རྐྱེན་དུ་མི་འགྱུར་ཞིང་། །ཕྱི་མ་བྱང་ཆུབ་ཐོབ་ལ་མི་བསྒྲིབ་པར། །སྒྲིབ་མེད་ཚངས་པའི་


CMR042_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་བསྩལ་དུ་གསོལ། །གསོལ་བ་བཏབ་པས་སྐད་ཅིག་ནམ་མཁའ་ལ། །རྡོ་རྗེ་སེམས་དཔའ་བྱོན་པའི་ཐུགས་ཀ་ནས། །བདུད་རྩིའི་རྒྱུན་བབ་བདག་གིས་ཉམས་ཆག་བཀྲུས། །སྐུ་ཡི་འོད་ཟེར་ཟླ་བའི་འོད་ལྟ་བུ། །ལྷ་ཚོགས་ཀུན་ལ་ཕོག་པས་ཉམས་གྲིབ་དང་། །ལྷ་ཚོགས་མི་དགྱེས་པ་ཀུན་སངས་སེ་དག །ལྷ་ཚོགས་བཀྲག་མདངས་གཟི་བརྗིད་སྔར་བས་བཟང་། །རྡོར་སེམས་འོད་དུ་ཞུ་ནས་བདག་ལ་ཐིམ། །ཉམས་ཆག་འགལ་འཁྲུལ་ཐམས་ཅད་དག་པར་གྱུར། །ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་ཡིག་བརྒྱ་ཚར་གསུམ་བཟླ། བདག་གིས་ཤེས་པ་བརྗོད་པས་ལྷ་ཀུན་གྱིས། །བཀྲ་ཤིས་བརྗོད་པས་མེ་ཏོག་ཆར་བབས་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་ཡུལ་ཁམས་བཅས། །བདེ་སྐྱིད་ཕུན་སུམ་ཚོགས་པར་བྱིན་རླབས་གྱུར། །ཨེ་མ་ཧོ༔ ཀུན་བཟང་རྒྱལ་བ་རིགས་ལྔ་རྡོ་རྗེ་སེམས། །རྒྱལ་བ་དགོངས་པ་བརྒྱུད་པའི་བཀྲ་ཤིས་ཤོག །དགའ་རབ་རྡོ་རྗེ་ཤྲཱི་སེང་པདྨ་འབྱུང་། །རིག་འཛིན་བརྡ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །བཀའ་བབ་མི་དགུ་རྗེ་འབངས་ཉི་ཤུ་བདུན། །གང་ཟག་སྙན་བརྒྱུད་བླ་མའི་བཀྲ་ཤིས་ཤོག །མ་གཅིག་མཚོ་


CMR042_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ལབ་སྒྲོན་རྡོ་རྗེ་སྒྲོན། །མཁའ་འགྲོ་གཏད་བརྒྱ་བརྒྱུད་པའི་བཀྲ་ཤིས་ཤོག །གླིང་པ་བརྒྱད་སོགས་གཏེར་སྟོན་བརྒྱ་རྩ་བརྒྱད། །གཏེར་ཆོས་སྨོན་ལམ་བརྒྱུད་པའི་བཀྲ་ཤིས་ཤོག །དབང་བསྐུར་བརྒྱུད་བཤད་མན་ངག་སྦྱིན་མཛད་པའི། །དྲིན་ཆེན་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །ཚེ་བདག་རིགས་ལྔ་ཡབ་ཡུམ་མགྱོགས་མའི་ཚོགས། །འཆི་མེད་ཚེ་ཡི་ལྷ་ཚོགས་བཀྲ་ཤིས་ཤོག །ཐུགས་རྗེ་ཆེན་པོ་ཐུབ་དྲུག་སངས་རྒྱས་སྟོང་། །ཐུགས་རྗེ་འགྲོ་འདུལ་ལྷ་ཚོགས་བཀྲ་ཤིས་ཤོག །གུ་རུ་ཞི་དྲག་རྟ་མགྲིན་འཇིགས་བྱེད་སོགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །བཀའ་དགོངས་ཕུར་གསུམ་ཞི་ཁྲོ་རབ་འབྱམས་སོགས། །ཐེག་པ་དགུ་ཡི་ལྷ་ཚོགས་བཀྲ་ཤིས་ཤོག །བེར་གུར་ཕྱག་བཞི་ཕྱག་དྲུག་མ་ནིང་སོགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ལྷ་མོ་དཔོན་གཡོག་བརྟན་མ་བཅུ་གཉིས་སོགས། །བརྟན་སྐྱོང་ལྷ་མོ་རྣམས་ཀྱི་བཀྲ་ཤིས་ཤོག །ཛམ་ལྷ་རིགས་ལྔ་ནོར་རྒྱུན་མཆེད་ལྔ་སོགས། །ནོར་ལྷ་གཏེར་བདག་རྣམས་ཀྱི་བཀྲ་ཤིས་ཤོག །ཚངས་དང་བརྒྱ་བྱིན་རྒྱལ་ཆེན་སྡེ་བཞི་སོགས། །གཙང་རིགས་


