Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་རིན་པོ་ཆེ་ལ་གདུང་དབྱངས་ཀྱི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   


 
previousགུ་རུ་རིན་པོ་ཆེ་ལ་གདུང་དབྱངས་ཀྱི་གསོལ་འདེབས།next

གུ་རུ་རིན་པོ་ཆེ་ལ་གདུང་དབྱངས་ཀྱི་གསོལ་འདེབས།


CMR042_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེ་ལ་གདུང་དབྱངས་ཀྱི་གསོལ་འདེབས་བཞུགས། གུ་རུ་པདྨ་སིདྡྷི་ཧཱུྃ༔ རྗེ་སངས་རྒྱས་ཀུན་གྱི་ཡོན་ཏན། བྱང་སེམས་ཀུན་གྱི་ཐུགས་རྗེ། །ཁྲོ་རྒྱལ་ཀུན་གྱི་མཐུ་སྟོབས། །དཔའ་བོ་ཀུན་གྱི་གཟི་བརྗིད། །མཁའ་འགྲོ་ཀུན་གྱི་བྱིན་རླབས། །སྲུང་མ་ཀུན་གྱི་ནུས་མཐུ། །གཅིག་ཏུ་བསྡུས་པའི་ངོ་བོ། །ཀུན་འདུས་པདྨ་འབྱུང་གནས། །རྗེས་འཇུག་བུ་ལ་གཟིགས་དང་། །བྱིན་གྱིས་བརླབ་པར་ཞུ་དང་། །སྙིགས་མ་ལྔ་ཡི་དུས་ན། །བདེ་གཤེགས་བྱིན་རླབས་ཡལ་དུས། །ཆོས་ཀྱི་ངད་པ་ཡལ་དུས། །བསྒྲུབས་ཀྱང་འགྲུབ་རྟགས་མེད་དུས། །མཁའ་འགྲོ་ཆོས་སྐྱོང་གྱེས་དུས། །དཀར་ཕྱོགས་ཐབས་སུ་འབྲོས་དུས། །ནག་ཕྱོགས་བདུད་རིགས་འཚུབས་དུས། །ཁྱོད་ཉིད་ཐུགས་རྗེ་ཆེ་རྒྱུན། །ཆེ་བའི་དུས་ལ་བབ་ལགས། །ཕོ་གདོན་རྒྱལ་པོ་དར་དུས། །མི་ཕྱེད་སྨྱོན་པར་འགྲོ་དུས། །མོ་གདོན་མ་མོ་འཁྲུགས་ནས། །ནད་ཀྱིས་ན་བུན་འཐིབས་དུས། །སྟེང་གདོན་གཟའ་སྐར་འཁྲུགས་ནས། །ཐོག་སེར་གཟའ་ནད་མང་དུས། །འོག་གདོན་ཀླུ་གཉན་འཁྲུགས་ནས། །ཞ་གྲུམ་གཅོང་ནད་མང་དུས། །ཁྱོད་ཀྱི་འདུལ་སྐལ་ཡིན་ན། །


CMR042_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་དུས་ལ་བབ་ལགས། །ཧོར་སོགས་མཐའ་དམག་གཡོ་དུས། །གཙུག་ལག་ཆོས་འཁོར་འཇིགས་དུས། །འཁྲུག་རྩོད་དམག་ཇག་དར་དུས། །རི་ཀླུང་རྐུན་མས་གང་དུས། །བཙུན་པ་སྡོམ་ཁྲིམས་མེད་དུས། །སྐྱེ་བོའི་མནའ་ཆད་མེད་དུས། །ཁྱེད་ཀྱི་ཐུགས་རྗེས་སྐྱོབ་ན། །བསྐྱབ་པའི་དུས་ལ་བབ་ལགས། །གནམ་ལ་ཆར་ཆུ་མེད་དུས། །ས་ལ་འབྲས་དྲུག་མེད་དུས། །མུ་གེ་གོད་ཡམས་དར་དུས། །རང་ནོར་གཞན་གྱིས་སྤྱོད་དུས། །བློ་གཏད་གང་བྱས་བསླུ་དུས། །སུ་ལའང་བློ་གཏད་མེད་དུས། །ཁྱོད་ཉིད་ཐུགས་རྗེ་ཆེ་ན། །ཆེ་བའི་དུས་ལ་བབ་ལགས། །ཡར་དང་མར་གྱི་ཚེས་བཅུ། །རྒྱུན་པར་ནངས་རེ་དགོང་རེ།། །བོད་ཀྱི་དོན་ལ་འབྱོན་ན། །བདག་ཅག་འཁོར་དང་བཅས་པས། །བློ་གཏད་ཁྱེད་ལ་བྱས་ནས། །རྒྱུན་པར་གསོལ་བ་འདེབས་ན། །ཅི་མཛད་ཁྱེད་རང་ཤེས་ལ། །རིམས་ནད་གདོན་དང་ཆོམ་རྐུན། །དགྲ་དང་རྒྱལ་པོའི་འཇིགས་པ། །ཡིད་མི་བདེ་དང་དབུལ་ཕོངས། །འཁོར་བའི་འཇིགས་པ་ཆེན་པོ། །རྣམ་པ་དུ་མས་མནར་དུས། །ཡེ་ཤེས་སྤྱན་གྱིས་གཟིགས་དང་། །ཐུགས་རྗེའི་ལྕགས་ཀྱུས་ཟུང་


CMR042_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །འཇིགས་པ་མྱུར་དུ་སྐྱོབས་ཤིག །ཅེས་རང་ལོ་ཉེར་ལྔ་པ་ལ། ལོ་ཉེས་དང་དུས་ཀྱི་འཁྲུགས་པ་རིམས་དང་གོད་ཡམས་སོགས་མི་བདེ་སྣ་ཚོགས་བྱུང་བ་ལ། ཡར་གྱི་ཚེས་བཅུ་ལ། ཀརྨ་ཨ་རཱ་གས་གདུང་དབྱངས་ཀྱིས་ང་རོའི་འོ་དོད་ཆེན་པོ་བྱས་ནས་བྲིས་པའོ། །སརྦ་མངྒ་ལཾ། །།


previousགུ་རུ་རིན་པོ་ཆེ་ལ་གདུང་དབྱངས་ཀྱི་གསོལ་འདེབས།next