Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་སྨན་བླའི་ནད་པ་བྱིན་རླབས་ཤོག་བཀྲ།
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་སྨན་བླའི་ནད་པ་བྱིན་རླབས་ཤོག་བཀྲ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་སྨན་བླའི་ནད་པ་བྱིན་རླབས་ཤོག་བཀྲ།


CMR042_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་སྨན་བླའི་ནད་པ་བྱིན་རླབས་ཤོག་བཀྲ་བཞུགས་སོ༔


CMR042_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་དགོངས་གཏེར་གཙོ་བོར་བྱེད་པའི་སྨན་བླའི་གཏོར་དབང་ཐུན་མོང་བ་ལྟར། གནམ་ཆོས་སྤྱི་འགྲོས་ཀྱིས་ཟུར་བརྒྱན་པའི་དབང་སྒྲུབ། དབང་དངོས་ཀྱི་ཐོག་མར། ནད་པ་བྱིན་རླབས་ཤོག་བཀྲ་མ་སྦྱར་དགོས་པས། སློབ་མ་རྣམས་ཁྲུས་བྱས་ནང་དུ་འཚོགས་ལ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྒྱུ་དང་འབྲས་བུའི་ནད་དང་སྡུག་བསྔལ་ཉམ་ང་བའི་གནོད་པ་ཐམས་ཅད་ལས་བསྐྱབས་ནས། ཀུན་མཁྱེན་རྒྱལ་བ་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བྱིན་རླབས་གཏོར་དབང་ཟབ་མོ་ནོད་དེ། དོན་གཉིས་སྒྲུབ་པའི་ཐབས་


CMR042_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་ལེན་པར་བྱའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས། མ་ཡེངས་པར་གསན་འཚལ། དེ་ལ་ཐོག་མར་ནད་གདོན་ཞི་བར་བྱེད་པའི་ནད་པ་བྱིན་རླབས་ཤོག་བཀྲ་མའི་ཆོ་ག་བསྒྲུབ་པ་ལ། དམིགས་པ་འདི་བཞིན་དུ་མཛོད། དེ་ཡང་ཟླ་བ་སྒྲོན་མའི་མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པས། ཁྱེད་རང་ཐ་མལ་པར་གནས་པའི་མདུན་དུ། ངེད་བཅོམ་ལྡན་འདས་སངས་རྒྱས་སྨན་བླ་མཆེད་བརྒྱད་སེམས་དཔའ་བཅུ་དྲུག་ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི་གནོད་སྦྱིན་གྱི་སྡེ་


CMR042_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་བཅུ་གཉིས་ལ་སོགས་པ་ཉི་མ་དང་ཟེར་ལྟར་བཞུགས་པའི་དྲུང་དུ། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་འདྲེ་གདོན་བགེགས་ཐམས་ཅད་བཀའ་ཉན་གསུང་སྡོད་སྔོན་གྱི་ཚུལ་དུ་འདུག་པ་ལ། ནད་པ་འདི་བསླུ་བའི་ཡོན་དུ་འདོད་ཡོན་སྟོང་གསུམ་ལྷ་མིའི་ལོངས་སྤྱོད་དཔག་ཏུ་མེད་པར་བྱིན་གྱིས་བརླབ་ཅིང་། ནད་པའི་ནད་བདག་རྣམས་ལ་བུ་ལོན་དང་ལན་ཆགས་ཀྱི་ཚུལ་དུ་བྱིན་པས། ནད་བདག་ཐམས་ཅད་དགྱེས་ཤིང་ཚིམས་ནས་བུ་ལོན་སོད། ལན་ཆགས་བྱང་། ཤ་འཁོན་དང་བྲལ། །ད་ཕྱིན་ཆད་གནོད་པ་མི་བྱེད་པར་ཁས་བླངས་པར་སྒོམས་ཤིག །ཅེས་པའི་མཇུག་དེར་སློབ་མའམ། ནད་པའི་དྲི་ཟན་ལ་ངར་མི་སྐྱེ་མཆེད་དོད་པ་དང་། ཆངས་བུ། ལམ་སྒྲོན་བཅས་སྣོད་གཅིག་ཏུ་བཤམ་པ་དང་། ཤོག་བཀྲ་རྣམས་ལ། ཆུས་བྲན་ཏེ། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། རིན་ཆེན་སྣོད་དུ་གླུད་གཏོར་དང་། །ལྷ་མིའི་ལོངས་སྤྱོད་ནམ་མཁའི་མཛོད། །བདུད་རྩིར་གྱུར་ཅིག་ཨོཾ་ཨཱཿཧཱུྃ། །ཞེས་པས་བྱིན་གྱིས་བརླབས་ནས། ནད་ཀྱིས་ཟིན་པའི་ནད་པ་ལ༔ ཨ་རུ་ར་ཡིས་ནད་པ་བསླ༔ ལྷུང་བཟེད་ཟས་ཀྱིས་བཀང་བ་འདི༔ ནད་པའི་ནད་བདག་ཁྱོད་ལ་


