Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གྱོན་མའི་དབང་གྲངས་གསོག་ཐབས།
   
   
   
   
   
   
   
   
   


 
previousགྱོན་མའི་དབང་གྲངས་གསོག་ཐབས།next

གྱོན་མའི་དབང་གྲངས་གསོག་ཐབས།


CMR042_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ལོ་མ་གྱོན་མའི་དབང་གྲངས་སུ་གསོག་པའི་ཚེ་བདག་དབང་ལྟར་བསྐུར་ཏེ༔ མདུན་བསྐྱེད་དང་བླ་མ་དབྱེར་མེད་པའི་བསམ་པའི་དྲུང་དུ་མཎྜལ་ཕུལ༔ ས་གཞི་སྤོས་ཀྱིས་ད་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང་༔ སློབ་དཔོན་ལོ་མ་ཅན་མ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ཞེས་ལན་གསུམ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ སོགས༔ ཁྱེད་རང་རྣམས་ཀྱིས་མོས་པ་འདི་ལྟར་སྒོམས་ཤིག༔ སློབ་དཔོན་དང་གཏོར་མ་ལོ་མ་ཅན༔ སེར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་རྡོ་རྗེ་གཡོན་སྡིགས་མཛུབ༔ རྨ་བྱ་ལོ་མའི་ཤམ་ཐབས་ཅན༔ པདྨ་ཉི་མའི་གདན་ལ་བཞུགས༔ མདུན་བསྐྱེད་ཞབས་འོག་ཤིང་ལོ་མ༔ ལྗང་མོ་ཁྲོ་མོའི་ཆ་ལུགས་རྫོགས། ཟླ་བ་ཕྱེད་པའི་དབུ་རྒྱན་ཅན༔ ཕྱག་ན་ཆུ་ཤེལ་ཞགས་པ་འཛིན༔ རྟ་ལྗང་ཆིབས་ཤིང་ཝ་མོ་ཁྲིད་གཙོ་འཁོར་གནས་གསུམ་ཡིག་འབྲུ་གསུམ༔ ཐུགས་ཀའི་པོ་ལས་འོད་འཕྲོས་པས༔ སངས་རྒྱས་ཀུན་གྱི་བྱིན་རླབས་རྣམས༔ བདག་མདུན་ཐིམ་ཞིང་དབང་བསྐུར་གྱུར༔ ད་གཏོར་མ་ཁྱེད་རང་གི་སྤྱི་བོར་བཞག་པའི་ཚེ༔ གཏོར་མ་ལོ་མ་གྱོན་མ་


CMR042_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དང་སློབ་དཔོན་གཉིས་ཀའི་བྱིན་རླབས་ཐམས་ཅད་ཞུགས་པར་སྒོམས༔ ཞེས་གཏོར་མ་མགོར་བཞག་ལ༔ ཧཱུྃ༔ འོག་མིན་ཞིང་དང་མདངས་དགའ་བའི༔ རི་ཁྲོད་ལ་སོགས་བཞུགས་གནས་ནས༔ ལོ་མ་གྱོན་མ་གཤེགས་སུ་གསོལ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལོ་མའི་ཤམ་ཐབས་སྨད་དུ་གསོལ༔ མ་མོ་ཐམས་ཅད་དབང་དུ་བསྡུས་ཅེ་སྤྱང་གཟུགས་ཅན་ནད་བདག་མོ༔ ཁྱོད་ཀྱིས་དབང་དུ་བསྡུས་གྱིས་ལ༔ ནད་ཀུན་ཞི་བའི་ཕྲིན་ལས་མཛོད༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི་ནད་རིགས་བཞི་བརྒྱ་རྩ་་བཞི་སོལ༔ ཡམས་ནད་རིམས་ནད་ཞི་བར་མཛོད༔ སྙིགས་མའི་ནད་ཀྱི་བསྐལ་པ་ལ༔ ཁྱོད་ཀྱིས་སྲུང་ཞིང་སྐྱབས་མཛོད་ཅིག༔ ཨོཾ་པི་ཤ་ཙི་པརྞ་ཤ་ཝ་རི་སརྦ་ཛྭ་ར་པྲ་ཤ་མ་ནི་སྭཱ་ཧཱཿ ཨོཾ་པི་ཤ་ཙི་པརྞ་ཤ་ཝ་རི་སརྦ་རཾ་ཁཾ་པྲ་མ་ན་ཡེ་སྭཱ་ཧཱཿ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ལན་བདུན་བརྗོད༔ ནད་རྣམས་མ་ལུས་འཇོམས་བྱེད་ཅིང་༔ གདོན་ཀུན་ཙིཏྟ་སྲེག་བྱེད་མ༔ ནད་རིགས་ཀུན་འཇོམས་ལྷ་མོ་སྟེ༔ ལོ་མ་གྱོན་མའི་བཀྲ་ཤིས་ཤོག༔ མེ་ཏོག་འཐོར་རོ༔ དེ་ནས་ལོ་མ་ཅན་འདི་ཡི་དམ་དུ་བཟུང་སྙམ་པ་གྱིས་ལ་འདིའི་


CMR042_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཟློས་གྱིས་ཤིག༔ གཙོ་བོས་ཇི་ལྟར་བཀའ་སྩལ་སོགས། ས་གཞི་སྤོས་ཆུས་སོགས། མཎྜལ་འབུལ་ལོ༔ གཏོར་བསྒྲུབས་ནས་སོ༔ མངྒ་ལཾ༔


previousགྱོན་མའི་དབང་གྲངས་གསོག་ཐབས།next