CMR042_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་བདུན་ཅུའི་བཀྲ་ཤིས་ཤོག །ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་དྷརྨཱ་པ་ལ་སྭ་སྟི་སྭ་སྟི་མངྒ་ལཾ། སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ། བདག་གིས་ཐལ་སྦྱར་སྨོན་ལམ་བཏབ་པ་ཡིས། །ལྷ་ཚོགས་ཀུན་གྱིས་མཐུན་འགྱུར་མཛད་པར་གྱུར། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཁམས་བཞུགས་པའི། །རྒྱལ་བ་སྲས་བཅས་ཉན་ཐོས་རང་རྒྱལ་ཚོགས། །མངོན་ཤེས་དྲུག་དང་ཡེ་ཤེས་སྤྱན་མངའ་བ། །ཐམས་ཅད་བདག་ལ་གསན་ཅིང་དགོངས་སུ་གསོལ། །ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ། །བདག་གིས་བསོད་ནམས་དགེ་ཚོགས་ཅི་བསགས་པ། །ཁྱད་པར་ད་རེས་ལྷ་བསྒོམས་སྔགས་བཟླས་ཤིང་། །མཆོད་བསྟོད་བསྐང་གསོའི་རིམ་པ་བགྱིས་པ་ཡི། །དགེ་བའི་རྩ་བ་ཇི་སྙེད་མཆིས་པ་རྣམས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་སྔར་འབུལ། །མཆོད་པའི་སྤྲིན་ཕུང་ནམ་མཁའ་ཁྱབ་གྱུར་ནས། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱང་སྐུ་ཚེ་བརྟན་གྱུར་ཅིག །དེ་ཡི་དགེ་བས་དྲིན་ཆེན་ཕ་མ་དང་། །བདག་ལ་འབྲེལ་པ་ཐོགས་པའི་གཙོར་བྱས་པའི། །མར་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་