CMR042_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན༔ ནད་ཀྱིས་ཟིན་པའི་ནད་པ་ལ༔ རྒྱལ་མཚན་འདི་ཡིས་ནད་པ་བསླུ༔ ཀེ་ཀེ་རུ་དང་ནོར་བུ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ཟིན་པའི་ནད་པ་ལ༔ གུར་གུམ་འདི་ཡིས་ནད་པ་བས༔ ཕག་རྒོད་མཆེ་བ་ཡ་གཅིག་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱི་ཟིན་པའི་ནད་པ་ལ༔ གི་ཝཾ་འདི་ཡིས་ནད་པ་བསླུ༔ བང་བ་ནས་ཀྱིས་བཀང་བ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ཟིན་པའི་ནད་པ་ལ༔ པོ་ཏི་འདི་ཡིས་ནད་པ་བསླུ༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་པའི་རོ་འདི་སྦྱིན་པར་བྱ༔ ཟོ་ལུ་ཆང་གིས་བཀང་བ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ ཡིག་དྲུག་འདི་ཡིས་ནད་པ་ཇ་བཟང་རྩིག་པ་བྱས་པ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ གདུགས་ཆེན་འདི་ཡིས་ནད་པ་ཤིང་ཐོག་བིལ་ཝ་རློན་པ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ཆུ་སྲིན་འདི་ཡིས་ནད་པ་བསླུ༔ ཐོད་པ་བདུད་རྩིས་བཀང་བ་འདི༔ ནད་པའི་ནད་བདག་ཁྱོད་


CMR042_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ སྒྲོ་མདོངས་འདི་ཡིས་ནད་པ་བསླུ༔ བྱི་རུ་འབིགས་སུ་ཆགས་པ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ མདའ་དར་འདི་ཡིས་ནད་པ་བསླུ༔ མར་ཐུད་རྩིག་པ་བྱས་པ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ གི་ཝཾ་འདི་ཡིས་ནད་པ་བསླུ༔ ཉི་ཟླ་སྐར་མས་བརྒྱན་པ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ལྷ་བཤོས་འདི་ཡིས་ནད་པ་བསླུ༔ པི་ཝཾ་སྙན་པའི་སྐད་ཅན་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ཐ་དཀར་རྡོ་རྗེས་ནད་པ་བསླུ༔ མི་སྙིང་ཁྲག་ཏུ་བསྐྱིལ་བ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ཉ་སོག་འདི་ཡིས་ནད་པ་བསླུ༔ ཉ་མོ་གསེར་གྱི་མིག་བྱས་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ འབུ་ཁོག་འདི་ཡིས་ནད་པ་བསླུ༔ དུང་ལས་བྱས་པའི་ཤ་རུ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན་༈ ནད་ཀྱིས་ནོན་པའི་ནད་པ་ལ༔ ཤོག་དྲིལ་འདི་ཡིས་ནད་


CMR042_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསླུ༔ གསེར་ལས་བྱས་པའི་མི་མགོ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ཤ་ཁོག་འདི་ཡིས་ནད་པ་བསླུ༔ དངུལ་ལས་བྱས་པའི་གཉན་རུ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ རྔ་ཆེན་འདི་ཡིས་ནད་པ་བསླུ༔ གསེར་ལས་བྱས་པའི་རྒྱ་གླིང་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ དུང་དཀར་འདི་ཡིས་ནད་པ་བས༔ སྣ་ཚོགས་སྙན་པའི་རོལ་མོ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ དྲི་ཞིམ་འདི་ཡིས་ནད་པ་བསླུ༔ བྱ་རྒོད་ཐང་སྨུག་སྒྲོ་མདོངས་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ཀུ་ཤ་འདི་ཡིས་ནད་པ་བསླུ༔ བྱ་རྒོད་ཐང་སྨུག་སྒྲོ་རྩ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ གོས་ཅན་འདི་ཡིས་ནད་པ་བསླུ༔ རྒྱ་གར་སིན་དྷུར་ལི་ཁྲི་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ མེ་ལོང་འདི་ཡིས་ནད་པ་བསླུ༔ མ་ཧེ་བཞོས་པའི་འོ་མ་འདི༔ ནད་པའི་ནད་


