Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨན་བླའི་འཆི་བསླུ།
   
   
   
   
   
   
   
   
   
   
   
   
   
   


 
previousསྨན་བླའི་འཆི་བསླུ།next

སྨན་བླའི་འཆི་བསླུ།


CMR042_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་བླའི་འཆི་བསླུ་བཞུགས་སོ༔ ན་མོ་གུ་རུ་བྷི་ཥ་ཛཱི༔ གནམ་ཆོས་དགོངས་གཏེར་ལས་བྱུང་བའི་སྨན་ལྷའི་དབང་གི་སྔོན་འགྲོ་ཤོག་ཁྲའི་འཆི་བསླུ་བྱེད་ན༔ སྨན་བླའི་དབང་བསྐུར་དུས་ཡིན་ན་བཟང་༔ འཕྲལ་དུ་ཡིན་ན་གཞི་དཀར་སྟེང་དུ་མཆོད་པ་ཅི་འབྱོར་དང་བྲིས་སྐུ་བཀྲམ་ལ་ཆོ་ག་རྒྱུན་ཁྱེར་རང་གིས་བསྒྲིགས་པ་བསྙེན་པ་བརྒྱ་རྩ་བཟླས་རྗེས༔ ནད་པའི་ལུས་བཀྲུས་པའི་དྲི་ཆུའི་ཆངས་བུ་བཞི་བཅུ་རྩ་བཞི་དང་ཏིང་ལོ་དེ་ཙམ་ཤ་དུམ་བཅས་པ་གྱོ་ཆག་ལ་སོགས་སྣོད་ནང་དུ༔ ངར་མི་གླང་གི་མགོ་ཅན༔ རྒྱབ་ཏུ་སྤྲེལ་གྱི་མགོ་ཅན༔ མདུན་དུ་ཕག་གི་མགོ་ཅན༔ གཡས་སུ་གནམ་ལོའི་མགོ་ཅན༔ གཡོན་དུ་ལོ་བདུད་བཞག༔ གོས་དུམ་སྐྲ་འཇག་བཞག༔ གཞི་སྟེང་མཎྜལ་སྟེང་དུ་འབྲུ་སྣའི་ཚོམ་བུ་བཀོད་ལ་བཞག༔ ནད་པ་ཡང་མདུན་དུ་འདུག༔ རང་ཉིད་སྨན་བླར་གསལ་བའི་མདུན་དེར་མདུན་བསྐྱེད་དཀྱིལ་འཁོར་ལྟརཿ༔ མཐའ་སྐོར་དུ་ཞང་བློན་སྡེ་དགུ་སྲུང་སྐྱོབ་བྱེད་པའི་སྲུང་མ་ལྷན་ཅིག་སྐྱེས་པའི་ལྷ་དང་༔ འགོ་བའི་ལྷ་ལྔ་དང་ཡུལ་ལྷ་བཅས་པ་གསལ་བཏབ་ལ། བདག་འཛིན་ཐམས་ཅད་སྟོང་པའི་ངང་ལས་སེངྒེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་ལྷ་རྫས་ཀྱི་གོས་ཀྱིས་བཀབ་པའི་སྟེང་དུ་པདྨ་དང་ཟླ་བའི་སྟེང་དུ་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་མཚན་བཟང་དང་དཔེ་བྱད་ཐམས་ཅད་ཀྱིས་བརྒྱན་པ། དེ་ལ་ཐུབ་པ་ལ་སོགས་སངས་རྒྱས་བདུན་གྱིས་བསྐོར་ནས་བཞུགས་པ། དེ་རྒྱབ་ཏུ་ཞང་བློན་སྡེ་དགུ་


CMR042_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དང་འཇིག་རྟེན་གྱི་ཆོས་སྐྱོང་སྲུང་མ་འགོ་བའི་ལྷ་ལྔ། སྐྱོབ་པའི་ལྷ་དགུ། ཡུལ་ལྷ་ཟོར་དོར་དང་བཅས་པ་གསལ་བར་གྱུར། ཏདྱ་ཐཱ། ཨོཾ་བྷེ་ཥ་ཛྷི་བྷི་ཥ་ཕྱི་དྷརྨ་པཱ་ལ་ལོ་ཀ་པཱ་ལ་ལོ་ཀ་དྷེ་ཝ་ཨེ་ཧྱ་ཧི་ས་མཱ་ཡ་ཛ༔ཛཿ གཉིས་སུ་མེད་པར་ཐིམ་པར་གྱུར། བགེགས་གཏོར་བསང་ཆུས་བྲན། ཨོཾ་བཛྲ་ཨ་མྲྀ་ཏེ་སོགས། སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་འཆི་བདག་གི་རྒྱལ་པོ་གླང་གི་གདོང་པ་ཅན་སྤྱན་དམར་ལ་ལུས་ནག་པ། གཡས་བཤའ་གྲི་དམར་པོ་དང་། གཡོན་ཁྲམ་ཤིང་འཛིན་པ། མདུན་དུ་སྲོག་བདག་རཀྵ་ཕག་མགོ། རྒྱབ་ཏུ་ཚེ་བདག་སྤྲེལ་མགོ་དམར་པོ། གཡས་སུ་ནད་བདག་གནམ་ལོའི་གཟུགས་ཅན། གཡོན་དུ་ནད་པའི་ལོ་བདུད་མིང་གང་ཡིན་སྨོད། མཐའ་སྐོར་དུ་ལན་ཆགས་བུ་ལོན་ཤ་འཁོན་སྟོང་མགྲིན། བགེགས་ཀྱི་རིགས་སུ་གྱུར་པ་ངར་མི་དང་གཉིས་སུ་མེད་པར་ཐིམ་པར་དམིགས། དེ་ནས་བདེན་སྟོབས་ནི། ན་མོ། དཀོན་མཆོག་གསུམ་དང་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་། །བཅོམ་ལྡན་སྨན་བླ་མཆེད་བརྒྱད་དང་། །ཚངས་དང་བརྒྱ་བྱིན་རྒྱལ་ཆེན་བཞི། །གནོད་སྦྱིན་སྡེ་དཔོན་འཁོར་ཚོགས་བཅས། །ལྷ་ཚོགས་ཀུན་གྱི་བདེན་