CMR042_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །ཚོགས་རྫོགས་སྒྲིབ་བྱང་མྱུར་དུ་སངས་རྒྱས་ཤོག །དགེ་བའི་རྩ་བ་དེ་དག་ཀུན་བསྡུས་ཏེ། །།བདག་གིས་རྒྱུད་ལ་ད་ལྟ་ཉིད་སྨིན་ནས། །ཚེ་རིང་ནད་། མེད་བསོད་ནམས་ཉམས་རྟོགས་འཕེལ། །བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པར་ཤོག །ནམ་ཞིག་དུས་ལ་བབ་སྟེ་འཕོ་བའི་ཚེ། །སྐྱེ་བ་གཞན་གྱིས་བར་མཚམས་མི་ཆོད་པར། །ཡི་དམ་དཔའ་བོ་མཁའ་འགྲོས་མདུན་བསུས་ཏེ། །མེ་ཏོག་ཆར་འབེབས་རོལ་མོའི་སྒྲ་དང་བཅས། །བདེ་བ་ཅན་གྱི་ཞིང་དེར་ཁྲིད་པར་ཤོག །ཞིང་དེར་པདྨོ་མཆོག་ལ་བརྫུས་སྐྱེས་ནས། །སྣ་ཚོགས་མཆོད་པས་རྒྱལ་བ་མཆོད་བྱེད་ཅིང་། །ཨོ་རྒྱན་ཆོས་སྐུ་སྣང་བ་མཐའ་ཡས་དང་། །ནམ་ཡང་འབྲལ་མེད་མངོན་པར་སངས་རྒྱས་ཤོག །བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཆོས་ཉིད་ཆོས་ཅན་འགོག་དང་ལམ་གྱི་བདེན། །བདེན་པར་གྲུབ་པ་རྣམས་ཀྱི་བདེན་ཚིག་གིས། །སྨོན་ལམ་དེ་དག་གེགས་མེད་འགྲུབ་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩ་དྲི་ཡ་ཨ་ཝ་བྷྱོ་དྷ་ན་ཡེ་སྭཱ་ཧཱ། ༈ མདུན་དུ་བསྐྱེད་པའི་ཡེ་ཤེས་ལྷ་ཚོགས་ཀུན། །རང་བཞིན་ཆོས་


CMR042_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱིངས་སུ་གཤེགས་ནས་ཀྱང་། །སླར་ཡང་བདག་གིས་སྤྱན་འདྲེན་མཆོད་བསྟོད་དུས། །ཆོས་ཀྱི་དབྱིངས་ནས་བཞེངས་ཏེ་འབྱོན་པར་ཞུ། །འཇིག་རྟེན་པ་རྣམས་རང་རང་གནས་བཛྲ་མུཿ། །དམ་ཚིག་པ་རྣམས་བདག་ལ་ཐིམ་པར་གྱུར། །ཨོཾ་ཨཱཿཧཱུྃ་བདག་བསྐྱེད་དམ་ཚིག་ཡེ་ཤེས་དབྱེར་མེད་པ། །མཐའ་ནས་དབུས་འདུས་ཐུགས་ཀའི་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་གྱེན་རྫོགས་ཡལ་ནས་སྟོང་པ་ཉིད། །རང་རིག་འོད་གསལ་ཆོས་སྐུ་རྗེན་པར་བུད། །བལྟས་པས་མི་མཐོང་ངང་ལ་ཅི་རེ་བལྟ། །སེམས་ལ་མྱོང་རྒྱུ་ཡོད་ཀྱང་མི་ཤེས། །སྨྲ་བསམ་བརྗོད་མེད་ཆོས་སྐུ་རྒྱལ་བའི་ཡུམ། །ཀུན་ཏུ་བཟང་པོའི་དགོངས་པ་ཨ་ལ་ལ། །ཨཱཿ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་བརྗོད། །དེ་ཡིས་རབ་གནས་བྱིན་རླབས་མི་ཉམས་གནད། །སྔགས་འཆང་མགོན་ལུ་ཞེས་བྱས་བསྐུལ་བའི་ངོར། །༧རཱ་ག་ཨ་སྱས་འཕྲལ་དུ་གང་དྲན་སྨྲས། །པདྨ་ཐབས་མཁས་ཞེས་བྱས་ཡི་གེར་བྲིས། མངྒ་ལཾ།། །། རྟེན་ཡོད་ན། ལྷ་རྣམས་ནོངས་པ་སོགས། འདོན་མཆན། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམདོས་བཟློག་བསྐང་གསུམ་གང་བྱེད་ཀྱང་རྗེས་ཆོག་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་ལྟ་བུའི་གདམས་ངག་རྐྱེན་ཟློག་གྲོང་ཆོག་བྱས་ཀྱང་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་ཐབས་ཟབ་མོ།next