CMR042_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ དཔལ་བེའུ་འདི་ཡིས་ནད་པ་བསླུ༔ ཀླུ་ཡི་ནོར་བུ་འབར་བ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ མར་མེ་འདི་ཡིས་ནད་པ་བསླུ༔ ཤིང་ཐོག་དམར་རུ་མགོ་ནག་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ནོར་གཡུ་འདི་ཡིས་ནད་པ་བསླུ༔ ཤིང་ཐོག་བེ་ཏའི་འབྲས་བུ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ ཁ་ཊཾ་འདི་ཡིས་ནད་པ་བསླུ༔ མགོན་པོའི་ཕྱག་མཚན་གྲི་གུག་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ བཻཌཱུརྨ་ཡིས་ནད་པ་བསླུ༔ བྱང་གི་གསེར་ནི་བརྒྱ་དྲུག་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ པདྨ་རཱ་གས་ནད་པ་བསླུ༔ མཁའ་འགྲོའི་པདྨ་རཀྟ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ མེ་ཏོག་འདི་ཡིས་ནད་པ་བསླ༔ ཐིག་ལེ་བྱང་སེམས་དཀར་པོ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ མདའ་གཞུ་འདི་ཡིས་ནད་པ་


CMR042_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ༔ བཙན་གྱི་མདུང་དར་དམར་པོ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ ཀཱ་པ་ལ་འདིས་ནད་པ་བསླུ༔ རྩ་ཡི་རྒྱལ་མོ་རོ་རྐྱང་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ གསེར་གྱི་གཞོང་པས་ནད་པ་བསླུ༔ སྲིན་པོའི་ལྕེ་བདེ་འབར་བ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ མིག་འབྲས་གཉིས་ཀྱིས་ནད་པ་བསླུ༔ ཀླུ་ཡི་མཆོད་རྟེན་དཀར་པོ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ནེའུ་ལེ་ཡིས་ནད་པ་བསླུ༔ གཤིན་རྗེའི་རལ་གྲི་བསམ་འགྲུབ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ གཡས་ཤག་འདི་ཡིས་ནད་པ་བསླུ༔ གསེར་གྱི་འཁོར་ལོ་རྩིབས་བཞི་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ དབུ་འོད་འདི་ཡིས་ནད་པ་བསླུ༔ རྒྱབ་འོད་རིན་ཆེན་འོད་རྒྱལ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ པད་ལྡན་འདི་ཡིས་ནད་པ་བསླུ༔ དམར་སེར་དར་


CMR042_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱངས་བཟང་པོ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ རྣ་རྒྱན་འདི་ཡིས་ནད་པ་བསླུ༔ རིན་ཆེན་སྣ་ཚོགས་མགུལ་རྒྱན་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ སྟོད་གཡོགས་འདི་ཡིས་ནད་པ་བསླུ༔ རྒྱལ་བ་རིགས་ལྔའི་དབུ་རྒྱན་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ སྨད་གཡོགས་འདི་ཡིས་ནད་པ་བསླུ༔ ལྷ་ཡི་ཕྱག་གཡོན་སྡིགས་མཛུབ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ ཞགས་པ་འདི་ཡིས་ནད་པ་བསླུ༔ མགོན་པོའི་བླ་རྟགས་བེང་ཆེན་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ རྒྱ་ལྷམ་འདི་ཡིས་ནད་པ་བསླུ༔ གསེར་གྱི་ལྷམ་སྒྲོག་ནར་མ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ པད་ཞྭ་འདི་ཡིས་ནད་པ་བསླུ༔ བདུད་རྩིས་བཀང་བའི་དམ་བེ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ འབྱུང་པོ་མཐུ་ཆེན་ཁྱེད་ཅག་རྣམས༔ འདོད་ཡོན་མཆོད་སྦྱིན་རྒྱ་ཆེན་དང་༔ ཡིད་མཐུན་གླུད་དང་ཆངས་བུ་ལོངས༔


