Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་མོ་པྲ་སྒྲུབ་པའི་ཟིན་བྲིས་གསལ་བའི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཕུར་པའི་མོ་པྲ་སྒྲུབ་པའི་ཟིན་བྲིས་གསལ་བའི་མེ་ལོང་།next

རྡོ་རྗེ་ཕུར་པའི་མོ་པྲ་སྒྲུབ་པའི་ཟིན་བྲིས་གསལ་བའི་མེ་ལོང་།


CMR042_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་མོ་པྲ་སྒྲུབ་པའི་ཟིན་བྲིས་གསལ་བའི་མེ་ལོང་བཞུགས་སོ།


CMR042_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པྲ་ཝཱ་ཀ་ར་དེ་བ་བཛྲ་ཀུ་མཱ་ར་ན་མཿ ཀུན་རྫོབ་བདེན་པའི་རྟེན་འབྲེལ་མོ། །སྒྲུབ་པར་འདོད་པའི་གང་ཟག་གིས། །དབེན་ཞིང་གཙང་མའི་གནས་དག་ཏུ། །བལ་ཕྱིང་ངམ་ནི་གཞི་མ་དཀར་པོའི་སྟེང་། །ནས་ཀྱི་གཡུང་དྲུང་གཡས་འཁྱིལ་བྲི། །དེ་སྟེང་སྡེར་སོགས་རིན་ཆེན་སྣོད། །བཙན་བཤོས་མཁར་ཐབས་བྱས་པའི་སྟེང་། །ཟུར་གསུམ་རྩེ་རྒྱལ་དཀར་དམར་བརྒྱན། །གཡས་སུ་འབྲང་རྒྱས་གཡོན་སྨན་སྟེང་། །རྒྱབ་ཏུ་གསང་ཕྱི་མདུན་མཐེབ་སྐྱུ། །ནས་དཀར་བྲེ་གང་ནང་དུ་ནི། །མདའ་དར་དམར་པོ་བཙུགས་པར་བྱ། །ཕུད་རྒོད་ལ་སོགས་མཆོད་པ་བཤམ། །ཕྱེ་མར་ཤུག་དུད་བཏང་ན་བཟང་། །སྒྲུབ་རྟེན་མེ་ལོང་གཙང་མར་བཅང་། །རང་ཉིད་ཡི་དམ་པད་འབྱུང་བསྒོམ། །གྱེར་བསྒོམ་སྦྲགས་ལ་


CMR042_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་དོ།། ཧཱུྃ༔ རང་ཉིད་ཡི་དམ་ཐུགས་ཀ་ནས༔ འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས༔ ནུབ་ཕྱོགས་གཡའ་སྤང་མཚམས་ཤེད་ནས༔ གསལ་བྱེད་མོ་ཡི་བདག་པོ་ནི༔ བཙན་རྗེ་སྙིང་ཀྲུང་བཙན་པོ་སྟེ༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ ཀྱཻ༔ བཞེངས་ཤིག་སྙིང་དྲུང་བཙན་པོ་བཞེངས༔ སྐུ་ལ་དར་ནག་གོ་ཟུ་གསོལ༔ ཆིབས་སུ་སྨྱུ་གུ་སྒབ་ནག་ཆིབས༔ དབུ་ལ་བྱ་ཞུ་སྨུག་པོ་གསོལ༔ ཕྱག་ན་མདའ་མོ་བྱ་རྒོད་བསྣམས༔ འཕྲུལ་གྱི་མེ་ལོང་རྐེད་ལ་བཙུགས༔ ལྷབ་ལྷབ་དེ་ནི་འཕུར་ཞིང་བྱོན༔ ཐོལ་ཐོལ་དེ་ནི་སྨྲ་ཞིང་བྱོན༔ མོ་


CMR042_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལགས་པས་མོ་སྟོན་ཅིག༔ པྲ་བདག་ལགས་པས་པྲ་སྟོན་ཅིག༔ རྫུན་དང་གཡོ་སྒྱུ་མ་མཛད་ཅིག་སྒྲིབ་མེད་ཝ་ལེར་བསྟན་དུ་གསོལ༔ ང་ཡིས་འབོད་པར་མ་ཆད་དམ༔ ཁྱོད་ཀྱིས་འོང་བར་མ་ཆད་དམ༔ པྲ་བདག་དེ་ནི་པྲ་ལ་བྱོན༔ དེ་རིང་སྣང་སྲིད་ས་ལེར་སྟོན༔ བཛྲ་ས་མ་ཡ་ཛཿཛཿ ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨོཾ་ཨ་ཀཱ་རོ་སོགས། ཨོཾ་ཨཱཿ༔ཧཱུྃ་བཙན་རྒོད་སྙིང་དྲུང་བཙན་པོའི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱཿ ཧཱུྃ༔ བཙན་རྒོད་སྙིང་དྲུང་བཙན་པོ་ནི༔ སྐུ་ནི་སྨུག་ལ་དར་ནག་གསོལ་ཆིབས་སུ་སྨྱུག་གུ་སྒབ་ནག་ཆིབས༔ བྱ་ཞུ་གསོལ་ཞིང་མདའ་དར་བསྣམས༔ སྣང་གསལ་མེ་ལོང་སྐེད་ལ་བཙུགས༔ འབུར་ཞིང་གཡོན་ནས་ཐོལ་ཐོལ་མོ་ལྷ་པྲ་ཡི་བདག་པོ་ཁྱེད༔ དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ འཁོར་དང་བཅས་པ་མཉེས་གྱུར་ཅིག༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ བཀའ་དང་དམ་ལ་མ་འདའ་བར༔ དེང་འདིར་བདག་གིས་མོ་བསྒྲུབ་ན༔ བཟང་ངན་གཉིས་ཀྱི་མཐོང་ཆོད་ལ༔ ལེགས་ཉེས་གཉིས་ཀྱི་ཤན་ཕྱེས་ལ༔ རྣོ་མཐོང་མོ་ཡི་དངོས་གྲུབ་སྩོལ༔


