Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་སྨན་བླའི་ཆོ་གའི་བརྒྱུད་འདེབས་ནད་སེལ་བདུད་རྩིའི་ཆུ་རྒྱུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་སྨན་བླའི་ཆོ་གའི་བརྒྱུད་འདེབས་ནད་སེལ་བདུད་རྩིའི་ཆུ་རྒྱུན།next

གནམ་ཆོས་སྨན་བླའི་ཆོ་གའི་བརྒྱུད་འདེབས་ནད་སེལ་བདུད་རྩིའི་ཆུ་རྒྱུན།


CMR042_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་སྨན་བླའི་ཆོ་གའི་བརྒྱུད་འདེབས་ནད་སེལ་བདུད་རྩིའི་ཆུ་རྒྱུན་ཅེས་བྱ་བ་བཞུག་སོ། །ན་མོ་གུ་རུ་བྷེ་ཥ་ཛེ་ཡེ། མཚན་ལེགས་གསེར་བཟང་སྒྲ་དབྱངས་རྒྱལ་པོ་དང་། །མྱ་ངན་མེད་མཆོག་ཆོས་བསྒྲགས་རྒྱ་མཚོའི་དབྱངས། །ཆོས་བློ་མངོན་མཁྱེན་ཤཱཀ་ཐུབ་སྨན་གྱི་བླ། །བདེ་བར་གཤེགས་པ་བརྒྱད་ལ་གསོལ་བ་འདེབས། །འཇམ་དཔལ་སྐྱབས་གྲོལ་གསང་བདག་རྡོ་རྗེ་འཛིན། །ཉི་ལྟར་གསལ་མཛད་ཟླ་བ་ལྟར་སྣང་མཛད། །རིག་པའི་ཡེ་ཤེས་ཡིད་ལས་སྐྱེས་ལ་སོགས། །ས་བཅུའི་སེམས་དཔའ་རྣམས་ལ་གསོལ་བ་འདེབས། །ཀུན་དགའ་བོ་དང་འཚོ་མཛད་གཞོན་ནུ་དང་། །ཀླུ་སྒྲུབ་དཔའ་བོ་ཟླ་བ་མངོན་པར་དགའ། །བེ་རོ་ཙ་ན་ཆོས་རྒྱལ་ཁྲི་སྲོང་རྗེ། །མཁས་གྲུབ་ལོ་པཎ་རྣམས་ལ་གསོལ་བ་འདེབས། །།གཏེར་སྟོན་གྲྭ་པ་མངོན་ཤེས་དར་མ་གྲགས། །གཙང་སྟོད་དཀོན་སྐྱབས་རྒྱལ་བ་གཡུ་ཐོག་མགོན། །ཨ་བོ་ཆོས་རྗེ་མཉམ་ཉིད་རྡོ་རྗེ་སོགས། །གསོ་རིགས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཡི་དམ་སྨན་བླ་སྨན་གྱི་དྲང་སྲོང་བཞི། །རྣོ་མཐོང་སྟོན་མཛད་སྨན་གྱི་ལྷ་མོ་བཞི། །སྨན་གྱི་དྲང་སྲོང་འབུམ་ཕྲག་དྲུག་ཅུ་སོགས། །བདུད་རྩི་སྨན་གྱི་ལྷ་ལ་


CMR042_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །ཊཱཀི་སྨན་གྱི་ལྷ་མོ་དཔལ་ཕྲེང་མ། །དངོས་གྲུབ་གཏེར་མཛད་འཛམ་ལྷ་དཀར་པོ་དང་། །སྨན་གྱི་བཀའ་སྲུང་ཞང་བློན་སྡེ་དགུ་སོགས། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །མཐོང་རེག་དྲི་བའི་སྒོ་ནས་བརྟག་པའི་ཕྱིར། །མེ་ལོང་གསལ་བའི་ངོས་ལ་གཟུགས་བརྙན་བཞིན། །ནད་ཀྱི་མཚན་ཉིད་ཤེས་པར་བྱིན་གྱིས་རློབས། །ཐང་དང་ཕྱེ་མ་རིལ་བུ་སྦྱར་བའི་ཚེ། །སྨན་ཐོས་ཙམ་ཞིག་ཁར་ཕྱིན་འགྲོ་བ་རྣམས། །བཅོམ་ལྡན་སྨན་བླའི་ཐུགས་རྗེས་དེར་ཞུགས་ནས། །འཆི་མེད་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །བདག་གི་སྨན་ལ་སུ་ཡིས་ལོངས་སྤྱོད་པ། །བདེ་གཤེགས་སྨན་བླ་བརྒྱད་ཀྱིས་རྗེས་བཟུང་ནས། །ངན་སོང་འཁོར་བའི་སྐྱེ་སྒོ་ཀུན་བཀག་ནས། །མྱུར་དུ་བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །བདག་ཉིད་མཐོང་ཐོས་དྲན་རིག་འགྲོ་བ་རྣམས། །རླུང་མཁྲིས་བད་ཀན་འདུས་པའི་ནད་ཞི་ཞིང་། །བཅོམ་ལྡན་སྨན་གྱི་བླ་དང་དབྱེར་མེད་ཤོག །ཅེས་དབོན་པོ་བསོད་ནམས་མགོན་གྱིས་བསྐུལ་ངོར། རཱ་ག་ཨ་སྱས་འཕྲལ་དུ་སྦྱར་བའོ། །སརྦ་མངྒ་ལཾ།། །།


previousགནམ་ཆོས་སྨན་བླའི་ཆོ་གའི་བརྒྱུད་འདེབས་ནད་སེལ་བདུད་རྩིའི་ཆུ་རྒྱུན།next