CMR042_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐུས། །བསྲུང་བྱ་ནད་པ་འདི་ཉིད་ཀྱི། །ལུས་ངག་ཡིད་གསུམ་ལ་གནོད་ཅིང་། །འཚེ་བའི་ནད་འདྲེ་གདོན་བགེགས་ཀུན། །མྱུར་དུ་རང་གཟུགས་གླུད་ཡས་ལ། །ཁུག་ཅིག་ཛཿཧཱུྃ་བཾ་ཧོ༔ ཨཱཿ ལན་གསུམ་བརྗོད། བགེགས་གཏོར་བྱིན་གྱིས་བརླས་པ་ནི། ཨ་ཀཱ་རོ་སོགས་ཀྱི་མཐར། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ཁ་འབར་མའི་སྔགས་བསྒྲུང་། དེ་ནས་འབྲུ་སྣ་ཐོགས་ལ་འདི་སྐད་དོ། །འབྲུ་སྣ་ལྔ་ཡི་མཆོད་པ་འདི། །རྟག་ཏུ་མགོན་སྐྱོབ་བྱེད་པ་དང་། །ལྷན་ཅིག་སྐྱེས་པའི་ལྷ་ལ་འབུལ། །དེ་ནས་ཆངས་བུ་བསྔོ་བ་ནི། ཚངས་བུ་ཤ་དུམ་འོ༔ ཏིང་ལོ་འདི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །མཉམ་པོར་འོང་བའི་བདུད་ལ་སྦྱིན། །གཱིཏ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། དེ་ནས་ཤོག་བཀྲ་བཀོད་ལ། ཧཱུྃ། ནད་ཀྱིས་ཟིན་པའི་ནད་པ་ལ། །ཨ་རུ་རུ་ཡིས་ནད་པ་བསླ། དེའི་འགྲེས་ལ་སོ་སོར་བསྔོས་རྗེས། ཧཱུྃ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །དཔའ་བོ་ཆེན་པོའི་དཔའ་མཚན་སྟག་ཤམ་ཅན། །རིག་


CMR042_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་པོ་ཁྲོ་རྒྱལ་གཤེགས་སུ་གསོལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱཿ རྣམ་ལྔ་རོ་མོ་དང་བཅས་པས་མཆོད། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པ་ཁྲོ་བོའི་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཀྱིས། །གསུང་གི་ང་རོས་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་བསྡུས་ལ་ཕྱག་འཚལ་བསྟོད། །ལྷག་པའི་རོལ་པ་ཡེ་ཤེས་སྟོན་མཛད་ཅིང་། །སྡིག་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོམ་མོངས་དུག་གསུམ་རྩད་ནས་གཅོད་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་གྱི་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འཁྱུར་འདྲའི་ཁྲོ་གཉེར་


CMR042_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མཆེ་བ་གཙིགས། །རྔམས་པའི་ང་རོས་འབྲུག་སྒྲ་སྟོང་གསུམ་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུྃ་འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་བགེགས་རྣམས་མ་ལུས་འཇོམས་མཛད་པ༔ དངོས་གྲུབ་མ་ལུས་སྩོལ་བའི་ལྷ༔ བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད༔ བཀའ་བསྒོ་བ་ནི། ཧཱུྃ། ང་ནི་གནས་འདིར་སྐལ་ལྡན་དབང་བསྐུར་ཞིང་། །བགེགས་རྣམས་འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་ང་ཡི་བཀའ་ལ་འདས་པ་ན། །ཡེཤེས་ཅན་གྱི་རྡོ་རྗེ་འབར་བ་ཡི། །མགོ་བོ་ཚལ་པ་བརྒྱར་ནས་འགས་གྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །བགེགས་རྣམས་འདི་རུ་མ་འདུག་གཞན་དུ་དེངས། །སུམྦྷ་ནིས་བགེགས་བསྐྲད། འོག་ཐམས་ཅད་རྡོ་རྗེའི་ས་གཞི་སོགས། སྲུང་འཁོར་བཅས། སོགས་ཀྱིས་བགེགས་བསྐྲད་ལ། གུ་གུལ་བདུག །ཡུངས་ཀར་གྱིས་བྲབ་ལོ་བདུད་ཡོད་ཕྱོགས་དོར། སྨན་བླའི་དབང་བརྒྱ་གྲུབ་ན་ལེགས། མ་གྲུབ་ན་ཡང་རུང་། དེ་ནས་བཀྲ་ཤིས་གང་ཤེས་བརྗོད། བསྔོ་བ་སྨོན་ལམ་བྱ། མི་འགྱུར་རྡོ་རྗེའི་དགོངས་གཏེར་འཆི་བསླུའི་ཤོག་བཀྲའི་ལྷན་ཐབས་སུ་ཨ་རཱ་གས་སྦྱར་བའོ། །མངྒ་ལཾ།། །།


previousསྨན་བླའི་འཆི་བསླུ།next