CMR042_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མཆོད་ཅིང་ལས་བཅོལ་ནས། བཙན་རྗེ་རང་གི་མདུན་དུ་གནས༔ གསལ་བྱེད་མོ་རྣམས་སྟོན་པར་གྱུར༔ ཨོཾ་ད་ན་རཱ་ཙ་ཕཊ༔ ན་ད་རྭ་ཙ་ཕཊ༔ ནི་དུ་རཱ་ཙ་ཕཊ༔ དུ་ན་རཱ་ཙ་ཕཊ༔ དུ་པ་རྭ་ཙ་ཕཊ༔ པྲ་མོ་སྟོན་སྭཱ་ཧཱཿ སྔགས་དེ་རབ་ནི་ཁྲི་ཕྲག་གཅིག །འབྲིང་ནི་བདུན་སྟོང་ཐ་མ་ཡང་། །སུམ་སྟོང་བཟླས་པས་འགྲུབ་པ་སྟེ། །མེ་ལོང་གཙང་མ་སྔགས་དར་བྱད། །དུས་ནི་ཞག་གཅིག་རང་གིས་བསྒྲུབ། །དམ་ཚིག་མི་གཙང་བ་ལ་འཛེམ། །ཡུགས་སར་མི་འགྲོགས་ཡུགས་ས་ཡི། །ཁ་འཕྲོ་གོས་ཡུགས་འཛེམ་པ་དང་། །མི་ལ་མི་སྨྲ་ཤིན་ཏུ་གསང་། །སྒྲུབ་པ་ཐོན་ནས་མོ་ལྷ་དེ། །འོད་ཞུ་མེ་ལོང་དེ་ལ་བསྟིམ། །མདའ་དར་དེ་ཉིད་རྟེན་རྫ་ས་བཅང་། །མེ་ལོང་རྒྱུན་དུ་འཆང་བར་བྱ། །དེ་ནས་མོ་ནི་ནམ་འདེབས་དུས། །འཛོམ་ན་བཙན་བཤོས་མདའ་དར་སོགས། །ཐམས་ཅད་བསྒྲུབ་དུས་བཞིན་དུ་བཤམས། །ཕྱེ་མར་ཕུད་རྒོད་ལ་སོགས་བཤམ། །དེ་ཙམ་རྒྱས་པར་མ་འཕྲོད་ན། མདའ་དར་མོ་ནས་ཕྱེ་མར་བཤམ། །སྒྲུབ་དུས་བཞིན་དུ་གྱེར་ནས་བསྒྲུབ། །བསྙེན་པ་ཡང་ནི་ཅུང་ཟད་བཟླ། །དེ་ལྟ་བུ་ཡང་མ་འཛོམ་ན། །མོ་ནས་མཆོད་པའི་རྫས་སུ་བཤམ། །ཀྱེ་བཞེངས་ཤིག་ནས་ས་ལེར་སྟོན། །ཞེས་པའི་བར་གི་གཞུང་གི་ཚིག །བློ་ཀ་བཞིས་སྤྱན་འདྲེན་བྱ། །དེ་ནས་བསྙེན་པ་ཅུང་ཟད་བྱ། །དེ་ལྟར་རྒྱས་བསྡུས་གང་བྱེད་ཀྱང་། །སྔགས་ནི་བརྒྱ་རྩ་བརྒྱད་བཟླས་ནས། །