CMR042_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བུ་ལོན་ཤ་འཁོན་ལན་ཆགས་ཁྱེར༔ བསྲུང་བྱ་འདི་ལ་མ་གནོད་པར༔ བགེགས་རིགས་འབྱུང་ཚོགས་གཞན་དུ་དེངས༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ ཡེ་ཤེས་ཁྲོ་བོས་བརླག་པར་འགྱུར༔ དེ་བས་བསྒོ་བའི་བཀའ་ལ་ཉོན༔ ཞེས་བཀའ་བསྒོས་པས། སླར་ཡང་མཚམས་སྦྱོར་ལྟར། འོ། ད་ནི་འདོད་ཡོན་སྣ་ཚོགས་ཀྱིས་ཁྱེད་རྣམས་དགྱེས་ཤིང་ཚིམ་པར་གྱིས་ལ། བསྲུང་བྱ་འདིའི་ལུས་ངག་ཡིད་གསུམ་བཟུང་བ་ཡོད་ན་ཐོངས། བཅིངས་བ་ཡོད་ན་ཁྲོལ། བསྡམས་པ་ཡོད་ན་སླད། །མནན་པ་ཡོད་ན་ཁྱོག །དེང་ཕྱིན་ཆད་འདིར་མ་གནས་པར་གཞན་དུ་སོང་ཞིག །གལ་ཏེ་མི་འགྲོ་བར་འདུག་ན། ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་བསྲེག་ཅིང་བརླག་པར་གདོན་མི་ཟའོ། །སརྦ་བྷུ་ཏ་བིགྷཱན་གཙྩ་གཙྪས་གླུད་ཡས་རྣམས་བཞི་མདོའམ། ལོ་བདུད་ཕྱོགས་སུ་བཏང་། གདོན་བགེགས་རྣམས་དགའ་ཞིང་མགུ་བས། མཆོད་སྦྱིན་རྣམས་ཁྱེར་ཏེ་རང་གནས་སུ་སོང་བར་བསམ། མཆོད་སྦྱིན་ཐོབ་ཀྱང་མི་འགྲོ་བ་རྣམས་བསྐྲད་པའི་ཕྱིར་ཐུན་བྲབ། གུ་གུལ་བསྲེག །རོལ་མོའི་སྒྲ་དང་བཅས་ནས་ལྕག་བྲབ། སུམྦྷ་ནི་དྲག་ཏུ་བརྗོད། ནད་པའི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གོན་པར་བསམས་ལ། སྲུང་འཁོར་བསྒོམ་ལ་


CMR042_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་རོ། །སྐུ་ལས་མེ་དཔུང་ཁྲོ་ཚོགས་འཕྲོས༔ གདོན་བགེགས་ཐམས་ཅད་ཚར་བཅད་ནས༔ ཕྱི་རོལ་རྡོ་རྗེའི་གུར་ཁང་ལ༔ ཡེ་ཤེས་ལྔ་ལྡན་མེ་དཔུང་འབར༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ལྟར་རྡོ་རྗེ་སྲུང་བའི་འཁོར་ལོ་མེ་རི་དང་བཅས་པས། ཕྱོགས་བཅུར་བར་མེད་དུ་གཏམས་པས་བགེགས་དང་བར་ཆད་ཀྱིས་གླགས་མི་རྙེད་པའི་མོས་པ་མཛོད། དེ་རྣམས་ཀྱིས་བྱིན་རླབས་ཤོག་བཀྲ་མའི་རིམ་པར་གྲུབ་ནས། སླར་ཡང་བཀའ་གཏེར་ཟུང་འཇུག་གཏོར་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། འོ་ན། ད་ལམ་སྨན་བླའི་གཏོར་དབང་ཞིག་སོགས་ནས། དབང་རྒྱས་པ་གྲུབ་ཀྱི་བར་མཐར་ཆགས་སུ་བསྐུར་བས། བསྡུས་པ་གྲངས་གསོག་དེའང་ཐོབ་པར་བརྩི་བས་ཟུར་དུ་བསྐུར་མི་དགོས་ཤིང་། གྲངས་གསོག་སྐབས། རྒྱས་པ་ཚར་གཅིག་བསྐུར་བས་གཏོར་མའི་བཀའ་བསྒོ། ཤིས་བརྗོད་བཅས་གྲུབ་རྗེས། དབང་བསྡུས་པ་ལ་འཇུག །གྲངས་རྫོགས་པ་ན། བཟླས་ལུང་ཕྱིན་དབང་རྒྱས་པའི་མཇུག་མཐར་དབྱུང་བ་ཕྱག་བཞེས་ཡིན། ཆོ་གའི་རྗེས་གནམ་ཆོས་སྤྱི་བཞིན་ནོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་སྨན་བླའི་ནད་པ་བྱིན་རླབས་ཤོག་བཀྲ།next