Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨན་བླའི་སྒོམ་བཟླས་བླ་མའི་རྣལ་འབྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨན་བླའི་སྒོམ་བཟླས་བླ་མའི་རྣལ་འབྱོར།next

སྨན་བླའི་སྒོམ་བཟླས་བླ་མའི་རྣལ་འབྱོར།


CMR042_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་བླའི་སྒོམ་བཟླས་བླ་མའི་རྣལ་འབྱོར་བཞུགས་སོ།། ན་མོ་བྷི་ཥ་ཛཱི་ཡེ། བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བཅོམ་ལྡན་སྨན་བླ་བསྒྲུབ། །བདག་གི་སྤྱི་བོར་པདྨ་ཟླ་བའི་སྟེང་། །ཧཱུྃ་ཡིག་མཐིང་ནག་འོད་ཀྱིས་འཕགས་པ་མཆོད། །སེམས་ཅན་ཀུན་གྱི་དོན་བྱས་ཚུར་འདུས་པས། །རྩ་བའི་བླ་མ་དབྱེར་མེད་བཅོམ་ལྡན་འདས། །སྨན་བླ་སྐུ་མདོག་བཻཌཱུརྱ་ཡི་མདོག །ཞལ་གཅིག་ཞི་འཛུམ་མཛོད་སྤུ་དཀར་པོས་བརྒྱན། །ཕྱག་གཉིས་གཡས་པས་མཆོག་སྦྱིན་ཕྱག་རྒྱ་ཡིས། །སྨན་མཆོག་རྣམ་རྒྱལ་ལོ་མ་དང་བཅས་འཛིན། །གཡོན་པས་མཉམ་བཞག་ལྷུང་བཟེད་བདུད་རྩིས་བཀང་། །རྡོ་རྗེའི་སྐྱིལ་ཀྲུང་པད་མའི་གདན་ལ་བཞུགས། །མཚན་དཔེ་རབ་རྫོགས་ཆོས་གོས་རྣམ་གསུམ་གསོལ། །འོད་ཟེར་ཉི་མ་འབུམ་གྱི་གཟི་བརྗིད་འབར། །དེ་ཡི་དཔྲལ་བར་ཨོཾ་དཀར་མགྲིན་པར་ནི། །ཨཱཿཡིག་དམར་པོ་ཐུགས་ཀར་ཟླ་བའི་སྟེང་། །ཧཱུྃ་ཡིག་སྔོན་པོའི་མཐའ་མར་གཟུངས་ཀྱིས་བསྐོར། །དེ་ལས་འོད་འཕྲོས་ཤར་ཕྱོགས་འཇིག་རྟེན་ཁམས། །བེཟླུརྒྱ་སྣང་ཞིང་ནས་ཡེ་ཤེས་པ། །ནམ་མཁའ་སྤྱན་དྲངས་གཉིས་སུ་


CMR042_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཐིམ། །གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་པ། །སྨན་བླའི་རྣམ་པར་སྤྱན་དྲངས་གཉིས་མེད་གྱུར། །སྐྱབས་གནས་ཀུན་འདུས་ངོ་བོ་སྨན་བླ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །གླིང་བཞི་རི་རབ་རྒྱལ་སྲིད་རིན་ཆེན་བདུན། །བཀྲ་ཤིས་རྫས་རྟགས་བརྒྱད་དང་འདོད་ཡོན་ལྔ། །བདག་ལུས་ལོངས་སྤྱོད་སྣང་སྲིད་ཐམས་ཅད་འབུལ། །ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ། །བཅས་དང་རང་བཞིན་ཁ་ན་མ་ཐོའི་ལས། །ཉེས་པའི་ཚོགས་རྣམས་གང་མཆིས་མཐོལ་ལོ་བཤགས། །འཕགས་སྐྱེས་བསོད་ནམས་ཀུན་ལ་རྗེས་ཡི་རང་། །གང་འདུལ་ཆོས་འཁོར་རྒྱ་ཆེན་བསྐོར་བར་བསྐུལ། །འཁོར་བ་ཇི་སྲིད་བཞུགས་པར་གསོལ་བ་འདེབས། །དགེ་བ་འདི་ཡིས་འགྲོ་ཀུན་བདེ་གྱུར་ཅིག །བཅོམ་ལྡན་ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་། །ཚད་མེད་ཐུགས་རྗེས་བདག་ལ་བརྩེར་དགོངས་ལ། རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་དང་། །འཁོར་བའི་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །ཞེས་གསོལ་མོད་ལས་སྐུ་ལས་བདུད་རྩི་བབ། །ཚངས་བུག་ནས་