CMR042_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་རྒྱས་བཏབ་བགེགས་རྣམས་བསྐྲད། །ཨོཾ་བཛྲ་ཙནྡྲ་པྲ་ཏ་ཡ༔ དེ་ནས་སྒྲུབ་སྔགས་བརྒྱ་རྩ་བཟླ༔ ཨོཾ་ད་ན་ར་ཙ་ཕཊ༔ ནི་དུ་ར་ཙ་ཕཊ༔ དུ་པ་ར་ཙ་ཕཊ༔ པྲ་མོ་སྟོན་སྭཱ་ཧཱཿ དེ་ནས་མོ་ཁ་འབྱེད་པའི་སྔགས། །ཅི་འགྲུབ་བཟླས་ལ་མེ་ལོང་གི །གསལ་ངོས་དེ་ལ་ཕུ་བཏབ་བོ། །ཨོཾ་ཨ་མེ་ཀ་ཁ་མ་ཀྲ་ཀ་ཁ་ཡ༔ ཙཏྲ་ཀ་ཁ་ཡ༔ སྤོས་དང་ཕྱེ་མར་གསུར་དུད་བྱ། །དེ་ནས་རང་གི་གང་ཤེས་ཀྱི། །རྡེལ་མོ་ཤཱ་མོ་ཆོ་ལེའི་མོ། །ཇུ་ཐིག་ལ་སོགས་མོ་ཡི་རིགས། །མོ་ནི་གང་ཤེས་གཞུང་ལྟར་བཏབ། །མཁའ་འགྲོ་སྡེ་བཅུ་ཡིན་ན་ནི། །མཁའ་འགྲོའི་མོ་བདར་རྗེས་སུ་ནི། །འདི་བྱས་དེ་ནས་མོ་བཏབ་བོ། །མོ་ནི་འདེབས་དུས་མེ་ལོང་སྟེ། །རང་གི་སྐེ་ལ་བཏགས་པར་བྱ། །རྒྱུན་དུ་སྐ་ལ་བཏགས་པའམ། །གཙང་སར་སྦས་སམ་གའུར་བཅུག །དེ་ལ་གཞན་གྱི་ལག་མི་འགྲིམ། །དགོས་དུས་བླངས་ནས་སྔགས་ཀྱིས་བཏབ། །གལ་ཏེ་མོ་ལ་མི་གཞུག་ཅིང་། །ལན་རེ་ཙམ་ལས་མི་འདེབས་ནས། །རྒྱུན་དུ་རྩུབ་ཆགས་འོང་དོགས་ན། །དང་པོ་བསྒྲུབས་ནས་བཙན་རྗེ་དེ། །རང་གནས་བཛྲ་མུཿས་གཤེགས་ལ། །དགོས་དུས་སྤྱན་དྲངས་མོ་བཏབ་ནས། །སླར་ཡང་རང་གནས་གཤེགས་གསོལ་བྱ། །མེ་ལོང་ལ་ནི་མི་བསྟིམ་མོ། །མོ་འདི་རྒྱུན་དུ་མཁོ་བ་ན། །མེ་ལོང་ལ་བསྟིམ་རྒྱུན་དུ་འཆང་། །ཉལ་ཏེ་གློ་བུར་མོ་ནས་ཀྱང་། །མེད་པར་ཕྲེང་མོ་འདེབས་དགོས་ན། །སྤྱན་འདྲེན་ཤོ་ལོ་ཀ་བཞི་པོ། །མོ་བདར་ཚུལ་དུ་བརྗོད་


CMR042_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་། །བགེགས་བསྐྲད་སྔགས་དེ་ཚར་བདུན་ནི། །མེ་ལོང་མི་གསལ་ངོས་དེར་བཏབ། །སྒྲུབ་སྔགས་ཉེར་གཅིག་ཙམ་དུ་འདོན། །མོ་ཁ་འབྱེད་སྔགས་ཉེར་གཅིག་ཙམ། །བཟླས་ལ་མེ་ལོང་གསལ་ངོས་བཏབ། །དེ་ནས་ཕྲེང་མོ་གཞུང་ལྟར་འདེབས། །ཡིད་ཀྱིས་མཆོད་པས་མཆོད་པར་དམིགས། །ཇ་སོགས་ཕོར་ཁའི་མཆོད་པ་ལ། །དཀོན་མཆོག་གསུམ་ལ་མཆོད་པའི་རྗེས། །སྙིང་དྲུང་བཙན་པོ་མཆོད་ཅིག་བརྗོད། །ཕུར་པ་ཡང་གསང་སྤུ་གྲི་ཡི། །ལས་ཚོགས་ཨོ་རྒྱན་རྗེས་མཛད་པའི། །རྟེན་འབྲེལ་མོ་པྲའི་སྒྲུབ་པ་འདི། །གཞུང་ཚིག་གོ་བར་དཀའ་མཐོང་ནས། །གནས་བསྐོར་ལ་སོགས་འགྲོ་མཁན་ལ། །མོ་རྣོ་ཤེས་པ་གལ་ཆེ་བས། །མ་འོངས་འགྲོ་ལ་ཕན་སེམས་ཀྱིས། །སྔགས་འཆང་རཱ་ག་ཨ་སྱ་ཡིས། །འདི་བྲིས་ཉེས་འགལ་ཅི་མཆིས་པ། །ཆོས་བདག་དང་ནི་བཙན་ལ་བཤགས། །དགེ་བས་འགྲོ་བ་ཐམས་ཅད་ལ། །ཉིས་དགུ་ཀུན་ལས་ཐར་ནས་ཀྱང་། །ལེགས་དགུ་ཀུན་དང་ཕྲད་པར་ཤོག །མོ་སྒྲུབ་ཟིན་བྲིས་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརྡོ་རྗེ་ཕུར་པའི་མོ་པྲ་སྒྲུབ་པའི་ཟིན་བྲིས་གསལ་བའི་མེ་ལོང་།next