Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

6 occurrences of འཚེར་རྩུབ་
[Clear Hits]


  
 
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བའི་སྨན་ལྷ་དང་ཆོས་གྲགས་རྒྱ་མཚོའི་མངོན་རྟོགས་འདོན་འགྲིགས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


6 occurrences of འཚེར་རྩུབ་
[Clear Hits]

 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བའི་སྨན་ལྷ་དང་ཆོས་གྲགས་རྒྱ་མཚོའི་མངོན་རྟོགས་འདོན་འགྲིགས།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བའི་སྨན་ལྷ་དང་ཆོས་གྲགས་རྒྱ་མཚོའི་མངོན་རྟོགས་འདོན་འགྲིགས།


CMR042_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བའི་སྨན་ལྷ་དང་ཆོས་གྲགས་རྒྱ་མཚོའི་མངོན་རྟོགས་འདོན་འགྲིགས་ཡོད།།


CMR042_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་མཆོད་གཏོར་ཚོགས་དང་རྟེན་སོགས་མི་དགོས༔ མཆོད་པ་ཡིད་ཀྱིས་སྤྲུལ་ནས་ཆོས་སྤྱོད་ལྟར་འདོན་ཆོག༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ མཎྜལ་རྒྱལ་སྲིད་ལྷ་མོ་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ་སྐད་ཅིག་དྲན་རྫོགས་སུ། རང་ཉིད་སྨན་བླ་སྐུ་མདོག་སྔོ༔ ཆོས་གོས་རྣམ་གསུམ་སྐུ་ལ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཞལ་གཅིག་ཕྱག་གཉིས་


CMR042_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་བཟེད་འཛིན༔ ཕྱག་གཡས་མཆོག་སྦྱིན་ཨ་རུ་ར༔ རང་གི་སྤྱི་བོར་དེ་བཞིན་གཤེགས༔ ཆོས་གྲགས་རྒྱ་མཚོ་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ སྐྱབས་སྦྱིན་གཡོན་པས་མཉམ་བཞག་མཛད༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཆོས་གོས་རྣམ་གསུམ་སྐུ་ལ་གསོལ༔ པདྨ་ཟླ་བའི་གདན་ལ་བཞུགས༔ ཞེས་བདག་བསྐྱེད་དང་། སྟོང་གསུམ་འདི་ལྟ་ན་སྡུག་གི་ཕོ་བྲང་དུ་གྱུར་པའི་ནང་དུ༔ སྨན་གྱི་བླ་སྐུ་མདོག་བཻཌཱུརྱ་ལྟ་བུར་འོད་ཟེར་འཕྲོ་བའི་སྐུ་ཅན༔ ཆོས་གོས་རྣམ་གསུམ་གྱིས་སྐུ་ལ་བཀླུབས་པ༔ ཕྱག་གཡས་མཆོག་


CMR042_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ཨ་རུ་ར་དང་༔ གཡོན་ལྷུང་བཟེད་བདུད་རྩིས་བཀང་བ་འཛིན་པ༔ དྲང་སྲོང་སྨན་གྱི་ལྷ་མོའི་ཚོགས་ཀྱིས་བསྐོར་བ༔ བདག་མདུན་གྱི་གནས་གསུམ་ལས༔ ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས་པས༔ ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ སྨན་ལྷ་མཆེད་བརྒྱད་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་བཛྲ་ཨཱཿ་ཝེ་ཤ་ཡ་ཨ་ཨཱཿ༔ ས་མ་ཡ་ཛ་ཛཿ ས་མ་ཡཱ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ་ཧཱུྃ༔ བཅོམ་ལྡན་སྨན་ལྷའི་ལྷ་ཚོགས་ལ༔ བཀྲ་ཤིས་རྟགས་བརྒྱད་རིན་ཆེན་བདུན༔ མཆོད་པ་འབུལ་ལོ་ཐུགས་དམ་བསྐང་༔ སྐུ་མདོག་བཻཌཱུརྱ་ཡི་རི་བོ་འདྲ༔ འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་སེལ༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་སྨན་འཛིན་ལྷ་ལ་ཕྱག་འཚལ་བསྟོད། བཅོམ་ལྡན་སྨན་ལྷ་འཁོར་བཅས་ལ༔ འཁོར་བའི་ཉོན་མོངས་དབང་གྱུར་པས༔ མ་ཤེས་ཐུགས་དང་འགལ་གྱུར་ཏེ༔ མཐོལ་ལོ་བཤགས་སོ་ས་མ་ཡ༔ དེ་ནས་བདག་མདུན་