CMR042_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ནད་གདོན་སྡིག་སྒྲིབ་རྣམས། །དུད་ཁུའི་རྣམ་པ་འོག་གི་སྒོ་ནས་ཐོན། །ས་འོག་སོང་བས་ལས་ཀྱི་གཤིན་རྗེ་ཚིམ། །བདག་ལུས་དྲི་མེད་ཤེལ་སྒོང་ལྟ་བུའི་ནང་། །འཆི་མེད་སྨན་གྱི་བདུད་རྩིས་ལྟེམ་གྱིས་གང་། །ཞེས་བསྒོམས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་སྨན་གྱི་བླ་་༔ བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་ལན་གསུམ། བདུན་ནམ་ཉེར་གཅིག་གམ་བརྗོད། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱཻ་བྷེ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ། ཞེས་ཅི་ནུས་བཟླ། སྨན་བླའི་སྐུ་གསུང་ཐུགས་ལས་འོད་ཟེར་ནི། །དཀར་དམར་མཐིང་གསུམ་རང་གི་གནས་ལྔར་ཐིམ། །སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ་གྱུར་ནས། །བཅོམ་ལྡན་འོད་ཞུ་བདག་དང་དབྱེར་མེད་ཐིམ། །རྒྱལ་བ་ཀུན་གྱི་ཐུགས་དང་རང་གི་སེམས། །དེ་བཞིན་ཁམས་གསུམ་འགྲོ་བའི་སེམས་ཉིད་ཀུན། །དབྱེར་མེད་ཆོས་ཀྱི་དབྱིངས་སུ་ངོ་བོ་གཅིག །རང་སེམས་གདོད་ནས་ཆོས་སྐུ་ཡིན་པའི་ཕྱིར། །རེ་དོགས་བཅོས་སླད་མི་དགོས་རང་སར་ཞོག །བཟང་འདོད་འཇུར་བུས་མ་བཅིངས་ལྷོད་ལ་ཞོག །རྣམ་རྟོག་དགྲ་རུ་མ་བལྟ་ཡན་དུ་


CMR042_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཆུག །འདབ་ཆགས་ཇི་ལྟར་འཕུར་ཡང་ནམ་མཁའི་ངང་། །ཉ་མོ་ཇི་ལྟར་འཕྱོ་ཡང་རྒྱ་མཚོའི་ངང་། །རྣམ་རྟོག་ཇི་ལྟར་འཕྲོ་ཡང་སེམས་ཉིད་ངང་། །མ་ཡེངས་དྲན་རྫི་མ་བརྗེད་ཉམས་ལེན་ཡིན། །འདིས་མཚོན་དུས་གསུམ་དགེ་བ་ཅི་བསགས་མཐུས། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ནམ་ཞིག་འཕོས་ཚེ་འཆི་བ་ཆོས་ཀྱི་སྐུ། །མངོན་སངས་རྒྱས་ནས་བར་དོ་ལོངས་སྐུ་འགྲུབ། །སྐྱེ་བ་སྤྲུལ་སྐུ་ནུབ་ཕྱོགས་བདེ་ཆེན་དུ། །རྒྱལ་བ་འོད་དཔག་མེད་པའི་ཞབས་དྲུང་དུ། །གསེར་གྱི་པད་མོ་མཆོག་ལ་རྫུས་སྐྱེས་ནས། །བྱང་ཆུབ་སྤྱོད་པ་རྒྱ་ཆེན་སྤྱོད་པར་ཤོག །ཅེས་པ་དགེ་སློང་གླིང་བཀྲ་ཤིས་གྱི་ཐུགས་དམ་བྱ་ཕྱིར། དགེ་སློང་རཱ་ག་ཨ་སྱས་འཕྲལ་དུ་བྲིས་པ་དགེ་ལེགས་འཕེལ།། །།


previousསྨན་བླའི་སྒོམ་བཟླས་བླ་མའི་རྣལ་འབྱོར།next