CMR042_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ༔ ཧཱུྃ་མཐིང་ཁ་ལ་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས༔ ཤར་ཕྱོགས་བཻཌཱུརྻའི་ཞིང་ཁམས་ནས༔ སངས་རྒྱས་སྨན་བླ་ལ་ཕོག་པས་ཐུགས་རྒྱུད་བསྐུལ༔ དེ་ནས་སྨན་ལྷའི་སྐུ་ཆེ་ཆུང་སྣ་ཚོགས་དང་༔ གསུང་སྔགས་ཀྱི་ཕྲེང་བ་དང་༔ ཐུགས་ཨ་རུ་ར་དང་ལྷུང་བཟེད་བདུད་རྩིས་བཀང་བ་ཆར་བབ་པ་ལྟར་བྱོན་ནས་རང་ལ་ཐིམ་པར་བསྒོམས་ལ༔ ཏདྱ་ཐཱ༔ ཨོཾ་བྷེ་ཥ་ཛྷེ་བྷེ་ཥ་ཕྱི་མ་ཧཱ་བྷེ་ཥ་ཛུ་རཱ་ཛ་ས་མུཏྤ་ཏེ་སྭཱ་ཧཱཿ ཞེས་གསུངས་པ་དང་༔ ཨོཾ་མ་ཧ་བྷེ་ཥ་ཛུ་ཡེ་སྭཱ་ཧཱཿ ཞེས་སྙིང་པོ་ཅི་ནུས་བཟླ། སྨན་སྡུད་ཁ་དེ་ལྟར་བཟླས་ལ༔ སྨན་ལྷ་མང་པོ་ཆར་ལྟར་བབ་པ་ལྟར་སྨན་ལ་ཐིམ་པར་བསྒོམ་ཞིང་ཅི་ནུས་གོང་གི་སྔགས་མཇུག་ནད་ཐམས་ཅད་མེད་པར་བྱེད་པའི་ནོར་བུ་བཟང་པོའི་རྟོགས་པ་ནས་གསུངས་པ་འདི་བཏགས་ལ། སྨན་ལ་རབ་གནས་ཀྱི་ཚུལ་དུ་སྔགས་ན་ཕན་ཐོགས་པའོ༔ ཨོཾ་ཀཱ་པ་ཡཀཱ་པ་ཡ་མི་ཀཱ་སྭཱ་ཧཱཿ རིམས་ནད་ལ་སྐྲག་ན་གོང་གི་སྨན་ལྷའི་སྔགས་ལ་རིམས་ནད་ཐམས་ཅད་མེད་པར་བྱེད་པའི་སྔགས་འདི་བཏགས་ལ་བཟླ༔ རིམས་ནད་ལ་སྔགས་ན་ཕན་ཆེའོ༔ ཨོཾ་ཕཊ་ཕཊ་ཧཱུྃ་ཧཱུྃ་སྭཱ་ཧཱཿ རིམ་གྲོ་དུས་ནད་འགོ་དོགས་ན་སྨན་ལྷ་སྨན་བླའི་སྔགས་མཇུག་ཏུ་འགོ་བའི་ནད་ཐམས་ཅད་མེད་པར་བྱེད་པ་འདི་བཏགས་ལ་


CMR042_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བཟླའོ༔ ཨོཾ་ཀྲི་ཀཱ་ཡེ་སྭཱ་ཧཱཿ དེ་ལྟར་སྔགས་གསུམ་པོ་རྒྱུད་འབུམ་ནས་གསུངས་སོ༔ ཡང་སྐབས་སུ་རང་གི་སྤྱི་བོར་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་དད་འདུན་རྩེ་གཅིག་པས། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ༔ ཞེས་ཅི་ནུས་བསྒྲགས་པས་བསྙེན་པའོ༔ དེ་ནས་དེའི་ལས་ཚོགས་ནི༔ ཨོཾ་ཀྲི་ཀྵ་ཧ་ནི་ཨ་ཡེ་སྭཱ་ཧཱཿ མང་དུ་བཟླས་ན་ཁ་མཆུ་ཞིའོ༔ ཨོཾ་ལ་ལི་ཧ་ན་ཨ་ལི་ཀི་ཧཱུྃ་ཕཊ༔ མང་དུ་བཟླས་ན་དགྲ་མི་འོང་། ཨོཾ་ཤ་ཧི་ཀྐི་ཏ་སྭཱ་ཧཱཿ མང་དུ་བཟླས་ན་དུས་མིན་འཆི་བ་བཟློག་པའོ༔ དེ་གསུམ་གནམ་ཆོས་ཡིན་ནོ༔ ཐུན་མཇུག་ཏུ་མདུན་བསྐྱེད་སྨན་བླ་ནི། སྨན་སྒྲོ་དང་སྨན་ཡིག་ལ་ཐིམ་པར་བསྒོམ། བདག་བསྐྱེད་བསྡུ་རིམ་སོགས་མི་དགོས། སེམས་ངོ་སྐྱོང་བས་འཐུས༔ བདག་ཡེ་ཤེས་པ་ནམ་ཡང་མི་གཤེགས་པ་ནི། རྙིང་མ་རྫོགས་ཆེན་ལུགས་ཡིན་ཟབ་བོ༔ དེ་ནས་རང་བཞིན་ནད་ཀྱིས་འཚེ་བ་ལ། །རང་གི་ཐུགས་ལས་འོད་ཟེར་སྔར་ལྟར་འཕྲོས༔ ཤར་ཕྱོགས་བཻཌཱུརྨ་སྣང་ཞིང་ཁམས་སུ༔ བཅོམ་ལྡན་སྨན་ལྷ་བཞུགས་པའི་ཐུགས་ཀར་ཕོག༔ སྔོན་གྱི་དམ་བཅའ་ཐུགས་བསྐྱེད་སྨོན་ལམ་དྲན༔ འོད་ཟེར་བཻཌཱུརྱ་ཡི་མདོག་འདྲ་འཕྲོས༔ བདག་དང་བསྲུང་བྱ་རྣམས་ཀྱི་ལུས་ལ་ཐིམ༔ ནད་ཀུན་བ་མོར་ཉི་ཟེར་ཕོག་ལྟར་བསྒོམ༔ སངས་རྒྱས་སྨན་གྱི་བླ་


CMR042_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོས། སྔོན་སྨོན་ལམ་ཆེན་པོ་བཅུ་གཉིས་བཏབ་པའི་བདེན་པ་དང་༔ བདེན་པའི་ཚིག་དེས། བདག་དང་བསྲུང་བྱའི་ནད་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་གྱུར་ཅིག༔ ཏདྱ་ཐཱ༔ ཨོཾ་བྷེ་ཥ་ཛྷེ་བྷི་ཥ་ཕྱི་མ་ཧཱ་བྷི་ཥ་ཚེ་རཱ་ཛ་ས་མུཏྤ་ཏེ་སྭཱ་ཧཱཿ ནད་ཐམས་ཅད་སརྦ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ གཅིག་གམ་གསུམ་མམ་བདུན་སོགས་སྐབས་དང་བསྟུན། །རྣམ་སྨིན་མ་གཏོགས་ནད་ཀུན་ཞི་བའི་ཚུལ། །སྨན་མདོ་རྒྱས་བསྡུས་གཉིས་ལས་རྒྱ་ཆེར་གསུངས། །སྔགས་དང་དམིགས་པ་མན་ངག་གཞན་ནས་བསྣོན། །ཨྠྀི། བཀའ་གདམས་གླེགས་བམ་ནང་གསུངས་གདམས་ངག་ཡིན། །དེ་ལྟར་ཐུགས་རྗེ་བྱིན་རླབས་བདེན་སྟོབས་ཀྱིས། །སྲུང་དང་ཟློག་པའི་མན་ངག་ཟབ་མོ་ནི། །བཀའ་ཡི་དོན་རྣམས་གདམས་ངག་ཉིད་དུ་ཤར། །རང་གིས་ཉམས་སུ་བླངས་བའི་ཆོས་ཡིན་ནོ། །གསུང་རབ་རྒྱ་མཚོ་གོ་བའི་སྐྱེས་བུ་ཡིས། །དཔྱད་ན་འདི་ལས་ཟབ་པའི་གདམས་ངག་འདི། །འཇིག་རྟེན་གསུམ་པོར་བཙལ་ཡང་རྙེད་མི་འགྱུར། །རཱ་ག་ཨ་སྱས་ཇི་ལྟར་སྨྲས་པ་བཞིན། །བླ་མ་བརྩོན་འགྲུས་རྒྱ་མཚོས་བྲིས་པ་དགེའོ། །སརྦ་མངྒ་ལཾ། །༧ འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བའི་སྨན་ལྷ་དང་ཆོས་གྲགས་རྒྱ་མཚོའི་མངོན་རྟོགས་འདོན་འགྲིགས།next